༄༅།། མཚཽ་འགྲམ་གྱི་སྐྱོ་གླུ།

 ༄༅།། མཚཽ་འགྲམ་གྱི་སྐྱོ་གླུ།


མཚོ་རླབས་སྟེང་གི་བྱ་རིགས།།

ཆགས་ས་མཚོ་ནང་ཉ་མོ།།

མཚོ་ཡི་འགྲམ་གྱི་མི་ཚོ།།

ཆགས་ས་བྱ་དང་ཉ་རིགས།།


སྐྱེ་བར་སྔ་ཕྱི་ཡོད་ཚེ།།

ཚེ་འདིར་མི་ལ་སྐྱེས་དག།

ཉ་གསོད་བྱ་གསོད་རིགས་རྣམས།།

ཉ་དང་བྱ་ལ་སྐྱེ་རོགས།།


མི་ལ་འདོད་རྔམས་ཆེ་བས།།

ཟོག་ཤ་ཟོས་ནས་མི་ཆོག།

ཞིན་ལུག་ཟོས་ནས་རྫོགས་ལ།།

གཡག་ཤ་ཟོས་ནས་ཚར་ལ།།

དུད་འགྲོ་ལྟ་བུའི་གནས་སྟངས།།

ར་བ་ལྟ་བུའི་དམ་དྲག།

བཙོན་ར་ལྟ་བུའི་གྲོང་སྡེ།།

མཚོ་མོའི་མཆི་མར་ཤར་འདུག།


ཐོ་ཐོས། 29.02.2024


མཚོ་ནང་དུ་ཉ་དང་། མཚོ་སྟེང་དུ་ཆུ་བྱ་གནས་པ། མཚོ་རླབས་འཕྱོ་བ། ཆུ་བྱ་དག་གིས་རླབས་ཕྲེང་སྟེང་དུ་ཟས་སུ་མཚོ་ནང་གི་ཉ་ལ་དམིགས་པ་ནི་སྐྱེ་འགྲོའི་འཕེལ་འགྱུར་ལྟར་ན། དེ་དག་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་ཆགས་ཤིང་འགྲོ་བ་མིའི་མིག་དང་སེམས་གཉིས་ལའང་གོམས་ཚར་པས་ན། ཆུ་བྱ་དག་གིས་ཉ་འཛིན་པའམ་གསོད་པ། ཟ་བ་བཅས་དེ་འདྲའི་འཇིགས་སྣང་ཅན་ཞིག་མཐོང་གི་མེད་ཅིང་། ཆུ་བྱས་ཉ་བཟུང་བར་སྙིང་རྗེའི་མིག་ཆུ་འདོར་མཁན་ཡང་འགྲོ་བ་མིའི་ཁྲོད་དུ་ཤིན་ཏུ་ནས་ཤིན་ཏུ་ཉུང་ཉུང་རིགས་ཡིན་ལ། དེ་བཞིན་མཚོ་འགྲམ་དུ་གནས་པའི་མིའི་རིགས་ཀྱིས་ཀྱང་མཚོ་ནང་གི་ཉའི་རིགས་སྣ་ཚོགས་བཟུང་སྟེ་ཆུ་བྱའི་ཟས་སྐལ་འཕྲོགས་པ། མཚོ་སྟེང་གི་བྱ་རྣམས་བསད་དེ་ཟས་སུ་སྤྱོད་པའང་མིའི་རིགས་ལ་མཚོན་ནའང་ཆུ་བྱ་དག་གིས་ཉའི་རིགས་ཟས་སུ་བརྟེན་པ་ཇི་བཞིན་རྒྱུན་ལྡན་དང་ཆེས་འོས་ཤིང་འཚམས་པའི་འཚོ་སྟངས་ཤིག་ཏུ་ཆགས་འདུག་པར་མ་ཟད་དེ་དག་གསོན་གསོན་དྲོན་དྲོན་ལ་མེར་བསྲེགས་ནས་ཟ་བ་དང་། གསོན་གསོན་དྲོན་དྲོན་ལ་ཆུ་ལ་བསྐོལ་ནས་ཟ་སྟངས་བཅས་དར་དུ་བཅུག


སྤྱོད་ངན་དེའི་རིགས་ལ་མ་བཟོད་པས་ན། ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་ཚེ་དང་། སྐྱེ་བར་སྔ་ཕྱི་ཟེར་བ་ཞིག་ཡོད་ཚེ། ཆོས་ཕྱོགས་དང་ཁྲིམས་ཕྱོགས་གཉིས་ནས་བཀག་འགོག་བྱེད་ཐབས་བྲལ་བའི་ཁྲིམས་མེད་ལུགས་མེད་ངང་འཇིག་རྟེན་ས་སྒང་འདི་ལ་གཏོར་བཤིག་དང་ས་སྒང་འདིའི་སྟེང་གི་ཚེ་སྲོག་ཡོད་དོ་ཅོག་ལ་གནོད་འཚེ་གཏོང་མཁན་གྱི་མི་རིགས་དེ་གང་ཡིན་པ། དེའི་རིགས་ཚེ་གཞུག་མར་ཁོང་ཚོས་གསོན་བསྲེག་བྱས་པའི་ཉ་རིགས་དང་བྱ་རིགས་ལ་སྐྱེ་རོགས་ཞེས་སེམས་ཀྱི་སྟོབས་ཤུགས་སམ་རང་གི་སེམས་དེ་ལ་སྐྱབས་བཅོལ་བའོ།


གང་ལྟར་ཁོང་ཚོས་བྱ་དང་ཉ་སོགས་གསོད་འགོ་བརྩམས་པ་ནས་རྒྱུན་ལྡན་དུ་མ་ཆགས་པར། མིའི་རིགས་ཀྱི་གཏུམ་སྤྱོད་དང་འདོད་རྔམས་བཅས་ཕྱི་ལ་མངོན་ཡོངས་པ་དང་ཆབ་གཅིག དེ་ལས་ལྷག་པའི་མིས་མི་གསོད་འགོ་བརྩམས་པ་དང་། མིས་མི་ཤ་སྟེ་བྱིས་པ་ཆུང་ཆུང་གི་ཤ་སོགས་ཟ་འགོ་བརྩམས། སྟོབས་ལྡན་མི་རིགས་དེ་ཚོས་མི་རིགས་གཞན་པ་དག་མེད་པར་གཏོང་འགོ་བརྩམས། མི་རིགས་དེ་དག་གནས་སའི་རྒྱལ་ཁམས་འཕྲོགས་ཏེ། ཡོད་ཚད་ནས་ཡོད་ཚད་བཙན་གནོད་གཏུམ་དྲག་འོག་ཏུ་བཅུག་སྟེ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཟེར་བ་བཅས་རྡོག་རོལ་དུ་གཏོང་བའི་གཤིས་ངན་སྤྱོད་ངན་ཅན་དུ་གྱུར།


མཚོ་མོའི་མཆི་མ་ཞེས་མཚོ་ཆུ་ཡོངས་སུ་རྫོགས་པ་སྡུག་བསྔལ་བ་དག་གི་མཆི་མ་སྤུངས་པ་ལྟ་བུར་སྙམ་པའམ། ཡང་ན་མཚོ་ནང་ལྷུང་བའི་མིག་ཆུ་དག་མཚོ་ཆུ་དང་བསྲེས་པའི་ཤེལ་ཕུང་ལྟ་བུའི་གཤེར་གཟུགས་ལ་ཤར་པ་ནི། མི་རྣམས་དུད་འགྲོ་བཞིན་དང་། གྲོང་སྡེ་ཡོངས་བཙོན་ར་ལྟ་བུའི་གནས་སྟངས་དེ་དག་དང་། དེ་དག་ཀྱང་དོན་གྱིས་སེམས་ཀྱིས་ཚོར་པའི་ཡིད་སྐྱོ་བ་དང་འཇིགས་སུ་རུང་བའི་གནས་སྟངས་དག་སེམས་ནས་མ་བཟོད་པར་མིག་ཆུའི་རྒྱུན་དོར་བ་མཚོན་པ་ལྟ་བུ་ཞིག


མདོར་ན། འདི་ནས་ཟོག་ནི་སོག་པོ་སྟེ། སྒྲ་མཚུངས་ཀྱི་ཆ་ནས་ཟོག་ཅེས་བྲིས་ཏེ། དེ་ལ་ཤ་སྦྱར་ནས་ཟོག་ཤའམ་མི་རིགས་དེའི་དངོས་ཟོག་གམ། སྣོད་བཅུད་བཅས་དབང་སྒྱུར་པས་བདག་དབང་དུ་བཟུང་བ་དང་། དེ་བཞིན་ཞིན་ལུག་ནི་ཡུ་གུར། གཡག་ནི་བོད་དེ། མི་རིགས་འདི་གསུམ་གྱི་གནས་སྟངས་དང་ཡུལ་ཁམས་བཅས་དབང་སྒྱུར་པས་དྲག་གནོན་འོག་ཕྱོགས་ཡོངས་ནས་ཉམས་རྒུད་དུ་སོང་བ་དང་གཏོར་བརླག་ཏུ་གཏོང་བཞིན་པ་བཅས་བསྟན་ཡོད། དེ་དག་རྒུད་དུ་འཇུག་མཁན་ནམ་གཏོར་མཁན། འཇོམས་མཁན་བཅས་ནི་གོང་གི་འདོད་རྔམས་ཆེ་བའི་མི་དེའི་རིགས་སུ་གྱུར་པའམ་བྱ་གསོད་ཉ་གསོད་ཀྱི་རིགས་དེ་ཡིན་པའང་བསྟན་ཡོད། ཅེས་རྩོམ་མཁན་ཐོ་ཐོ་ནས་རང་གིས་བྲིས་པའི་ཁ་སྐད་སྙན་ངག་ལ་རང་གིས་དཔྱད་རྩོམ་ཐུང་ཐུང་འདི་སྤེལ་བ་ནི་གོ་མི་བཟློགས་པའི་ཕྱིར་རོ།

评论

此博客中的热门博文

悲怆的史诗与永恒的守望——评《部落人的迁移探险避难》

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

《སྒེའུ་ཁུང་ཕྱི་རོལ་གྱི་ཆུང་མ།》 འབྲི་སྟངས་ཅུང་མི་འདྲ་བ་གཉིས་ལས་གང་ཉིད་དེ་བློ་ལ་འབབ།