༄༅།། འཆམ་མཐུན་བསྲུང་བ།
༄༅།། འཆམ་མཐུན་བསྲུང་བ།
བསྲུང་བྱ་སྡོམ་པ་དེ་སྲུང་བའམ་དེ་ཉིད་བསྲུང་ཕྱིར་དེ་ཇི་ལྟར་བསྲུང་བར་གཉེར་བའི་བྱ་སྤྱོད་རིགས་མི་འདྲ་བ་སྟེ། ཚོམས་འདིར་ང་ཚོས་བསྲུང་བྱ་གཙོ་བོ་ཞིག་ནི་འཆམ་མཐུན་ཏེ། བོད་སྤྱི་ལ་་དང་བོད་ཕྱི་ནང་གཉིས་ཀྱི་བར་ལ་ཏེ། དེ་དག་ལ་འཆམ་མཐུན་ཡོང་བར་ངག་ཐོག་དང་བྱ་ལས་སམ་བྱ་བ་བྱེད་སྟངས་བཅས། མདོར་ན་བསམ་བློའི་གདིང་ནས་ཡིད་སེམས་བརྟན་པོའི་ངང་བོད་མི་སྤྱི་ལ་འཆམ་མཐུན་ཡོང་ཕྱིར། ཆོལ་ཁའི་ཕྱོགས་ཞེན་མི་འཛིན་པ། བོད་ཕྱི་ནང་གི་བཟང་དང་ངན་ཞེས་དོན་མེད་དང་ཁུངས་མེད་པའི་ངང་ཡག་བཙོག་གི་དབྱེ་བ་མི་བརྗེད་པ་བཅས་སོ། དེ་ནི་ཐོ་ཐོ་ང་རང་ལ་སྔ་མོ་ཞིག་ནས་ཡོད་བསྡད་པའི་བསམ་ཚུལ་ལགས་ཏེ། འདིར་བཞུགས་ཚོགས་མི་དག་མདོ་སྨད་པ་རྐྱང་རྐྱང་ཡིན་པས་ན། ཆོལ་ཁའི་ཕྱོགས་ནས་མི་ལེགས་པའི་གཏམ་གང་ཡང་སྨྲས་པར་མ་ཐོས་ཀྱང་། བོད་ཕྱི་དང་ནང་ཞེས་ཉན་མི་སྤྲོ་བའམ། ལྟ་བ་ཕྱིན་ཅི་ལོག་པ་རེད་འདོད་པའི་ཚིག་ངན་པ། ཚིག་རྩུབ་པོ། ཚིག་གྱོང་བོ། ཚིག་མི་རིགས་གཞན་གྱིས་ང་ཚོར་ངན་སྨྲས་བྱེད་སྟངས་བཅས་བེད་སྤྱོད་བཏང་སྟེ་གང་འདོད་ཅིག་སྨྲས་འདུག་པ། དེ་མིན་སྐད་ཆ་དེའི་རིགས་འཆད་མཁན་ལའང་རྒྱབ་སྐྱོར་བྱེད་ཀིན་ཡོད་མདོག་གིས་བོད་ཕྱི་ནང་གཉིས་ཀྱི་བར་ལ་རྙོག་འཛིང་འབྱུང་བྱེད་ཀྱི་སྐད་ཆ་འདྲ་མིན་སྨྲས་པ་བཅས་་ཐོས་པས་ན། མ་ཐོས་མདོག་མདོག་ཏུ་བསྡན་ན། རད་ཉིད་འོན་པ་ལྟ་བུར་ཆགས་པས། ང་འོན་པ་ཞིག་མིན་ཞེས་མཚོན་ཕྱིར་དང་འཆམ་མཐུན་ལ་བསམས་ཏེ་་གོང་གི་ཡི་གེ་དེ་དག་བྲིས་ཡིན་ནོ། དཔེར་ན། བོད་ཕྱི་ནང་གཉིས་ཀྱི་བར་དུ་གསེར་གྱི་ཟམ་པ་ཞིག་བཙུགས་ཡོད་ན། དེ་ཉིད་གསེར་ཟམ་ནས་ཤིང་ཟམ་ཏུ་བསྒྱུར་འདོད་མཁན་རིགས་དང་། མཐའ་མར་ཤིང་ཟམ་དེའང་གཏོར་འདོད་མཁན་གྱི་མི་དེའི་རིགས་ནི་བོད་མི་རིགས་ཀྱི་འཆམ་མཐུན་དེ་སྔར་ལས་ཉམས་རྒུད་དང་ཕུང་བའི་རྒྱུའམ་རྐྱེན་སྐྲུན་མཁན་གྱི་འཕུང་འདྲེ་ལྟ་བུའི་མི་སྣ་ལ་ཆགས་པ་ཞིག་མ་རེད་དམ། དེས་ན་མི་དེའི་རིགས་ལ་ང་ཚོས་ཡང་དང་བསྐྱར་དུ་བཟོད་སྲན་བྱེད་དགོས་པ་ཞིག་རེད་དམ།
སྤྱིར་ཕན་ཚུན་བར་དུ་དགོངས་སེལ་ཞུ་རྒྱུ་ནི་རང་གཞན་གཉིས་ལ་མཚོན་ན། གལ་ཆེན་གྱི་བྱ་ལས་ཤིག་ཡིན་པར་མ་ཟད། ལྷག་པར་དུ་ཕ་རོལ་བ་དེའམ་ནོར་འཁྲུལ་བཟོ་མཁན་དེ་ཉིད་་ལ་མི་གསར་པའམ་མི་ཡག་པོ་ཞིག་བྱེད་རྒྱུའི་གོ་སྐབས་དེ་གནང་བ་ཞིག་རེད་འདོད། ཡིན་ནའང་དེས་ཀྱང་མུ་མཐུད་དུ་གནོད་སྐྱོན་ཆེ་རུ་གཏོང་བའམ་བསྐྱལ་རྒྱུའི་ཉེན་ཁ་ཞིག་གི་འགོའང་བརྩམས་པ་རེད་འདོད། རྒྱུ་མཚན་ནི་དགོངས་ཡང་མ་ཐོབ་གོང་དུ། མི་དེའི་རིགས་ཀྱིས་གཞན་ལའམ་མི་རིགས་རང་གི་ནང་ལ་གནོད་པ་བྱས་པའི་ཚད་གཞི་དེ་ཚད་གཞི་འཇིགས་པོ་ཞིག་ལ་བསླེབས་ཚར་པས་ན། ད་གཟོད་མི་དེའི་རིགས་ལ་ཚོགས་པ་གང་རུང་ནང་ནས་སམ། ཡང་ན་གཞུང་གང་རུང་ཞིག་ནས། ཡང་ན་རང་གི་སྡེ་བའི་ནང་ནས། ཡང་ན་ལས་ཁུངས་གང་རུང་ཞིག་ནས་ཉེན་བརྡ་དང་རྒྱང་ཕུད་སོགས་བཏང་བའི་ཉེས་ཆད་ཆེ་འབྲིང་ཆུང་གསུམ་ཞིག་རེག་ཚར་ཡོད་པའི་ཁུངས་གཏོགས་སུ་ཚུད་བསྡད་ཡོད་པ་ཞིག་ཡིན་འདུག་སྙམ་མོ། ཐོ་ཐོ་ནས། 18.11.2024
评论
发表评论