《ང་ཚོ་ནི་གོ་ལ་འདི་ཡི་མི་སེར།》

 《ང་ཚོ་ནི་གོ་ལ་འདི་ཡི་མི་སེར།》


ཁྱིམ། རང་ཁྱིམ། 
རང་སེམས་ལྷོད་པ་འབབ་སའི་གནས་མཆོག
བཟའ་མི་དག་འདུ་འཛོམས་བྱེད་སའི་ལྷ་ཡུལ་ཁམས།
དུས་ནམ་ཡང་འབྲལ་འདོད་མེད་སའི་སྡོད་གནས།
ཆུང་མ་དང་ཁ་རྩོད་ཤོར་སའི་འཐབ་ར།
བུ་ཕྲུག་དང་རྩོད་གླེང་འབྱུང་སའི་ཆོས་ར།

སྐྱིད་ས་དང་བདེ་ས་འདི་ཡིན།
སྡུག་ས་དང་ངུ་ས་ཡང་འདི་ཡིན།
ཆུང་མ་དང་འཁྱུད་འཐམ་བྱེད་སའི་གསང་གནས།
བུ་ཕྲུག་དང་གྲོས་གཞི་འདོན་སའི་གྲོས་ཁང་།

ཉིན་རེའི་ཞོགས་པར་བསླེབས་ཐེངས་རེ་ལ།
ཆུང་མས་འཛུམ་ཆུང་སྟོན་ཞོར།
ཁྱེར་ཡོང་བའི་སྒོ་ང་བཙོས་མ་གཉིས་རེ་ཟ་ས།
འཚིག་ཇ་ཕོར་བ་གང་རེ་འཐུང་ས།
དགུང་མོར་ཆུང་མ་ཁོ་མོ་ཉིད་ཟས་བཞིན་ཟ་ས།

དེ་ནི་ངའི་ཁྱིམ་འདི། ངའི་གནས་སྟངས།
ང་དང་ཁྱིམ་འདིའི་བར་གྱི་འབྲེལ་བ།

དགུན་དུས་བསླེབས་ཐེངས་རེ་ལ།
ཁྱིམ་འདིའི་སྒེའུ་ཁུང་ནས་མཐོང་བ་ནི།
ཁ་བས་བཀབ་པའི་ཕྱི་རོལ་གྱི་ཡུལ་ལྗོངས།

ཐེངས་རེར་སྒེའུ་ཁུང་འདི་ཕྱེ་མ་ཐག
ངའི་ངོ་གདོང་འདིས།
ཁ་དབུགས་གསར་པར་བསུ་མ། 

སྐབས་རེར་ཕྱེ་པའི་སྒེའུ་ཁུང་འདི་ནས།
ངས་ཁ་དབུགས་གསར་པ་དེ་བརྔུབ་ཅི་ཐུབ་བརྔུབས།

སྒེའུ་ཁུང་འདི་ནས་ཕྱིའི་འཇིག་རྟེན་དེ་མཐོང་སྐབས།
ངའི་བསམ་པར།
སེམས་ན་འཛམ་གླིང་འདི་ཡོད་ན།
ཡུལ་གང་ཞིག་ཡིན་ཡང་དང་།
རང་ཉིད་གང་ཞིག་ན་གནས་ཀྱང་རུང་།
ཡོད་ཚད་མཛེས་ལྗོངས་ཡིན་པར་ཐེ་ཚོམ་བྱ་དགོས་མེད།
རི་དང་རྒྱ་མཚོར་བརྒལ་ནས་ཐག་རིང་ཐག་རིང་དུ་འགྲོ་དགོས་མེད།

དེ་བཞིན། 
སེམས་ན་བྱམས་སྙིང་རྗེ་ཡོད་ཚེ།
འཛམ་གླིང་ཧྲིལ་པོ་རང་ཁྱིམ་ལ་བསམ་ཆོག
རང་གི་རྒྱལ་ཁབ་ཁོ་ནར་འདོད་ཆོག
ཁྱོད་དང་ང་ནི་གོ་ལ་འདི་ཡི་མི་སེར་ལགས།
ང་ཚོ་མི་རེ་རེས་ནང་གོས་གཅིག་འདྲ་གྱོན་ཡོད།
 དེ་ནི་ང་ཚོའི་ལུས་སྟེང་གི་སྐྱི་ལྤགས་རེད།

སྐྱི་ལྤགས་དེ་དག་གི་ཁ་དོག་མི་འདྲའང་།
སྐྱི་ལྤགས་འོག་གི་སེམས་ཡོད་ཚད་དམར་པོ།

ང་ཚོ་ནི་གོ་ལ་འདི་ཡི་མི་སེར།
ང་ཚོ་ཡོང་དུས་གཅེར་བུ།
འགྲོ་དུས་ཀྱང་གཅེར་བུ།

རྩོམ་པ་པོ། རྒྱལ་པོ།
11.01.2026

 

评论

此博客中的热门博文

悲怆的史诗与永恒的守望——评《部落人的迁移探险避难》

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

《སྒེའུ་ཁུང་ཕྱི་རོལ་གྱི་ཆུང་མ།》 འབྲི་སྟངས་ཅུང་མི་འདྲ་བ་གཉིས་ལས་གང་ཉིད་དེ་བློ་ལ་འབབ།