《སྒེའུ་ཁུང་ཕྱི་རོལ་གྱི་ཆུང་མ།》 འབྲི་སྟངས་ཅུང་མི་འདྲ་བ་གཉིས་ལས་གང་ཉིད་དེ་བློ་ལ་འབབ།

 འབྲི་སྟངས་ཅུང་མི་འདྲ་བ་གཉིས་ལས་གང་ཉིད་དེ་བློ་ལ་འབབ།


《སྒེའུ་ཁུང་ཕྱི་རོལ་གྱི་ཆུང་མ།》

ཁ་བ་བབས་སོང་།
ད་དུང་འབབ་བཞིན་པའི་སྒང་།
ཞོགས་པ་ནས་དགོང་མོའི་བར།
མཚམས་ཆད་མེད།
རླུང་ཤུགས་ཆེན་པོ་རྒྱག
ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་འདུག
སྒེའུ་ཁུང་ནས་ཕྱི་རོལ་ལ་བལྟས་དུས།
ལྡིང་བཞིན་པའི་ཁ་བ་དེ་དག
དཀར་ཞིང་གཙང་བའི་མེ་ཏོག་གི་འདབ་མ་དང་འདྲ།
མཛེས་ཤིང་འཇམ་པོར་སྣང་།

ཆུང་མ་སྒེའུ་ཁུང་ཕྱི་རོལ་དུ་ཡོད།
ཁ་བའི་ནང་དུ་ཡོད།
དྲག་རླུང་གིས་ཁ་བའི་འདབ་མ་དེ་དག
རྣོ་ངར་ཅན་གྱི་གྲི་ཆུང་གྲང་མེད་པ་ཞིག་ཏུ་བསྒྱུར་ནས།
མོའི་གདོང་ལ། མོའི་མིག་ནང་་ལ། མོའི་སྐྲ་ཞགས་ལ།
སྙིང་རྗེ་མེད་པའི་ངང་། གདུག་རྩུབ་ངང་འཛུགས་ཀྱིན་འདུག

དེ་ལས་ཀྱང་སེམས་སྐྱོ་བ་དངཡིད་ཕམ་པ་ནི།
མོའི་ཕྱག་ཟུང་འཁྱག་རོམ་དུ་གྱུར།
མོའི་ཕྱག་གཡས་གཡོན་གཉིས་དེ།
ལོ་ཟླ་འདི་དག་གི་རིང་ལ།
ང་ཚོ་བཟའ་མི་དག་གི་ལྟོ་གོས་ཕྱིར།
འགུལ་སྤྱོད། དཀའ་ལས།
ཚ་བའི་ནང་། དྲག་རླུང་ཁྲོད།
མཚམས་འཇོག་མྱོང་མེད།
ངལ་གསོ་བྱེད་མྱོང་མེད།
ཉིན་ནས་མཚན། ཟླ་ནས་ལོ། ལོ་ནས་ལོ་ལ།

ཁ་བ་ནི་མཐར་གཏུགས་ན་ཁ་བ་རེད།
འོན་ཀྱང་མེ་ཏོག་ཀྱང་ཡིན།
ཡང་ན་གྲི་ཆུང་མང་པོ་ཡང་ཡིན།

ཁྱེད་ཀྱིས་དེ་ཁ་བ་ཙམ་དུ་འདོད་ན།
ང་ནི་མོའི་ཆར་གདུགས་ཡིན།
ཁྱེད་ཀྱིས་དེ་མེ་ཏོག་ཏུ་འདོད་ན།
ང་ནི་ཁོ་མོའི་རྒུན་ཆང་དཀར་དམར།
ཁྱེད་ཀྱིས་དེ་གྲི་ཆུང་གྲངས་མེད་དུ་འདོད་ན།
ང་ནི་ཁོ་མོའི་ཁྲབ་རྨོག་དང་ཕུབ་ཡིན།          

རྩོམ་པ་པོ། རྒྱལ་པོའམ་ཐོ་ཐོ།
༢༠༢༦ ཟླ་དང་པོའི་ཚེས་བཅུ་ཉིན།

༄༅།། སྒེའུ་ཁུང་ཕྱི་རོལ་གྱི་ཆུང་མ་ལགས།

ཁ་བ་ཆེན་པོ་བབས་འདུག
དྲག་རླུང་གིས་ཕྱགས་མ་རྒྱག

ཁ་བ་རྒྱུན་ཆད་མེད་པར་འབབ་བཞིན་ཡོད་ལ།
ཞོགས་པ་ནས་མཚན་མོར།
རླུང་ཤུགས་ཀྱང་ཧ་ཅང་ཆེ།

ཁ་བ་འཁྱིལ་བཞིན་འདུག
སྒེའུ་ཁུང་ནས་ཕྱི་ལ་ལྟ་དུས།
འཕྱོ་བཞིན་པའི་ཁ་བའི་འདབ་མ་དག
ཚོར་སྣང་དུ་མེ་ཏོག་དཀར་པོ་ཁྲི་ཁྲི་འབུམ་འབུམ།
དེ་དག་ནི་མཛེས་སྡུག་ལྡན་ཞིང་བལ་དཀར་ལྟར་འཇམ་པོར་སྣང་།

ཆུང་མ་ནི་སྒེའུ་ཁུང་ཕྱི་རོལ་ན།
སྒེའུ་ཁུང་ཕྱི་རོལ་གྱི་ཁ་བའི་ཚོགས།
དྲག་རླུང་གིས་རྣོ་ངར་ཅན་གྱི་རལ་གྲི་གྲངས་མེད་པར་བསྒྱུར།

ཆུང་མ་ནི་དྲག་རླུང་དང་ཁ་བའི་འཚུབ་མའི་ཁྲོད།
ཁོ་མོའི་གདོང་། མིག་ཟུང་དང་སྐྲ་ལོ།
དྲག་རླུང་ཞོན་པའི་ཁ་བའི་འདབ་མ་དེ་དག་གིས།
རལ་གྲིས་བཞིན་སྣུན་བཞིན། རྨས་བཞིན།
ངའི་སེམས་ལ་དེ་བས་ཀྱང་ན་ཟུག་ཆེ་བ་ནི།
ཁོ་མོའི་འཁྱག་ལོག་གེའི་ལག་པ་གཉིས།
ད་ལྟའི་བར་དུ།
ཁྱིམ་ཚང་ཡོངས་ཀྱི་ཁ་རྒྱབ་ལྟོ་གོས་ཆེད།
ཉིན་དང་མཚན། ལོ་ནས་ལོ་ལ།
འགུལ་སྤྱོད། དཀའ་ལས།
ཚ་བ་ཡོད་ཀྱང་། དྲག་རླུང་ཆེ་ཡང་།
མཚམས་ཆད་མྱོང་མེད།

ཁ་བ་ནི་ཁ་བ།
འགའ་རེར་ནི་མེ་ཏོག
འགའ་རེ་ལ་མདུང་དང་རལ་གྲི་ཡང་ཡིན་ནོ།

ཁ་བ་ཁ་བ་ཡིན་པའི་དུས།
ང་ཁོ་མོའི་ཆར་གདུགས།
ཁ་བ་མེ་ཏོག་ཏུ་འདོད་སྐབས།
ངས་ཁོ་མོར་རྒུན་ཆང་དམར་པོ།
ཁ་བ་རལ་གྲི་ལ་སྣང་སྐབས།
ང་ཁོ་མོའི་ཁྲབ་དང་རྨོག

རྩོམ་པ་པོ།: རྒྱལ་པོའམ་ཐོ་ཐོ།
༢༠༢༦ ཟླ་ ༡ ཚེས་ ༡༠ ཉིན།

评论

此博客中的热门博文

悲怆的史诗与永恒的守望——评《部落人的迁移探险避难》

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"