Gyalpo Tamding A collection of poems སྙན་ངག་ཕྱོགས་བསྒྲིགས། 诗歌集 page 06

 ཁངས་ཆག་དང་བྱ་བྱེའུ།

 

གནམ་ནས་ཁངས་ཆག་ལྷུང་བས་ས་སྟེང་བཀབ།།

བྱ་དང་བྱེའུའི་ཚོགས་རྣམས་མུ་གེས་མནར།།

སེམས་ན་སྙིང་རྗེ་ཅན་མའི་སོར་རྩེ་ན།།

ཉམ་ཐག་བྱ་བྱེའུ་ཚོགས་ལ་ཟས་རིགས་འབབ།

ཐོ་ཐོས།

 

མདང་དགོང་གི་རྨི་ལམ་ཞིག

 

སྤྱི་སྤྱོད་རླངས་འཁོར་ནང་དུ་བསྡད་བྱས་ནས།

དེང་གི་སྡོད་གནས་ཕྱོགས་སུ་འགྲོ་བཞིན་རྨིས།།

ཞོར་དུ་ཀུ་ཤུ་གཅིག་ནི་ཟ་བཞིན་ཡོད།

རླངས་འཁོར་ཕྱོགས་ཡོངས་ཀུ་ཤུ་བཞག་པ་རྨིས།

 

དེ་ལྟར་ལམ་དུ་འགྲོ་བཞིན་ཡོད་པའི་སྒང་།།

མདུན་གྱི་རྐུབ་ཀྱག་ཅིག་གི་སྟེང་དེ་ན།།

ན་ཆུང་ཞི་མོ་གཉིས་ནི་བསྡད་འདུག་རྨིས།།

ཆེ་ཤོས་ཞི་མོར་ཁ་བརྡ་བྱས་པ་རྨིས།།

 

ཁ་བརྡ་ཅི་ཞིག་བྱས་དང་སྐད་ཆ་གང་།།

སྨྲས་པ་རྨི་ལམ་སད་རྗེས་ཡོད་ཚད་བརྗེད།།

རྨི་ལམ་ནང་ན་ཚོར་བ་ཇེ་ཆེ་དང་།།

ཇེ་རྣོར་འགྲོ་བ་རྨི་ལམ་ནང་ནས་ཚོར།།

ཁ་བརྡ་བྱེད་ཞོར་གདོང་གཉིས་ཐུག་ལ་ཁད།།

འོ་ཞིག་བྱེད་རྒྱུ་བྱས་ཚེ་བྱེད་མ་བཅུག།

རླངས་འཁོར་འབབ་སའི་ས་ཚུགས་བཟུར་ནས་སོང་།

སེམས་ལ་ས་ཚུགས་གཉིས་པའི་འབབ་ཆོག་འདོད།

 

འོ་གཅིག་བྱེད་འདོད་བསམས་ཀྱང་མ་འགྲུབ་རྐྱེན།

ས་ཚུགས་གཉིས་པར་བསླེབས་ཚེ་སྒོ་ལ་ཐོན།

ཅ་ལག་ཁུག་མ་ལ་སོགས་ཁྱེར་ནས་ཡོང་།

དེ་ནས་ཇ་ཁང་ཆུང་ཆུང་ཞིག་ཏུ་བསླེབས།

 

དེ་ལ་ཐོན་ནས་ཅུང་ཙམ་བསྡད་པའི་རྗེས།

སྔར་གྱི་ཞི་མོ་དེའང་དེར་བསླེབས་བྱུང་།

དེ་དང་མཉམ་དུ་དེ་ཡི་ཨ་མ་ཡོད།

ཁོང་ཚོས་ཁ་བརྡ་འདི་འདྲ་བྱེད་པ་གོ།

 

ངེད་གི་ཞི་མོ་རྒོད་པོ་ཡིན་རབས་གླེང་།

ཡར་རྒྱུག་མར་རྒྱུག་བྱེད་རྒྱུར་དགའ་ཞེས་སྨྲས།

ཕོ་གསར་དེ་ཚོའི་སེམས་ཁམས་དཀྲུགས་ཞེས་བཤད།།

སྐབས་དེར་ང་ཡི་མ་ཡང་དེ་ལ་བསླེབས།

 

ང་ནི་གློ་བུར་སེམས་ཁྲལ་ནང་དུ་ལྷུང་།

དེ་ཚོས་ཤེས་འགྲོ་འདོད་ནས་སྨྱོ་ལ་ཁད།

དེ་ནས་ཕྱི་ལ་འགྲོ་རྒྱུར་ཐབས་ལམ་འཚོལ།།

མཚམས་ཤིག་ཡར་ལ་ལངས་ནས་འགྲོ་རྩིས་བྱས།

 

ང་ཡི་ཨ་མས་ང་ནི་མཐོང་བ་འདྲ།

དེ་དང་ཆབ་གཅིག་མིང་གིས་བོས་ནས་ཡོང་།

ངས་ནི་མི་གོ་མདོག་ཏུ་མྱུར་མོའི་ངང་།

ཇ་ཁང་དེ་ནས་ཕྱི་ལ་ཨེ་ཐོན་བལྟས།

 

ཤིན་ཏུ་མགྱོགས་པའི་ངང་ནས་སྒོར་ཐོན་རྗེས།

ཇ་ཁང་ཡང་ན་ཟ་ཁང་གཞན་ཞིག་གི།

ནང་དུ་ཐོན་པ་རྨི་ལམ་ནང་ནས་རྨིས།

དེ་ན་ངོ་ཤེས་ཡིན་པའི་ཕོ་གསར་གཅིག

 

སུ་ཡིན་བཤད་རྒྱུ་ཁག་མོད་རྨི་ལམ་ནང་།

ངོ་ཤེས་ཡིན་པའི་ཚོར་བ་གསལ་བོ་རེད།

ཁྱིམ་དེའི་ཟུར་སྣེ་ཞིག་ན་བཞུགས་པ་རྨིས།

ཧ་ལམ་སྐྱིལ་ཀྲུང་བྱས་ནས་བསྡད་ཡོད་འདྲ།

 

མི་དེས་ང་ལ་བཤད་རྒྱུར་ཉིན་འགའི་སྔོན།

ཁྱེད་ནི་ངའི་ཁྱིམ་ཡོང་སྐབས་ཁྱེད་ཉིད་ཀྱི།

བྱུ་རུའི་སྐེ་རྒྱན་དེ་དང་གྱོན་གོས་གཉིས།

ཁྱིམ་དུ་བརྗེད་འདུག་ཅེས་ནས་སྐད་ཆ་བཤད།

 

སྐབས་དེར་ངས་ཀྱང་རྨི་ལམ་དེ་ཡི་ནང་།

བྱུ་རུའི་སྐེ་རྒྱན་བརྗེད་པའི་དྲན་པ་བརྙེད།

དེ་ནས་གློ་བུར་གཉིད་ལས་སད་དུ་བཅུག

སྐེ་རྒྱན་ཕྱོགས་ལ་བསམ་བློ་འཁོར་ནས་སོང་།

 

གློ་བུར་གང་ན་ཡོད་པ་ཐག་མ་ཆོད།

ཁྱིམ་གྱི་སྐུ་འདྲ་ཞིག་གི་སྐེ་ལ་ནི།

གོན་ནས་ཡོད་པའི་དྲན་པ་རིམ་གྱིས་བརྙེད།

ཞིབ་ཏུ་བསམ་ན་དེ་འདྲ་ཡིན་པ་འདྲ།

 

ལངས་ནས་ཁང་མིག་དེ་ལ་ཡོང་ཡིན་ཏེ།

བལྟས་ཚེ་བྱུ་རུའི་སྐེ་རྒྱན་ཡོད་པ་མཐོང་།

འོན་ཀྱང་རྨི་ལམ་ནང་དུ་དྲན་པ་ལྟར།

མིན་ནོ་བྱུ་རུའི་སྐེ་རྒྱན་སྒྲིག་སྟངས་གཞན།

 

རྨི་ལམ་ནང་དུ་བསམས་པའི་སྐེ་རྒྱན་དེ།།

ལོ་འགའི་སྔོན་གྱི་བྱུ་རུའི་སྐེ་རྒྱན་ཡིན།།

དེ་ཡི་སྒྲིག་སྟངས་དེ་ནི་ཡིད་ལ་ཡོད།།

ཡིན་ཡང་དེང་གི་སྐེ་རྒྱན་དེ་འདྲ་མིན།

 

སྔར་གྱི་སྐེ་རྒྱན་དེ་ནི་གཏོར་བྱས་ནས།

བྱུ་རུའི་ཆེ་ཆུང་ཕྱེ་ནས་བསྒྲིགས་ཡོད་ལ།

ཆེན་པོ་དག་ནི་ཕྲེང་བའི་ནང་དུ་བརྒྱུས།

ཆུང་ཆུང་དག་གིས་ལོགས་སུ་སྐེ་རྒྱན་བརྒྱུས།

 

མཚམས་རེ་སྐེ་རྒྱན་བཏགས་ནས་འགྲོ་རྒྱུར་དགའ།།

དགོང་ཚོགས་དེ་འདྲར་འགྲོ་རྒྱུའི་གཤིས་ཀ་ཡོད།།

གློག་འོད་དཀར་དམར་སེར་གསུམ་འཁྱུགས་ས་ན།།

ང་ཡི་གཡུ་བྱུར་སྐེ་རྒྱན་འཇའ་ཚོན་བཞིན།།

རྨི་ལམ་དེ་ནི་དཔྱད་པའི་གཞིར་བྱས་ཚེ།།

མི་ཚེ་སྔོན་མ་རྨིས་པ་མིན་པ་འདྲ།།

རྨི་ལམ་ནང་གི་ཨ་མའི་གདོང་དང་གཟུགས།།

ད་ལྟའི་ཨ་མ་དང་ནི་གཅིག་མཚུངས་ཡིན།།

 

མི་ཚེ་གཞུག་མ་རྨིས་པའང་མིན་པ་འདྲ།།

ཨ་མའི་ངོ་གདོང་དང་ནི་སྐྱེ་གཟུགས་ལས།།

དཔྱད་ན་ཚེ་འདིའི་ཨ་མ་ཡིན་ཐག་ཆོག།

དེའི་ཕྱིར་རྨི་ལམ་རིགས་འགའ་རྨི་ལམ་ཙམ།།

 

མ་འོངས་འབྱུང་རྒྱུ་ཡིན་པ་རྨིས་ཡིན་ནམ།

རང་ལ་དྲི་བ་ཐེངས་མང་བཀོད་ཀྱང་རུང་།།

སྐེ་རྒྱན་བསྐྱར་སྒྲིག་བྱེད་རྒྱུའི་འདུན་པ་མེད།།

དེ་ལ་དཔག་ན་མ་འོངས་རྨིས་པ་མིན།

 

འདས་པའི་ལོ་རྒྱུས་རྨིས་པ་མ་ཡིན་ཏེ།།

སྐྱེས་ནས་ད་ལྟའི་བར་གྱི་མི་ཚེའི་ཁྲོད།།

མདང་དགོང་རྨི་ལམ་ནང་དུ་བྱུང་བ་ཡི།།

གནས་ཚུལ་དེ་འདྲ་འབྱུང་མེད་ཐག་གིས་ཆོད།།

 

ཚེ་འདིར་ངེད་གཉིས་མ་བུའི་གྱུར་བ་བཞིན།།

མི་ཚེ་སྔོན་དང་ཡང་ན་རྗེས་མ་ལ།།

ངེད་གཉིས་བསྐྱར་དུ་མ་བུའི་འགྱུར་སྲིད་དམ།།

གྱུར་ཚེ་སྐྱེ་གཟུགས་ཚེ་འདིར་འདྲའམ་ཀྱེ།།

 

ཐོ་ཐོས། ༢༠༢༡-༠༤-༡༨ ལ།

ཐོ་བ་དང་མཚོན་སྟེའུ། ༼ཚོགས་ཁྲིམས།༽

 

དགའ་སའི་མཛེས་མ་འཕྲོག་རྩོད་བྱེད་པའི་སྐབས།།

ཁ་རྒྱ་ལ་རྒྱ་བརྩད་ནས་ཕམ་པའི་སྐབས།།

ཡང་ན་ཀུ་རེ་དགོད་གཏམ་སྨྲ་ཞོར་དུ།།

མཚོན་དོན་མང་བའི་ཐོ་བ་བསྒྲེང་ན་ཆོག།

 

དྲག་པོའི་ལས་སྤྱོད་མཚོན་གྱི་འཇིགས་པ་ཅན།།

མཚོན་སྟེའུ་སྒྲེང་མཁན་ཚོམས་ནས་མངོན་པ་གང་།།

ཐ་ཤལ་མི་ལ་བསམས་ཤིང་རྒྱང་ཕུད་ཐོངས།།

དེ་དང་དེ་འདྲ་ཚོགས་པ་དཀྲུག་པའི་གདོན།།

 

མེ་མདས་རྒྱག་པའི་བརྙན་རིས་བསྐུར་འདོད་ན།།

ཕ་མས་ཡང་མས་གསོན་མཁན་ལག་དམར་གང་།།

དེ་ཡི་ཕྱོགས་སུ་གཏད་ནས་བསྐུར་བ་ལས།།

ངེད་ཅག་སྤུན་ཟླའི་ནང་དུ་བསྐུར་མཚམས་ཞོག།།

 

ཐོ་ཐོས། ༢༠༢༡-༠༤-༡༨ ལ།

 

 

ལྟ་ལོག་བྲིས་ན་འདི་མོ་རེད།

 

ཆིན་ཧྲི་ཧུང་གིས་འཆི་མེད་རིལ་བུ་བསྒྲུབ་འདོད་པ།།

གོ་ཏ་མ་ཡིས་སངས་རྒྱས་གོ་འཕང་ཐོབ་འདོད་པ།།

འབོད་སྟངས་ཆ་ནས་གནམ་ས་ལྟ་བུ་མི་འདྲ་ཡང་།།

དོན་གྱི་ཆ་ནས་གཉིས་ཀ་འཆི་རྒྱུར་སྐྲག་པ་མངོན

འཆི་འདོད་མེད་པར་མཚོན།

 

སྨྱོན་པ་ཐོ་ཐོས་ལྟ་ལོག་བྲིས་ན་འདི་འདྲ་ཞིག།

ལྟ་ལོག་ཡིན་མིན་རྣམ་དཔྱོད་ཅན་གྱིས་དཔྱད་པར་བྱ།།

གཅིག་གིས་རྒྱལ་སྲིད་སྤངས་ཤིང་རྟག་ཏུ་གནས་པར་གཉེར།།

གཅིག་གིས་སྲིད་དབང་བསམས་ཤིང་འཆི་རྒྱུ་མེད་པར་འབད།།

 

ཐོ་ཐོ་སྨྱོན་པས་བྲིས ༢༠༢༡།༠༤།༡༩།

 

ད་ནི་གཡུལ་ས་ལ་འགྲོ་རྒྱུ་ཡིན།

 

བསམ་ན་ལྷིང་འཇགས་ཡིན་པའི་ཚོར་བ་བསྟེར།།

བསྡད་ན་བདེ་འཇགས་ཡོད་པའི་ཚོར་སྣང་བསྐྲུན།།

སོང་ན་རང་དབང་ལྡན་པའི་འཕྲུལ་སྣང་བརྙེད།།

དོན་དངོས་ཁ་བ་ཅན་འདི་གཡུལ་ས་ཤིག།

 

སྤྱིར་ན་གྲི་དང་མེ་མདའ་མཚོན་ཆའི་རིགས།།

སྒེར་དང་སྒེར་པའི་བར་གྱི་གྱོད་གཞི་དང་།།

མི་རིགས་འདྲ་བའི་ས་རྩོད་ཆུ་རྩོད་ཐོག།

གང་བསམ་བེད་སྤྱོད་བཏང་ན་ཐ་ཤལ་རིགས།།

 

འོན་ཀྱང་སེམས་ལ་རྒྱལ་ཁམས་བཅངས་བྱས་ཏེ།།

ད་ལྟའི་གནས་སྟངས་འདི་ལ་གཞིག་ཞོར་དུ།།

དངོས་སུ་མེ་མདའ་འཆང་རྒྱུའི་དུས་མིན་ཡང་།།

སེམས་ཀྱི་མེ་མདའ་ནམ་ཡང་འདོར་མི་བྱ།།

 

སྨྱོན་པ་ཐོ་ཐོས། ༢༠༢༡-༠༤-༢༠ ལ།

སྐད་ཡིག་དང་རྒྱལ་ཞེན།

 

བོད་རང་གི་སྐད་དང་ཡི་གེ་གཉིས་རིམ་གྱིས་ཉམས་བཞིན་པའི་ཛ་དྲག་དང་ཡིད་སྐྱོ་དགོས་པའི་དུས་རབས་འདིའི་ནང་དུ། ང་ཚོས་ངེས་པར་དུ་བསམ་གཞིགས་བྱེད་དགོས་པའི་ཡུལ་ངེས་ཅན་ཞིག་ཏུ་གྱུར་ཡོད་པ་ནི། བོད་ཡིག་མི་ཤེས་པའི་བོད་ལ་རྒྱལ་ཞེན་ཡོད་མཁན་ཞིག་དང་། བོད་ཡིག་ཤེས་པའི་བོད་ལ་རྒྱལ་ཞེན་མེད་མཁན་ཞིག་ལས། བོད་ལ་ཕན་ཐོགས་མཁན་དེ་གང་ཡིན་པ་དེའི་སྐོར་ཡིན་འདུག་སྙམ། རྒྱའི་མི་རིགས་ནང་དུ་བོད་སྐད་བོད་ཡིག་ཤེས་མཁན་ཡང་མི་ཉུང་བ་ཡོད་མོད། དེ་དག་གིས་ང་ཚོ་བོད་མི་རིགས་ཀྱི་སྲིད་དང་འབྲེལ་བའི་དཀའ་སྡུག་འོག་གི་གནས་སྟངས་ཕྱོགས་ལ་ཕན་ཐོགས་ཀྱི་རེད་དམ།

ཀླུ་མཁར་བྱམས་ལ་མཚོན་ན། ཁོང་གི་བུ་གཉིས་དེ་བོད་ཡིག་ཤེས་མཁན་གྱི་དབུ་མ་བ་ཞིག་ལས། བོད་ཡིག་མི་ཤེས་མཁན་གྱི་རང་བཙན་པ་ཞིག་ཏུ་ཆགས་སོང་ན་དགའ་བ་ཡོད་མོད། ང་ལ་མཚོན་ན་བོད་སྐད་བོད་ཡིག་ཤེས་ཀྱང་། བོད་ཟེར་བར་རྒྱལ་ཞེན་མེད་མཁན་ཞིག་ཡིན་ན། དེ་འདྲའི་བྲོ་བ་མི་འདུག

དེ་ལས་བོད་སྐད་བོད་ཡིག་མི་ཤེས་ཀྱང་། བོད་དད་བོད་དོན་ཟེར་དུས་ང་བོད་པ་གཅིག་ཡིན་ཡ་བསམས་ནས་འགྲོ་དགོས་ན་ཆོག ལས་དགོས་ན་ཆོག བརྒྱུག་ཆོག་ཆོག་དང་ལས་ཆོག་ཆོག་གི་བསམ་པ་ཡོད་མཁན་ཞིག་ཡིན་ན། དེ་ལ་བྲོ་བ་ཡོད།

གཞན་ཡང་སྲིད་ཅེས་པ་ནི་འཛམ་གླིང་ཡོངས་དང་འབྲེལ་བའི་བྱ་བ་ཞིག་ཡིན་པ་ལས། བོད་ཀྱི་རི་སྡེ་ག་གེ་མོ་གཅིག་ཁོ་ནར་འབྲེལ་བའི་བྱ་བ་ཞིག་ནི་མིན། བོད་སྐད་བོད་ཡིག་བེད་སྤྱོད་མ་བཏང་ཚེ། སྲིད་འཛིན་ཟེར་ན་ཆོག སྲིད་སྐྱོང་ཟེར་ཡང་ཆོག བོད་སྐད་བོད་ཡིག་ཡག་པོ་ཞིག་མ་ཤེས་ན་བོད་ཀྱི་སྲིད་སྐྱོང་ཐབས་མེད་འདོད་ཚུལ་དེ་གླེན་རྟགས་ཤིག་རེད་འདོད། གོང་དུ་བྲིས་པ་ལྟར། སྲིད་སྐྱོང་ཟེར་དུས་བོད་ཀྱི་སྡེ་བ་ཞིག་གི་སྡེ་དཔོན་མ་རེད། འཛམ་གླིང་གང་ས་གང་དུ་འབྲེལ་བ་བྱེད་མཁན་དང་བྱེད་དགོས་པའི་མི་སྣ་ཞིག་དང་བྱ་བ་ཞིག་རེད།

དེ་མིན་སྲིད་འཛིན་ནམ། སྲིད་སྐྱོང་གིས་བོད་ཡིག་ཡག་པོ་འབྲི་མི་ཤེས་པས། གཞུང་དེ་ན་ཞབས་ཞུ་སྒྲུབ་མཁན་གྱི་མི་སྣ་དེ་ཚོས་བོད་སྐད་བོད་ཡིག་མི་ཤེས་པའི་མ་ཁྱབ་བཞིན། སྲིད་སྐྱོང་གཅིག་པོས་བོད་ཡིག་ཡག་པོ་མ་ཤེས་པས། བོད་ཀྱི་སྐད་དང་ཡི་གེ་ལ་བེད་སྤྱོད་མེད་པས་ཁྱབ་པ་མེད། གཙོ་བོ་དེ་ནི་བོད་ཞེན་ཡོད་མེད་དང་། བོད་མི་རིགས་ལ་ཤ་ཚ་མི་ཚ་དེ་ཡིན་འདུག བོད་ཞེན་ཟེར་བ་དེ་བོད་སྐད་དང་བོད་ཡིག་ཁོ་ན་ལས་ཐོན་ཡོང་བ་ཞིག་མ་རེད། བོད་ཞེན་ཟེར་བ་དེ་རྒྱལ་ཞེན་ལས་འབྱུང་དགོས་པ་ཞིག་རེད། རྒྱལ་ཞེན་ཟེར་བ་དེ་དཀའ་སྡུག་དང་གཞན་གྱིས་བཙན་འཛུལ་དང་བརྙས་བཅོས་དམའ་འབེབ་སོགས་དང་འཛམ་གླིང་གི་ཆབ་སྲིད་ཀྱི་གར་སྟེགས་སྣ་ཚོགས་ལས་འབྱུང་དགོས་པ་ཞིག་རེད།

 

ཐོ་ཐོའི་བསམ་ཚུལ་ཡིན། ༢༠༢༡-༠༤-༢༡ ལ།

 

དམྱལ་བ།

 

དམྱལ་བ་འཚོལ་ཕྱིར་ནམ་མཁར་འཕུར་ཀྱང་ཆོག།

ས་གཞི་བརྐོས་ནས་སའི་འོག་འཛུལ་ཡང་འདྲ།།

བརྒྱུད་རིམ་ཁྲོད་ཀྱི་དཀའ་སྡུག་འཇིགས་སྣང་བཅས།།

དམྱལ་བར་མྱངས་པའི་རང་སེམས་དམྱལ་བའོ།།

 

ཐོ་ཐོས། ༢༠༢༡།༠༤།༢༡

 

 

 

མཚོ་ཁའི་མེ་ཏོག་ཁྱེད་ནི།

 

མཚོ་དེ་གང་གི་མཚོ་རེད།

གསེར་ཉ་གཡུ་ཉ་མི་མཐོང་།

མཚོ་ཁའི་མེ་ཏོག་ཁྱེད་ནི།

མཐོང་ན་བསམས་ཀྱང་མ་མཐོང་།

 

ནམ་མཁའི་སྤྲིན་པའི་བར་ན།

བྱ་གཅིག་འཕུར་བའི་གྲིབ་མ།

མཚོ་མོའི་ནང་དུ་ཤར་སོང་།

ཁྱེད་ཀྱང་ཤར་ན་བསམ་བྱུང་།

 

མཚོ་མོ་རླུང་གིས་གཡོ་གཡོ།

མེ་ཏོག་འདྲ་བའི་ཞི་མོས།

ཨ་ཇོའི་ཚོར་བ་གཡོ་བཅུག

རྣམ་ཤེས་ཞི་མོས་ཁྲིད་སོང་།

ཐོ་ཐོས། ༢༠༢༡-༠༤-༢༡

 

མི་ཚེ་ཟེར་བ།

 

འོད་དང་མུན་ནག

ཉིན་མོ་དང་མཚན་མོ།

ཚེ་འདི་དང་ཚེ་ཕྱི་མ།

སྐྱེ་བ་དང་འཆི་བ།

དེ་དག་ཡོད་ཚད་ཀྱི་འགོ་ནས་མཇུག་ཏུ།

སྐད་ཅིག་ཙམ།

 

སྐད་ཅིག་ཙམ་གྱི་འགྲོ་འདུག

གཉིད་ནས་རྨི་ལམ་ནས་སད་པ་བཞིན།

སད་ནས་སླར་ཡང་རྟག་ཏུ་གཉིད་སོང་བཞིན།

ང་ཚོས་སྐད་ཅིག་ཙམ་གྱི་དུས་ཡུན་དེའི་ཆེད་དུ།

སེམས་ལ་སྐད་ཅིག་གི་ངལ་གསོ་ཡང་བསྟེར་མི་འདོད།

 

སད་དུས་འཁོར་བ་ཟེར་བ་ཞིག་ལ་སེམས་ཆགས།

ཉལ་དུས་རྨི་ལམ་ཟེར་བ་ཞིག་ཏུ་རེ་བ་བཅོལ།

 

སྐྱེས་པ་ནས་འཆི་རག་བར་གྱི།

བརྒྱུད་རིམ་སྐད་ཅིག་ཙམ་དེའི་མཇུག་དེའང་།

རང་གི་ཚེ་སྲོག་དེ་རྫོགས་ཁའི་ཆེས་མཐའ་མ་ཡི།

ཆད་ལ་ཉེ་བའི་སྲོག་རླུང་དང་འགྲོགས་པའི།

དབུགས་རིང་ཞིག་གིས་སྐྱེལ་མ་བྱེད་དགོས་པར་ཆགས།

 

ང་ཚོ་དེ་ལྟར་བྱོན་ཡང་།

ང་ཚོ་འདི་ལྟར་མེད་འགྲོ།

 

སྐྱེ་བ་སྔ་ཕྱི།

དགེ་སྡིག་དང་ལོངས་སྤྱོད།

ཡོད་ཚད་ནས་ཡོད་ཚད།

ཁྱེད་རང་དང་འབྲེལ་བ་མེད་པའི་ཆགས།

 

གཞན་གྱིས་འབྲེལ་བ་ཡོད་མདོག་མདོག

ཁྱེད་ཀྱི་མཛད་རྗེས་ཞེས།

ཡང་ན་ཁྱེད་ནི་ཞབས་འདྲེན་པ་ཞེས།

ངག་ཐོག་དང་ཡིག་ཐོག་ཏུ།

མངོན་ཡོང་སྲིད་མོད།

 

 

འོན་ཀྱང་།

སྐབས་དེར་ཁྱེད་ཟེར་བ་ཞིག

འཇིག་རྟེན་འདི་ན་མི་བཞུགས་རྐྱེན།

དགའ་སྣང་གིས་འཛུམ་མདངས་མངོན་རྒྱུ་མེད་ཅིང་།

སྡུག་སྣང་གིས་བ་སྤུ་ཙམ་ཞིག་ཀྱང་གཡོ་རྒྱུ་མེད།

 

དེའི་ཕྱིར།

མི་ཚེ་ནི་སྐད་ཅིག་ཙམ་དུ་སོམས་དང་།

བསམ་རོགས་ཞུ།

 

སྐད་ཅིག་ཙམ་དེ།

དགོད་སྒྲ་དང་སྐྱིད་སྣང་གིས་ཁེངས་ཆུགས།

 

ཐོ་ཐོས། ༢༠༢༡-༠༤-༢༢ ལ།

 

ཐོ་ཐོ་ཟེར་བ།

 

ཐོ་ཐོའི་མིག་ལ་ཡོད་ཚད་མཛེས་ཀྱང་ཆོག།

ཐོ་ཐོའི་སེམས་ལ་ཡོད་ཚད་བཙོག་ཀྱང་ཆོག།

ཐོ་ཐོའི་ལྟ་བར་ཡོད་ཚད་མེད་ཀྱང་ཆོག།

མེད་ཀྱང་ཆོག་པས་དེ་དག་གླེང་མི་བྱ།།

 

ཁྱེད་ཚོའི་མིག་གིས་ཐོ་ཐོ་སྨྱོན་པར་མཐོང་།།

ཁྱེད་ཚོའི་སེམས་ཀྱིས་ཐོ་ཐོ་ཀློའུ་ལ་བསྒྲུབས།།

གང་ལ་མཐོང་ཡང་གང་དུ་བསྒྲུབས་ཀྱང་རུང་།།

ཐོ་ཐོའི་དགོངས་པར་ཡོད་ཚད་འཇའ་བཞིན་སྣང་།།

 

ཐོ་ཐོའི་ཀླད་པས་འཇིག་རྟེན་ཡོངས་ལ་དཔྱད།།

ཁྱེད་ཚོའི་ཀླད་པ་གནའ་བོའི་བྱེ་ཐང་དུ།།

འཇིག་རྟེན་བྱེ་བ་ཁྲག་ཁྲིག་ཡོད་ཟེར་བཞིན།།

ཐོ་ཐོའི་བསམ་བློའི་འཆར་སྒོ་གྲངས་མེད་པ།།

 

ཐོ་ཐོས་ཐོ་ཐོ་རང་གི་སྐོར་བྲིས་པ་ཞིག

 

རྐུན་མ།

 

ཡི་གེ་སྦྱངས་པ་མ་རེད་བརྐུས་པ་རེད།།

མེས་པོ་བཟོས་པའི་ཡི་གེ་ང་ཚོས་རྐུ།།

སུ་ཞིག་བརྐུ་བར་མཁས་ན་མཁས་མིང་ཐོབ།།

སུ་ཡིས་མི་བརྐུ་འདོད་ན་ཡིག་རྨོངས་མཐོང་།།

 

རང་གི་མེས་པོས་བཟོས་རྐྱེན་ཁྱེད་དང་ང་།།

ཡི་གེའི་བདག་པོ་ཡིན་པས་བརྐུས་མིན་ཞེས།།

སྐད་གདངས་རྫིག་པོས་ལན་འདེབས་བྱེད་འདོད་ན།།

ང་ཚོའི་རྒྱལ་ཁབ་ལ་ཡང་བདག་པོ་རྒྱོབས།།

 

རྒྱོབས་ཞེས་བདག་པོ་རྒྱག་རྒྱུའི་རྒྱལ་ཁབ་ཞིག།

གཞན་ལ་ཤོར་རྐྱེན་མེད་ཀི་འདོད་ཀྱང་རུང་།།

རྒྱལ་ཁབ་ཟེར་བའི་མིང་དེ་ཐ་སྙད་ཙམ།།

དོན་དངོས་རྒྱལ་ཁབ་འབངས་དང་རིག་གཞུང་ས།།

 

རྒྱལ་ཁབ་ཤོར་སོང་འདོད་ཚེ་ལག་སྟོང་སྙམ།།

ཁ་གདངས་མིག་ཅེར་བྱེད་ཞོར་སྨྲེ་ངག་འདོན།།

ཇི་ལྟར་ཤོར་བ་ཅིའི་ཕྱིར་ཤོར་སོང་བར།།

བསམ་གཞིགས་ཅི་ཡང་མེད་པར་ཉོག་གཏམ་སྤེལ།།

 

ཤོར་མཁན་ང་ཚོ་འཕྲོག་མཁན་དེ་ཚོ་ཡིན།།

བསམ་ན་བརྐུས་ནི་སོང་བའི་ཚོར་བ་ཞིག།

སྐབས་དེར་འཛམ་གླིང་ཡོངས་ཀྱིས་དམག་དོན་གཉེར།།

བོད་པ་གཅིག་པོས་སངས་རྒྱས་ཆོས་ལ་གཉེར།།

 

དམག་ཤུགས་སུ་ལ་ཡོད་ཚེ་རྒྱལ་ཁབ་བརྟན།།

དྲག་ཆས་མེ་སྒྱོགས་བེད་སྤྱོད་བྱེད་ཆོག་ཆོག།

ཁོང་ཚོའི་རིགས་བརྒྱུད་བདེ་ལ་འགོད་པའི་ཕྱིར།།

རྒྱལ་ཁབ་མང་བོས་དཔའ་བོ་མང་བོ་བརླགས།།

 

ང་ཚོས་ཀྱང་ནི་དཔའ་བོ་མང་མང་བརླགས།།

ཐབས་དང་དམག་ཤུགས་ཞན་པའི་རྒྱུ་རྐྱེན་དང་།།

ལྷ་དང་ལྷ་མོ་བླ་མ་གང་རུང་གིས།།

བསྐྱབ་ཡོང་འདོད་པས་དཔའ་བོར་སྡོང་གྲོགས་ཉུང་།།

མེས་པོས་ཡི་གེ་བཟོས་ཤིང་རྒྱལ་ཁབ་བསྐྲུན།།

དེ་ནི་དབྱིན་ཡིག་རྒྱ་ཡིག་གང་ཡང་མིན།།

དེ་ནི་རྒྱལ་ཁབ་མཚོན་པའི་བོད་ཡིག་ཡིན།།

དེ་ནི་རྒྱལ་ཁབ་ཡོད་པའི་མཚོན་རྟགས་ཤིག།

 

ཡིག་རིགས་དེ་འདྲའི་བརྡ་སྤྲོད་ངོ་མཚར་ཅན།།

བེད་སྤྱོད་གཏོང་མཁན་སྐབས་དེའི་བོད་མི་ལ།།

རྒྱལ་ཁབ་མེད་ཅེས་བཤད་ན་ཇི་ལྟར་བརློམ།།

རང་དབང་ལྡན་པའི་རྒྱལ་ཁབ་ཡིན་ཤག་ཤག།

 

ཡི་གེ་བརྐུས་ནི་རེད་དང་མ་རེད་ཅེས།།

བརྩད་ཀྱང་ང་ཚོའི་ཕྱོགས་ལ་ཐོབ་བྱ་མེད།།

དེ་ལས་ང་ཚོའི་རྒྱལ་ཁབ་གཞན་གྱིས་ནི།།

སྔོན་མར་འཕྲོག་ནི་རེད་དམ་བརྐུས་ནི་རེད།།

 

འོན་ཀྱང་སྙན་ངག་ཟེར་བ་ཡི་གེ་མིན།།

ཡི་གེར་བཀོད་པའི་སྙན་ངག་སྙན་ངག་མིན།།

ཚོར་བའི་ཁྲོད་ན་སྙན་ངག་ཡིན་མིན་དཔྱད།།

འཛིན་རྒྱུ་བརྐུ་རྒྱུ་མེད་པ་ཚོར་བ་ཉིད།།

 

སྙན་ངག་མཁན་པོའི་ཚོར་ཤུགས་ཉི་འོད་བཞིན།།

གཞིགས་པ་ཙམ་གྱིས་ས་སྟེང་ཡོངས་སུ་ཁེབས།།

སྲིན་འབུ་མེ་ཁྱེར་ཡོད་སའི་འོད་མདངས་དེ།།

ཉི་མས་བརྐུས་སོང་ཞེས་ན་གླེན་བཤད་ཅིག།

དེ་བཞིན་སྙན་ངག་པ་དེའི་སྨྱུ་གུ་ཡིས།།

ཡར་རྐུ་མར་རྐུ་བྱེད་པའི་གཤིས་ཀ་དེ།།

འབོ་ར་ཨ་མཆོག་མི་ཡི་ལག་པས་བཞིན།།

ཡོང་ཡོང་བརྐུས་འགྲོ་ཟེར་ན་གཉིས་ཀ་རྫུན།།

 

ཐོ་ཐོས། ༢༠༢༡-༠༤-༢༤ ལ།

 

ལྷ་སའི་ཞི་མོ།

 

ཁྱེད་ནི་མཐོང་ཐེངས་རེ་དང་།།

འཛུམ་དེར་ལྟ་ཐེངས་རེ་ལ།།

ཨ་ཇོའི་སེམས་པ་འཁྲུགས་བཅུག།

ཁྱེད་ནི་ཨམ་རྗེ་ཨེ་ཡིན།།

 

ལྷ་སའི་ཇོ་བོའི་མདུན་ནས།།

ཕྱག་གསུམ་འཚལ་རྒྱུ་རག་ན།།

ཇོ་བོར་བྱིན་རླབས་ཆེ་བས།།

ངེད་གཉིས་མཇལ་ཐབས་ཡོང་སྲིད།།

 

ཕྱི་གླིང་རྒྱལ་ཁབ་འགྲིམ་སྐབས།།

སེམས་ན་ཨ་ཇོ་ཡོད་ན།།

འབྲེལ་བ་བྱེད་ནི་ཆོག་ཆོག

ཁ་པར་ཨང་གྲངས་འདི་ཡིན།།

 

ཐོ་ཐོས། ༢༠༢༡-༠༤-༢༥

 

ཀླད་རུས་དང་རྔ་གྱོང་།

 

ཁྱེད་ཚོའི་མགོ་བོ་ནམ་ཞིག་ཐོད་རུས་ཙམ་ལས་མི་གནས་པ།།

ངས་ནི་ཤིན་ཏུ་གྱོང་བོའི་རྔ་ལ་བསམས་ཤིང་བརྡུང་ན་འདོད།།

ཁྱེད་ཚོའི་བསམ་བློ་ནམ་ཞིག་བཤད་སྲོལ་ཙམ་ཡང་མི་ལྷག་པ།།

ངས་ནི་རྨི་ལམ་ནང་གི་འདྲེ་སྐད་བསམས་ཤིང་དོར་ན་འདོད།།

 

ཐོ་ཐོས། ༢༠༢༡-༠༤-༢༥

 

སྙན་ངག་ཟེར་བ་ནི།

 

སྙན་ངག་ཟེར་ཡང་མངོན་དུ་བཅུག་པའི་སེམས་ཚོར་ཞིག།

དྲག་ཆས་འོག་གི་མིག་ཆུ་ཞེ་སྡང་སྡུག་བསྔལ་ཞིག།

སྐྱིད་ཕྱིར་བདེ་ཕྱིར་སྙིང་ནས་ཞུས་པའི་རེ་སྨོན་ཞིག།

གྲོལ་ཕྱིར་འཛོམས་ཕྱིར་ཀི་རིང་བཏབ་པའི་སྐད་འབོད་ཅིག།

 

ཐོ་ཐོས། ༢༠༢༡-༠༤-༢༦

 

མངོན་མི་འདོད་པའི་མི།

 

མིག་གི་འོད་མདངས་མངོན་དུ་འཇུག་མི་འདོད།།

གདོང་གི་འཛུམ་མདངས་མཐོང་དུ་འཇུག་མི་འདོད།།

ཕན་ཚུན་མཐོང་ཡང་མ་མཐོང་ཁྱད་པར་ཅི།།

ཁ་པར་འཆར་ཤེལ་སྟེང་ལ་དམོད་མཁན་ཚོ།།

དེ་རིང་སོ་སོའི་འདྲ་པར་སྐུར་རེས་བྱེད།།

སང་ཉིན་ཁ་མྱིང་སྣ་མྱིང་འདོགས་རེས་བྱེད།།

དེ་ལས་རྒྱུན་ལྡན་འཆམ་པོ་མཐུན་པོའི་ངང་།།

ཀུ་རེ་ཁ་བརྡ་བགྲོ་གླེང་བྱས་ན་སྐྱིད།།

དེ་རིང་ཕན་ཚུན་བསྐུར་བའི་འདྲ་པར་དག།

ཡག་གི་རྫིག་གི་ཞེས་ནས་བསྟོད་བསྔགས་བྱེད།།

སང་ཉིན་དེ་རིང་བསྐུར་བའི་འདྲ་པར་རིགས།།

ཁ་མྱིང་སྣ་མྱིང་འདོགས་སའི་རྒྱུ་རུ་གྱུར།།

 

ཐོ་ཐོ་ནས། རྩེ་མཚར་ཡིན།

 

སྙན་ངག་ཅིག་སྐྱེས་སོང་།

 

སྙན་ངག་ཅིག་ཀློག་ཞོར་སྙན་ངག་ཅིག་སྐྱེས་སོང་།

དེ་ནི་ངའི་བུ་ཡིན་ཆོག་ལ་བུ་མོའང་ཡིན་ཆོག

ང་དེའི་མ་ཡིན་ཆོག་ལ་ཕ་ཡང་ཡིན་ཆོག

དེ་ནི་ངའི་གཅེས་ཕྲུག་དང་ངས་བསྲུང་བྱ། ངས་གཉོར་བྱ།

ང་དང་བརྟན་དུ་འབྲེལ་བའི་སྙན་ངག་ཅིག་རེད།

 

དྲག་ཆས་ཀྱི་ལོ་ཟླས།

ལྷ་ཆོས་ཀྱི་རྒྱལ་ས་འདི་གཏོར་ཟིན།

ལོ་རྒྱུས་ནི་ལམ་ཀྱོག་ཏུ་ཁྲིད།

མི་ཆོས་ནི་བརླག་ཏུ་བཅུག

བྱིས་པ་མང་བོ་དྭ་ཕྲུག་གི་བཏང་།

དཔའ་བོ་མང་བོ་མེ་ནང་ནས་ཕྱིན།

སྐབས་འདི་འདྲ་ཞིག་ལ།

ཁྱོད་ལ་སྡོམ་པ་ཡོད་ཀྱང་མེད་ཀྱང་།

དེ་ལ་ཚུལ་ཁྲིམས་ལྡན་ཡང་མི་ལྡན་ཡང་།

ང་ལ་རིག་གནས་ཡོད་ཀྱང་མེད་ཀྱང་།

 

ང་ཚོའི་སེམས་ལ་ཉར་དགོས་པ་ཞིག་ནི།

ཁང་བ་གཏོར་ན་ཆོག་བསྲེགས་ན་ཆོག

དེ་དག་བསྐྱར་དུ་བརྩེགས་ན་ཆོག་ལ་བརྒྱབ་ན་ཆོག

ས་ཆ་ཤོར་ན་ཆོག་འཕྲོགས་ན་ཆོག

དེ་དག་བསྐྱར་དུ་བརྩད་ན་ཆོག་དང་ཕྱིར་འཕྲོགས་ན་ཆོག

 

འོན་ཀྱང་སྐད་དང་ཡི་གེ་གཉིས་མེད་སོང་ན།

ང་ཚོའི་རིག་གཞུང་དེའང་རིམ་གྱིས་མེད་འགྲོ་བ་ཆགས།

དེ་དག་ཡོངས་རྫོགས་མེད་ཚེ།

ང་ཚོ་ཀློའུ་ཁ་ནག་གི་གྱུར།

 

ང་ཚོའི་ཁ་ནང་གི་ལྕེ་དེ་ནག་པོ་ནས་དཀར་པོར་བསྒྱུར།

དཀར་པོ་ནས་ནག་པོར་བསྒྱུར།

ཡང་ནག་པོ་ནས་དཀར་པོར་བསྒྱུར།

 

ཡིན་ནའང་མཐའ་མ་དེར།

ང་ཚོའི་ཁ་ནང་གི་ལྕེ་ཡོངས་རྫོགས་དེ་དམར་པོར་འགྱུར་ལ་ཉེ།

དམར་པོར་བསྒྱུར་ལ་ཉེ།

ང་ཚོ་ལ་ལྕེ་དཀར་ནག་གཉིས་ཀ་ཡོད་ཆོག

འོན་ཀྱང་དམར་པོ་ལ་རྩ་བ་ནས་འགྱུར་མི་རུང་།

བསྒྱུར་དུ་འཇུག་ཀྱང་མི་རུང་ངོ་།

ང་ལ་ཅི་འདྲའི་དམའ་འབེབ་དང་མཐོང་ཆུང་བྱས་ན།

དེ་ཚོད་ཀྱི་བསམ་གཞིགས་བྱེད་རྒྱུའི་སྤོབས་པ་དང་།

ང་རྒྱལ་སྐྱེ་སྲིད་པ་ཞིག་དང་སྐྱེ་སྲིད་མོད།

 

དེ་བཞིན་དུ་ཅི་འདྲའི་བཙན་འཛུལ་དང་བརྙས་བཅོས་བྱས་ན།

དེ་ཚོད་ཀྱི་སྙིང་སྟོབས་སྐྱེ་དགོས་པ་ཞིག་ཡིན་མོད།

ཁྱེད་ཚོ་ལ་སྐྱེས་ཡོང་ངམ།

 

ང་རང་ལ་མཚོན་ན།

དམའ་འབེབ་དང་མཐོང་ཆུང་།

འཕྱ་སྨོད་སོགས་བྱས་ཚེ།

བསམ་བློ་དང་ཤེས་བྱ་བཅས་བེད་སྤྱད་དེ།

རྒོལ་ལན་བྱེད་རྒྱུའི་སྤོབས་པ་དེ་སྐྱེ་ཡོང་སྲིད་མོད།

 

འོན་ཀྱང་མེ་མདའ་དང་དྲག་ཆས་ཀྱིས་བཙན་འཛུལ་འོག

ལོ་རྒྱུས་དང་རིག་གཞུང་གིས་བརྙས་བཅོས་བྱས་ཚེ།

མེ་ལ་མཆོང་བ་དང་མེ་མདའི་ཁ་ལ་བརྒྱུག་པའི།

དཔའ་བོའི་སྙིང་སྟོབས་དེ།

ངའི་སེམས་ལ་ངའི་བརྒྱུད་ལ་སྐྱེ་ཁག་པོ་ཞིག་ཏུ་ཆགས་འདུག

རིག་གཞུང་གི་ཉམས་རྒུད་ལ་ཁ་གཏད་ཚེ།

ང་ལ་མཁས་པ་ཞིག་བྱེད་འདོད་པའི་སྙིང་སྟོབས་དེ་སྐྱེ་ཐུབ་མོད།

དྲག་ཆས་དང་རྒྱལ་ཁབ་ཀྱི་ལས་དབང་ལ་ཁ་གཏད་ཚེ།

ང་ལ་དཔའ་བོ་བྱེད་རྒྱུའི་སྙིང་སྟོབས་དེ་སྐྱེས་ཡོང་མི་ཐུབ།

ང་ནི་རྒྱལ་ཁབ་ལ་མཚོན་ན་སྡར་མ་ཞིག་ཡིན་ཁོ་ཐག

རིག་གཞུང་ལ་མཚོན་ན་མཁས་པ་ཞིག་ཡིན་ནམ།

 

ཐོ་ཐོས། ༢༠༢༡-༠༤-༢༦ ལ།

 

 

 

འཆི་ཁའི་ཁ་དབུགས་འབྱིན་ས་དང་གཏོང་ས།

 

ནང་ན་དྲག་ཆས་འོག་དང་མེ་དཔུང་ནང་།།

ཕྱི་ན་ནད་ཡམས་ཀྱིས་ནི་ཚར་གཅོད་པའི།།

ཁ་ཐོར་མི་རིགས་འདི་ཡི་ལས་དབང་འདི།།

བསམ་ན་འཇིག་རྟེན་འདི་ལ་ཡིད་རེ་ཆད།།

 

འཆི་ཁར་བརྔུབས་རྒྱུའི་ཁ་དབུགས་གཞུག་ཤོས་དེ།།

བོད་ནས་ཡིན་ན་བསམས་ཤིང་གཏོང་ས་ཡང་།།

བོད་དུ་ཡིན་ན་བསམས་ཀྱང་གཞན་གྱི་ཡུལ།།

དེ་ནི་བཙན་བྱོལ་བོད་མིའི་སྡུག་བསྔལ་ཞིག།

 

སྐྱེས་ཟིན་འཆི་རྒྱུ་ཡིན་པར་བཟློག་མེད་པ།།

འཆི་ས་ས་སྟེང་འདི་ལས་གཞན་མེད་པ།།

ཤེས་བཞིན་འཆི་ན་འདོད་ཀི་མེད་པ་དང་།།

ཤིའང་འཆི་སར་རྣམ་རྟོག་བྱེད་འདི་ཅི།།

 

གཞིགས་ན་བསམ་དོན་མང་བོ་འགྲུབ་མེད་རྐྱེན།

རྒྱལ་ཁབ་སླར་གསོ་མེད་པས་འཆི་མ་འདོད།།

དབུ་མའི་ལམ་ཆེན་བཀག་པས་འཆི་མ་འདོད།།

འཆི་ས་རང་ས་མིན་པའི་འཆི་མ་འདོད།།

 

ཐོ་ཐོས། ༣༠༢༡-༠༤-༢༧ ལ།

 

 

གཅེས་ལོར་ཐུག་ན་སྦྱིན་པ་ཐོངས།

 

གཅེས་ལོའི་བསམ་བློ་གླུ་གཞས་སྒྱུ་རྩལ་ནང་།།

གཅེས་ལོ་བོད་ལ་སེམས་པ་དཀར་ཤག་ཤག།

གཅེས་ལོའི་་སྨྱོ་རྟགས་ཁྲོད་ན་ལ་རྒྱ་རྩོད།།

གཅེས་ལོའི་སྐད་ཆའི་ཁྲོད་ན་བོད་དོན་ཡོད།།

 

ཐོ་ཐོས། ༢༠༢༡-༠༤-༢༧ ལ།

 

ཁ་བཏགས་དང་འགད་རྫས།

 

ཕར་ལ་སྐུ་མགྲོན་བསམས་ཤིང་ཁ་བཏགས་ཕུལ།།

ཚུར་ལ་འཇིགས་སྐུལ་བསམས་ཏེ་ལག་འབོམ་བསྟན།།

ལོ་རྒྱུས་ཇི་ལྟར་འཁྱོག་བརྗོད་བྱས་ཀྱང་རུང་།།

བོད་ལ་བཙན་འཛུལ་བྱས་པ་འདི་ན་མངོན།།

བོད་ནི་རྒྱལ་ཁབ་ཡིན་པ་རྩོད་མེད་ཅིག།

རྒྱ་མིས་བཙན་འཛུལ་འོག་ནས་བོད་རྒྱལ་ཁབ།།

དམར་པོའི་གཞུང་དུ་བསྒྱུར་བ་སྙོན་མེད་ཅིག།

བོད་མི་ས་ཡ་ལྷག་ཅིག་རྒྱ་མིས་བསད།།

 

ང་ཡི་ཨ་མའི་ཨ་ཕ་རྒྱ་མིས་བསད།།

སྐར་ཆུང་གཡག་རྭ་ཞེས་པ་ཁོང་གི་མཚན།།

བཤད་ན་སྐབས་དེའི་དམག་དར་འཛིན་མཁན་ཡིན།།

རྒྱ་མིའི་མེ་མདའི་ཁ་ནས་ཚེ་སྲོག་ཤོར།།

 

ང་ཚོའི་རྒྱལ་ཁབ་རྒྱའི་འོག་ཚུད་མེད་ཅིང་།།

ལྔ་བརྒྱད་ལྔ་དགུའི་ལོ་ཡི་དམག་འཐབ་སྐབས།།

རྒྱ་ལ་རྒྱལ་ཁབ་ཕམ་དུ་བཅུག་མེད་ཚེ།།

དེང་སྐབས་དཔའ་བོ་མང་བོའི་གློག་བརྙན་ཡོད།།

 

དེ་བཞིན་སྐབས་དེའི་རྒྱ་མིས་བཙན་འཛུལ་ལ།།

ཆོལ་གསུམ་གཡུལ་ལ་ཞུགས་པའི་དམག་འཐབ་སྐོར།།

དེང་སང་མཁས་པ་དེ་ཚོའི་དཔེ་སྒྲོམ་དུ།།

མང་མང་མཇལ་རྒྱུ་རག་པར་གདོན་མི་ཟ།།

 

ཡིན་ཡང་ང་ཚོའི་རྒྱལ་ཁབ་ཕམ་པའི་རྐྱེན།།

གློག་བརྙན་ནང་དང་འགྲེམ་སྟོན་ཁང་གི་ནང་།།

ལོ་རྒྱུས་རྫུན་མ་བྲིས་པའི་གནའ་རྫས་མང་།།

མཐོང་ན་སྙིང་རླུང་སྟོད་ལ་འཚང་དུ་འཇུག།

 

ཐོ་ཐོས། ༢༠༢༡-༠༤-༢༧ ལ།

 

 

 

རང་གིས་རང་ལ་དགེ་རྩ་བསྒྲུབས།

 

ང་ནི་མ་ཎིས་གྲུབ་པའི་དཀྱིལ་འཁོར་ནང་།།

འདི་ནི་མ་ཤིའི་སྔོན་གྱི་དགེ་སྒྲུབ་ཤིག།

དུས་འདིར་ང་ནི་ད་དུང་ཤི་མེད་རྐྱེན།།

ལུས་དང་རྣམ་ཤེས་ཁ་བྲལ་བྱས་མི་འདུག།

 

དཀྱིལ་འཁོར་འདིའི་ནང་ང་ཡི་གཟུགས་རིས་མངོན།།

དཀྱིལ་འཁོར་ཕྱི་ན་ང་དང་རྣམ་ཤེས་གཉིས།།

དབྱེར་མེད་ངང་ནས་ནམ་འཆི་ངེད་མེད་གནས།།

འཆི་བར་གཞིག་ཞོར་གཞན་ཕྱིར་མ་ཎི་བགྲེང་།།

 

ང་ནི་འཇིག་རྟེན་འདི་ན་ཡོད་སྒང་དང་།།

ང་ནི་ནམ་ཞིག་ཤི་ནས་སྐྱེ་རག་བར།།

དྲྭ་རྒྱའི་འཇིག་རྟེན་སྒྱུ་མའི་ལྷ་ཁང་དུ།།

མ་ཎིའི་དཀྱིལ་འཁོར་འདི་ཉིད་འཁོར་བར་སྨོན།།

 

ཐོ་ཐོས། ༢༠༢༡-༠༤-༢༨ ལ།

 

ཤི་གསོན།

 

ཤི་བོའི་རྗེས་ལ་མ་ཎི་བགྲེང་བ་དང་།།

བར་དོའི་འགག་ལམ་མུན་པས་བཅིངས་པ་དེ།།

མཆོད་མེ་སྦར་ནས་འོད་ཀྱིས་ཁེངས་སྙམ་པའི།།

དགེ་རྩ་སྒྲུབ་སྟངས་བོད་མི་ཡོངས་ལ་མཁོ།།

བར་དོར་འགྲིམ་པའི་རྣམ་ཤེས་ཡོད་དང་མེད།།

མ་ཎི་བགྲེང་བས་ཕན་དང་མི་ཕན་སྐོར།།

ཚན་རིག་གིས་ཀྱང་དཔྱད་དང་དཔྱད་བཞིན་ཡོད།།

ང་ཚོ་འདྲ་བར་ཤིན་ཏུ་ལྐོག་གྱུར་ཅིག།

 

འཚོ་བཞུགས་དུས་སུ་ཆེ་མཐོང་མེད་པ་གང་།།

འདས་པའི་རྗེས་སུ་ཀུན་གྱིས་གླེང་ཡོང་བ།།

འཛམ་གླིང་སྤྱིས་དང་ལྷག་ཏུ་བོད་པ་ཚོས།།

མིའམ་བེམ་པོར་མཐའ་སྡོམ་རྒྱག་སྟངས་ཤིག།

 

སྐྱེས་བུ་མཐོ་དམན་མཁས་བླུན་གང་ཡིན་ཡང་།།

འཇིག་རྟེན་འདི་ནས་འགྲུལ་བཞུད་རྫོགས་ཚར་རྗེས།།

བཟང་རབས་ངན་རབས་མང་མང་བཤད་ཀྱང་རུང་།།

འཛིན་མེད་མཐོང་མེད་རྣམ་ཤེས་ཟེར་བའི་གྲུབ།།

 

མི་ཞིག་ཤི་བ་རྨི་ལམ་ལྟ་བུར་སོམས།།

གཏམ་ངན་ཐོས་ཚེ་རྨི་ལམ་དཀྲོགས་སོང་སོམས།།

ཁྱེད་ཉིད་གནས་སའི་སྒོ་དེའི་ཕྱི་ནང་བར།།

འདས་པོ་དེ་དང་འབྲེལ་བ་མེད་པར་ཆགས།།

 

བཞུགས་དུས་ང་ཚོ་ནང་བཞིན་མགོ་ནག་མི།།

མེད་དུས་ང་ཚོས་ཤེས་བཞིན་བེམ་པོ་གཅིག།

གང་ལྟར་འཇིག་རྟེན་འདི་ནས་འགྲོ་ཚར་རྗེས།།

གསོན་ཡོད་རྣམས་ཀྱིས་གུས་པར་བྱ་བའི་ཡུལ།།

མིག་ཆུ་ཉིལ་ཉིལ་འབབ་བའི་ཐིགས་པ་རེར།།

སེམས་ཀྱིས་བསྙིལ་བའི་མཆི་མས་ཁ་ནོན་རྒྱག།

མ་ཎི་ཡིག་དྲུག་འདོན་པའི་སྐད་ངག་ལ།།

ངས་ཀྱང་མ་ཎིའི་དབྱངས་རྟས་རམ་འདེགས་བགྱི།།

 

ཐོ་ཐོས། ༢༠༢༡-༠༤-༢༩ ལ།

 

རྒན་གཞོན།

 

ནམ་ཞིག་ཁྱེད་དང་ང་ཡང་ཁོང་ཇི་བཞིན།།

ལོ་གྲངས་བརྒྱ་བཅུར་བསླེབ་ནས་ཉིན་ཞིག་ཡོད།།

དེ་དུས་ཕྱིར་དྲན་ཞིག་གི་སྣང་བརྙན་ངོར།།

དེ་རིང་ཉིན་འདིའི་བགྲོ་གླེང་ཤར་ཡོང་སྲིད།།

 

ལོ་རྒན་བརྒྱ་བཅའི་གྱ་སྟོན་ང་ཚོས་ཀྱང་།།

ཡུན་རིང་འགོར་ཁོམ་མེད་པར་བསུ་དགོས་འབྱུང་།།

དེ་དུས་ཚེ་ལོའི་བརྒྱ་ཆའི་བརྒྱ་བཅུ་སོང་།།

ལྷག་མར་ལོ་དུ་ཡོད་མེད་ལྐོག་གྱུར་ཅིག།

 

དེ་དུས་ཉིན་རེ་ལས་ཀྱང་ཉིན་རེ་བཞིན།།

འཇིག་རྟེན་འདི་དང་འབྲལ་རྒྱུའི་ཉེན་ཁ་ཡོད།།

འགྲོ་དུས་སྒོ་ར་བར་ན་འདར་གསིག་གསིག།

ཉལ་དུས་ཉལ་རོགས་མེད་ཅིང་ཤ་རྒྱུ་ཞིག།

 

དེ་བཞིན་ལོ་རྒན་བརྒྱ་བཅུར་བསླེབས་པའི་ཚེ།།

མེ་ཏོག་ཇི་བཞིན་མཛེས་མྱོང་བུད་མེད་ཀྱང་།།

རྒས་ནས་ཉལ་རོགས་མེད་པའི་རྒན་མོ་ཞིག།

ཞབས་ཀྱི་ཀོ་ཁུག་གྱོང་བོ་སྟོང་ཧང་ཧང་།།

 

དེང་སང་ཕོ་གསར་མོ་གསར་ཡིན་སྒང་འདིར།།

ལོ་རྒས་རྒན་རྒོན་ཡོངས་ལ་མཐུན་པོ་བྱོས།།

འགྲོ་འདུག་སྤྱོད་གསུམ་མི་བདེའི་རྣམ་པ་དེ།།

ང་ཚོའི་མ་འོངས་མི་ཚེའི་འདྲ་གཟུགས་ཤིག།

 

རྟག་ཏུ་བྱིས་པ་མིན་ལ་ན་གཞོན་མིན།།

རྒས་ནས་ཁ་སྤུ་མགོ་སྤུ་དཀར་ནས་འགྲོ།།

ཉིན་རེའི་ཚོར་ས་དང་ནི་མི་ཚོར་སའི།།

ངོ་ཤེས་ཡིན་དང་མིན་པ་གྲངས་མེད་འཆི།།

 

ནམ་ཞིག་འཆི་རྒྱུ་ཡིན་པ་རྟོགས་ཀྱང་རུང་།།

ཤི་རག་བར་དུ་འཆི་རྒྱུ་ཡོད་པ་བརྗེད།།

འཆི་འདོད་མེད་པའི་ཚོར་ཤུགས་དྲག་པོའི་ནང་།།

མ་ཤི་བར་དུ་ཚེ་ཐག་རིང་བ་སྣང་།།

 

དེ་ལྟར་རང་སེམས་རང་གིས་བསླུ་ཞོར་དུ།།

མི་ཚེ་དུས་གསུམ་དབྱེ་བའི་མ་འོངས་པ།།

ཤིན་ཏུ་ལོ་ཟླ་མང་བོས་བརྩེགས་བྱས་ཏེ།།

འཆར་གཞི་རང་གི་ཚེ་ལས་ལྡབ་འགྱུར་འཐེན།།

 

ཐོ་ཐོས། ༢༠༢༡-༠༤-༣༠ ལ།

 

 

ཡོ་བྱད།

 

བོད་མི་རིགས་ཀྱིས་ཞིང་ལས་བྱེད་སྐབས་བེད་སྤྱོདབཏང་མྱོང་བའི་ཞིང་ལས་ཡོ་བྱད།

 

མི་རིགས་ཤིག་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། འབྲོག་ལས་དང་ཞིང་ལས་ཡོ་བྱད་བཅས། མི་རིགས་རང་དང་མི་རིགས་གཞན་ལ།འགྲེམ་སྟོན་བྱེད་རྒྱུའི་དུས་ཤིག་ལ་བསླེབས་ཚེ།དེ་དག་ལ་བདག་བྱས་མྱོང་ཡོད་པ་དང་།དེ་དག་མཉམ་སྤྱོད་བྱས་མྱོང་བའི་མི་རིགས་དེའི།ངོ་བོ་བརླགས་རེད།

 

དེ་དང་ཞོར་དུ་མི་རིགས་དེའི་མི་གཞིའམ་གཤིས་ཀ ཡང་ན་ཀུན་སྤྱོད་དང་ལྟ་བ་སོགས་ལ་འགྱུར་བ་ཆེ་ཞིག་སོང་ཚར་ཡོད་རྒྱུ་རེད། ཡག་ཕྱོགས་དང་བཟང་ཕྱོགས་སུ་འགྱུར་ཡོད་ན། རྐྱེན་ངན་དགེ་བའི་གྲོགས་ལྟ་བུར་བསམ་ཆོག་མོད། འོན་ཀྱང་མི་རིགས་དེའི་ངོ་བོ་དང་ཁྱད་ཆོས་སོགས་མང་བོ་ཞིག་བརླགས་ཚར་པས། མི་རིགས་དེ་འགྲོ་བ་མི་ཞིག་རེད་ཟེར་བ་ལས། བོད་མི་རིགས་རེད་ཅེས་ཨུ་ཚུགས་བྱས་ཀྱང་། བྲོ་བ་ཡལ་ཚར་རེད།

 

ཐོ་ཐོའི་བསམ་ཚུལ།

 

ཤའི་སྐོར་གྱི་བསམ་ཚུལ་ཐུང་ཐུང་ཞིག

 

དེ་རིང་གི་བསམ་ཚུལ་ནི་འདི་འདྲ་ཞིག སང་ཉིན་འདི་བཞིན་བསམ་མི་བསམ་དེ་རིང་གི་སྐབས་འདིར་བཤད་ཁག་པོ་ཞིག གང་ལྟར་ཕྱིའི་འཇིག་རྟེན་ལ་འགྱུར་བ་འགྲོ་བཞིན་པའི་ཞོར་དུ། ནང་གི་སེམས་དེས་ཚོར་སྟངས་ཀྱང་སྔར་བཞིན་མིན་པར་འགྱུར་བ་འགྲོ་སྲིད་པ་ཞིག་ཡིན་པ་དེ་མང་བོས་མཁྱེན་བཞིན་ནོ།

 

ཤ་ཟ་བསམ་ན་རང་གིས་ཟོས། གཞན་གྱིས་ཟ་ཆོག་དང་མི་ཆོག ཟ་བཞིན་ཡོད་དང་མེད། དེའི་རིགས་ང་ཚོ་མི་སྐྱ་དག་གིས་གླེང་དགོས་པ་ཞིག་མ་རེད།

འབྲོག་པ་ཚོས་ཤ་ཟའམ་མི་ཟ། ཤ་ཇི་ལྟར་ཟ་བ། དེའི་རིགས་འབྲོག་པ་ཁོ་རང་ཚོས་ལྟོ་བ་དང་འཚོ་གནས་དཔལ་འབྱོར་ལ་རག་ལས་ཡོད་པ་ཞིག་རེད་མ་གཏོགས། ང་ཚོ་ལྟ་བུའི་མི་སྐྱ་ཡིན་པ། འབྲོག་པའི་མིང་ཡོད་ཀྱང་འབྲོག་སྡེ་རུ་མེད་པ། སློབ་མ་ཡིན་པ། ལས་བྱེད་ཡིན་པ། གྲ་བ་ཡིན་པ་འདིའི་རིགས་ལ་འབྲོག་པས་ཤ་ཟ་དགོས་སམ་མི་དགོས། ཆོག་གམ་མི་ཆོག དེའི་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་ཐོབ་ཐང་སྤུ་ཙམ་ཡང་མེད་ཅེས་བཤད་ན་ཆོག་འདོད་དོ།

 

མདོར་ན། རང་སྤྱང་ཀི་བྱེད་འདོད་ན། རང་གིས་འདེམས་འདོད་པ་དང་བདམས་པའི་ལུས་རྟེན་ཞིག་རེད། འོན་ཀྱང་འབྲོག་པ་ཚོའང་སྤྱང་ཀི་བྱེད་དགོས་པ་རེད། སྤྱང་ཀི་ལྟར་ཤ་ཟ་དགོས་པ་རེད་ཅེས་བཤད་ན། དེ་ག་ལ་འགྲིག

 

གྲྭ་བར་བཀུར་ན་བོད་པ་ཚང་གི་རིག་གཞུང་ལ་བཀུར་བ་རེད། གྲྭ་བས་སྦྱང་བྱ་དེ་ཆོས་ཁོ་ན་མ་ཡིན་པར། བོད་པའི་རིག་གཞུང་ཡིན་པ་དེ་གཞུང་མང་བོ་ན་གསལ་འདུག་ཅེས་མཁས་པ་ཚོས་གསུང་གི་ཡོད་པ་དེ་རེད།

 

ཚོགས་པ་གཅིག་གིས་གཞུང་ངམ་སྤྱི་ཚོགས་གཅིག་དབང་སྒྱུར་བྱེད་ཕྱིར། ཚོགས་པ་དེ་ཉིད་གཙོ་བོར་བཟུང་སྟེ། ཚོགས་པ་དེའི་ཚོགས་ཁྲིམས་དག་བཙན་དབང་གིས་ཚོགས་ཁུངས་ན་ཡོད་མེད་གཉིས་ལ་འཁུར་དགོས་པའི་བཀའ་གཏོང་བ་དང་། ཚོགས་པ་དེ་ལ་ཆེ་མཐོང་དང་། ཚོགས་པ་དེ་ལ་དགའ་དགོས་པ་སོགས་ཀྱི་ཐད་ནས་ཚོགས་པ་དེ་ལས་གྲུབ་པའི་གཞུང་དང་་། གཞུང་དེ་དང་འབྲེལ་བའི་སློབ་གྲྭ་དང་ལས་ཁུངས་སྣ་ཚོགས་བེད་སྤྱད་དེ། ཚོགས་པ་དེ་གནས་སའི་རྒྱལ་ཁུངས་ཀྱི་མི་སེར་དང་། རྒྱལ་ཁུངས་དེ་ན་མེད་པའི་འགྲོ་བ་མིའི་རིགས་མང་བོ་ཞིག་ལ་ཚོགས་པ་དེ་ཉིད་ཡག་རབས་བཟང་རབས་ཞེས་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་དེ་ནི་ང་ཚོས་རྒྱུན་ལྡན་དུ་བཤད་ཀྱིན་ཡོད་པའི་ཀླད་པ་བཀྲུ་བའི་ལས་འགུལ་ཟེར་བ་དེ་ཡིན། འོན་ཀྱང་། གྲྭ་བ་ལ་བཀུར་ན་བཟང་དང་། བཀུར་ན་འོས་པ་དང་། བཀུར་ཐུབ་ན་བཀུར་དགོས་པ་ཞིག་རེད་ཅེས་བཤད་ཀྱིན་ཡོད་པ་དེ་ནི། བོད་རང་གི་ཆོས་ཁྱད་པར་བ་དང་རིག་གཞུང་ཁྱད་པར་བ་དེ་ལ་བརྩི་མཐོང་བྱེད་དགོས་པ་རེད་ཅེས་པ་གཅིག་མཚུངས་སུ་ཆགས་ཀྱིན་ཡོད་པ་ཞིག་རེད་འདོད།

 

ཐོ་ཐོའི་བསམ་ཚུལ་ཡིན།

 

ངས་བྲིས་པའི་སྐད་ཡིག་དང་རྒྱལ་ཞེན་ཟེར་བའི་སྐོར་དྲ་གྲོགས་གཉིས་ནས་མཆན་བརྒྱབ་དེའང་འདིར་བཀོད་ཡོད།

 

“བོད་ཞེན་ངོ་མ་ཡོད་མཁན་གྱི་ཕ་མ་ཞིག་ཡིན་ན། བུ་ཕྲུག་ལ་བོད་སྐད་ཡིག་བསླབས་ཡོད་རེད་དྲན། བོད་ཞེན་ཅན་ཚོས་ཕྱོགས་ཡོངས་ལ་བལྟས་ཏེ་ལས་དོན་ལ་བརྩོན་པ་མ་ཡིན་ནམ། བོད་སྐད་ཡིག་ཤེས་མི་དགོས་པར་འདོད་མཁན་གྱི་བོད་ཞེན་ཅན་ཚོ་མི་རབས་ག་ཚོད་ལ་གནས་ཐུབ་བམ། རྒྱལ་ཞེན་ཡོད་མཁན་ཞིག་སྐད་ཡིག་རིག་གཞུང་ལ་མི་ཞེན་པ་དེ་ཡ་མཚན་མ་རེད་དམ།

 

ང་ཚོས་དབྱིན་སྐད་བཤད་ཤེས་པ་དང་དབྱིན་ཡིག་འབྲི་ཤེས་པས་དབྱིན་ཇི་ལ་མི་འགྱུར་བ་ལྟར། རྒྱ་དང་མི་རིགས་གཞན་རྣམས་ཀྱང་དེ་ལྟར་རོ།། བོད་པ་ལ་བོད་སྐད་དང་བོད་ཡིག་ཡོད། བོད་ཡིག་ནང་དུ་བོད་པའི་རིག་གཞུང་ཡོད། རིག་གཞུང་གི་རྒྱུན་དེ་མི་རིགས་ཀྱི་ཚེ་སྲོག་ལ་ངོས་འཛིན་མཁན་ཡ་ཧུ་དཱ་པ་སོགས་མང་བོ་ཡོད། བོད་པས་བོད་སྐད་བཤད་དུས་རྣམ་འགྱུར་ལས་བོད་གཤིས་མང་བོ་ཞིག་རང་བཞིན་གྱི་མངོན་ཡོད། དེ་བརྟེན་བོད་ཞེན་ཅན་ཚོ་བོད་སྐད་ཡིག་ལ་སོགས་པའི་བོད་པའི་མཚན་མཚོན་དག་ལ་ཞེན་དགོས་པར་སེམས།

 

བོད་པས་བོད་སྐད་བཤད་ཤེས་དགོས་པ་དང་མི་རིགས་གཞན་གྱིས་བོད་ཡིག་སྦྱོང་པ་གཉིས་རྩ་བ་ནས་མི་འདྲ། སྐུ་ཉིད་ཀྱིས་རྒྱ་སྐད་བཤད་ཤེས་ཀྱང་ནམ་ཡང་རྒྱ་རྒན་ཞིག་ཏུ་མི་འགྱུར་བ་ཡིན། ཁྱེད་རང་བོད་པ་ཡིན་པས་བོད་སྐད་བཤད་པ་རང་བཞིན་ཡིན། རྒྱ་མི་ཚོས་རྒྱ་སྐད་བཤད་པའང་རང་བཞིན། ཡིན་ནའང་། བོད་སྐད་བཤད་མི་ཤེས་པའི་བོད་པ་ཚོའི་ཁྲོད་དུ་བོད་ཞེན་ཡོད་མཁན་མང་བོ་ཡོད།

ཨ་ཕོའི་ཁ་ཕོར་གཙང་ཞེན་གྱི་ལོ་རྒྱུས་ཟེར་ནའང་ཆོག། གང་ལྟར་རང་གི་སྐད་དང་ཡི་གེ་ལས་ལྷག་པའི་རྒྱལ་ཞེན་ནམ་ནོར་བུ་རིན་པོ་ཆེ་ཞིག་ཁྱོན་ནས་རྙེད་ཐབས་མ་བྱུང་བས། བོད་རིགས་ཡིན་པ་གང་ཞིག་ལ་བོད་རང་གི་སྐད་དང་ཡི་གེ་མི་ཤེས་ན་ཞབས་འདྲེན་རེད་ཟེར་རྒྱུ་མ་གཏོགས། གཞན་ལབ་རྒྱུ་གླེང་རྒྱུ་ཅང་མེད།

 

དེ་ན་ཙམ་སྒྲ་མི་ཤེས་བ་དེ་ཡང་རྒྱལ་ཞེན་ཆེ་བའི་རྟགས་ཡིན་རྒྱུ་རེད་ཧཧཧ་ཨ་ལ་ཀུ་རེ་ཡིན། གང་ལྟར་ང་ཚོ་མང་བོ་ཞིག་གིས་ཧྥ་སྐད་དང་འཇར་སྐད། དབྱིན་སྐད་དང་རྒྱ་དཀར་ནག་གི་སྐད་ལ་སོགས་པ་མང་བོ་ཞིག་སྦྱངས་འདུག་རུང་། བོད་རང་གི་སྐད་དང་ཡི་གེ་སྦྱངས་རྒྱུའི་ཆུ་ཚོད་མེད་སོང་བ་དེས་དོན་ལ་རྒྱལ་ཞེན་ལའང་འགྲེལ་བཤད་གསར་བ་ཞིག་རྒྱབ་འདུག།

 

ཁྱེད་ཀྱིས་གསུངས་སྟངས་མང་པོ་ཞིག་ལ་མིག་སྔར་དང་རྒྱབ་ལྗོངས་ཀྱི་གནས་ལུགས་གང་འཚམས་འདུག་ལ། བོད་སྐད་ཡིག་མི་ཤེས་མཁན་ལ་རྒྱལ་ཞེན་མི་འདུག་ཀྱང་གཏན་ནས་བསམ་མྱོང་མེད། ཡིན་ནའང་ཁྱེད་རང་རྒྱ་མཚོའི་རླབས་སྒྲར་དགའ་ཞིང་། མཚོ་རླབས་གཤག་བསྐྱོད་ལ་དགྱེས་བ་ནང་བཞིན། ང་རང་ཨ་མའི་ནུ་མ་ནུ་རྒྱུར་ལྷག་ཏུ་དགའ་བས་དེ་ཙམ་ཡིན། རྩེད་མཚར་དང་བཅས།

 

ངོ་མ་རེད། ཕན་ཚུན་ལ་བརྩི་འཇོག་བྱེད་དགོས་བ་དེ་གནད་ཀྱི་དམ་པ་རེད་འདུག། གང་ལྟར་རང་གི་སྐད་དང་ཡི་གེ་ལ་བརྩེ་ཞེན་དགོས་བ་དེའང་རྒྱལ་ཞེན་པ་ཞིག་ལ་མཚོན་ན་དོར་ཐབས་མེད་པའི་ཆ་རྐྱེན་རེད་འདུག་སྟེ། རང་རེ་རྒྱལ་ཁབ་ཤོར་མཁན་གྱི་མི་ཞིག་ལ་མཚོན་ན་དེ་བས་ཀྱང་ཨ་ཅང་ཅང་། དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཕལ་མོ་ཆེའང་དེ་བཞིན་རེད་འདུག་པས། སྤྱིར་གྱི་རང་གི་སྐད་དང་ཡི་གེ་གཙིགས་ཆེར་མི་འཛིན་མཁན་ཞིག་ཕལ་ཆེར་མེད་ཚོད་འདུག། དེའི་སྟབས་ཀྱིས་ཤ་གདུང་རུས་གདུང་ཟེར་བ་དེ་ཡང་དགོས་ངེས་ཤ་སྟག་རེད་འདུག།

 

བོད་ནང་དུ་རྒྱ་གཞུང་གིས་བོད་པའི་ཕྲུ་གུ་ཚོ་ལོ་བཞི་ལྔ་ཞིག་ལ་ཐོན་དུས་ནས་བུ་བཙོལ་ཁང་དུ་འགྲོ་རུ་འཇུག་གི་ཡོད། དེ་ནི་བོད་པའི་ངོ་བོ་བསྒྱུར་ཐབས་ཀྱི་རྒྱ་གཞུང་གི་སྲིད་ཇུས་གཏིང་ནག་དེ་ཡིན། ཡིན་ནའང་། བོད་ནང་གི་བོད་པ་ཚོས་སྒེར་བདག་གི་བུ་བཅོལ་ཁང་བཙུགས་ཏེ་རང་གི་ངོ་བོ་སྲུང་སྐྱོབ་བྱེད་ཐབས་ལ་འབད་ཀྱིན་ཡོད། ཕྱི་ལོག་གི་བོད་པ་རང་བཙན་རྩོད་མཁན་དང་སློབ་སྦྱོང་ཡོད་བསམ་མཁན་ཚོས་བོད་ཞེན་ཡོད་ན་བོད་ཡིག་མ་ཤེས་ན་མི་སྐྱོན་ལབ་ནས་བསྡད་ཡོད།

 

བོད་ཡིག་གི་འཚོ་གནས་དང་རྒྱལ་ཞེན་གཉིས་གཅིག་ལ་གཅིག་བརྟེན་རེད། གཅིག་མེད་ན་གཅིག་གནས་མི་ཐུབ་པར་འདོད།

 

བོད་ནང་དུ་བོད་ཡིག་བེད་སྤྱོད་མེད་པ་ཆགས་བཞིན་པ་མ་རེད། རྒྱ་གཞུང་གིས་བེད་སྤྱོད་མེད་པ་

་བཟོ་བཞིན་པ་རེད། བོད་པ་བོད་ཡིག་ཤེས་མཁན་ཚོའི་ཁྲོད་དུ་བེད་སྤྱོད་ཡོད་ཡོད་པ་རེད། དཔེར་ན་དེ་རིང་འུ་གཉིས་ཀྱི་བར་ལ་བེད་སྤྱོད་བྱེད་བཞིན་པ་མ་ཡིན་ནམ། དྲང་མོ་བཤད་ན་བོད་ཡིག་གི་དཔེ་ཆ་ཞིག་བོད་ནང་དུ་ཁྲིམས་མཐུན་གྱིས་དཔར་རྒྱུ་ཧ་ཅང་དཀའ་མོ་ཞིག་ཏུ་གྱུར་འདུག ཡིན་ནའང་བོད་པ་ཚོས་གསང་སྟབས་ཀྱིས་དཔར་བ་དང་བཙོང་བ་སོགས་བྱེད་ཀྱིན་ཡོད་པ་རེད། བོད་ཡིག་ནང་དུ་ཚན་རིགས་སོགས་རིག་ཚན་མང་བོ་མེད་པ་དེ་ནི་རྒྱ་གཞུང་གི་འགོག་རྐྱེན་དང་ང་རང་ཚོས་མ་འཇོན་པ་ལས་བོད་ཡིག་ལན་པ་མ་རེད། ང་ཚོའི་རང་དབང་ལ་བཞག་ན་བུ་ཕྲུག་ལ་བོད་སྐད་ཙམ་བཤད་ཐུབ་ཀྱི་མེད་པ་མ་ཡིན་ནམ།

 

ཡིན་ནའང་། ལས་ཀ་ཆུང་ས་ནས་བྱས་ཏེ་དམིགས་ཡུལ་ཆེ་སར་འཛིན་དགོས་ཟེར་བ་ལྟར། ང་ཚོ་རང་ལ་དབང་བའི་ཁྱིམ་ཚང་རེ་ཡོད་པ་རེད། རང་ཁྱིམ་དེ་བོད་པའི་ཁྱད་ཆོས་ལྡན་པའི་རང་བཙན་གྱི་ཁོར་ཡུག་ཅིག་བཟོ་ཆོག་པ་མ་ཡིན་ནམ། ནམ་ཞིག་་་་་་་མི་རབས་རྗེས་མ་ཞིག་ལ་་་་་་་་་་མི་སྲིད་པ་མ་རེད།

 

གང་ལྟར་བོད་པ་སུ་ཡིན་ན། བོད་པ་བརྒྱ་ཆའི་ 99% ཁྲོད་དུ་ཚུད་ཐབས་བྱེད་ཐུབ་ན་བཟང་བར་སེམས། གཙོ་བོ་མི་རེ་རེའི་བསམ་བློ་གཏོང་སྟངས་དང་། ཆོད་སེམས། སྙིང་རུས་སོགས་ཐུག་ཡོད་པ་ཞིག་རེད་སྙམ།

 

དེ་བདེན་པ་རེད། རྒྱལ་ཞེན་དང་བོད་སྐད་ཡིག་གི་འཚོ་གནས་ལག་པའི་ཕྱི་ནང་ལྟ་བུ་རེད། རྒྱལ་ཞེན་མེད་ན་བོད་སྐད་ཡིག་ལ་ཞེན་པ་མེད། བོད་སྐད་ཡིག་ལ་ཞེན་པ་མེད་པའི་རྒྱལ་ཞེན་དེ་གནས་སྐབས་ཙམ་ལས་མི་གནས་པར་སེམས།

 

གང་ལྟར་རང་ཉིད་ལྟ་བུ་ཞིག་ལ་མཚོན་ན་སྤྱི་ཚོགས་དཔྱད་བརྗོད་ཀྱི་ལམ་ནས་གང་གིས་གང་སྐྱོབ་ཐུབ་མིན་བཤད་རྒྱུ་ཧ་ཅང་ཁག་པོ་ཞིག་རེད། ཡིན་ནའང་ཁོ་བོས་ཀློག་པའི་དཔེ་དེབ་འགའ་རེ་ཁྲོད་ན་སྐད་ཡིག་རང་སྟེང་ནས་ཆབ་སྲིད་ཀྱི་གནད་དོན་ཧ་ཅང་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་མཁན་གྱི་ཆབ་སྲིད་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་སྨྲ་མཁན་གྲགས་ཆེན་འགའ་རེ་འདུག་པས། དེ་ཉིད་རྩ་བ་ཡིན་པ་ནི་སྨྲོས་མེད་རེད་འདུག། དེའི་སྟབས་ཀྱིས་གཞུང་ལུགས་ཀྱི་སྟེང་ནས་གཙོ་་ཕལ་ཕྱེས་ཚེ་སྐད་ཡིག་གཙོ་བོ་དང་རྒྱལ་ཞེན་ཕལ་བ་རེད་འདུག་སྟེ། དེ་མིན་དེང་སྐབས་རྒྱ་ནག་རྒྱལ་ཁབ་ཀྱི་རྒྱལ་ཞེན་ལྟ་བུར་མཚོན་ན་ཆབ་སྲིད་པ་ཚོས་ལག་ཆ་ལྟ་བུར་ངོས་འཛིན་བྱེད་མཁན་གྱི་རིགས་ཀྱང་འདུག་ཁར། དེ་ལྟའི་རྒྱལ་ཞེན་ལ་རྒྱབ་སྐྱོར་གྱི་རྣམ་པའང་མི་འདུག། དྲང་མོར་ཞུས་ན། རྐང་བའི་འབབ་སྟེགས་མ་ཟིན་པར་ཀོ་གྲུའི་འབབ་སྟེགས་ཟིན་དགོས་བྱུང་ཚེ་དེའང་དཀའ་མོ་ཞིག་ཡིན་པ་ནི་སྨྲོས་མ་དགོས་སོ།”

 

འདི་ནི་ཐོ་ཐོའོ།

 

ལྡ་ངེ་ལྡིང་ངེའི་ཐོ་ཐོ་ཐོན་བཞག་ཡོད།།

ལྡབ་བེ་ལྡིབ་བེའི་སྐད་ཆ་བཤད་ཡོང་སྲིད།།

གླ་སེ་གློས་སེའི་དྲྭ་འབུ་ཡིག་རྨོངས་མིན།།

སྨྱ་སེ་སྨྱོ་སེའི་གླེན་པ་ཀླད་སྟོང་མིན།།

 

ལྡམ་མེ་ལྡོམ་མེར་ད་ལྟ་ཡོ་རོབ་ན།།

རྒྱལ་ཁབ་མང་བོར་ལྡོམ་པའི་ཉམས་མྱོང་ཡོད།།

ཐམ་མེ་ཐོམ་མེར་མི་ལོ་སུམ་བཅུ་འགྱངས།།

ཀྱ་ལི་ཀྱུ་ལེར་འཁོར་བ་སྐྱོང་བཞིན་ཡོད།།

ཀྱ་ཀེ་ཀྱོག་གེའི་མི་ཚེའི་བཞུད་ལམ་ཁྲོད།།

ཛ་རེ་ཛོ་རེའི་ངོ་ཤེས་ཉུང་ཉུང་ཡིན།།

ཉ་གེ་ཉོག་གེའི་བྱ་བ་ལས་མྱོང་མེད།།

རྫ་ནུ་རྫུན་ནེའི་སྐད་ཆ་བཤད་མི་ཤེས།།

 

འཁྱ་རེ་འཁྱོར་རེ་གཉིད་མ་སད་ཀྱི་བར།།

དེ་ཡིན་འདི་ཡིན་མེད་པའི་ལྟ་བའི་འོག།

འདི་རེད་དེ་རེད་ཟེར་རྒྱུའི་གྲུབ་འབྲས་ཤིག།

གང་ཡང་སྟོན་རྒྱུ་མཐོང་རྒྱུ་མེད་མཁན་ཞིག།

 

ཐང་ངེ་་ཐུང་ངེའི་སྙན་ངག་འབྲི་རྒྱུར་དགའ།།

གོ་ལ་མི་གོའི་རང་ལྟ་སྤེལ་རྒྱུར་སྤྲོ།།

གསལ་ལ་མི་གསལ་རས་གཡོར་བར་ན་བཞིན།།

སྦས་བའི་ཚུལ་གྱིས་ལྐོག་གྱུར་སྙན་ངག་འབྲི།།

 

ཐོ་ཐོས། ༢༠༢༡།༠༥།༠༡

 

 

མེ་ཏོག་གཅིག་འབུལ་ཞོར་མེ་ཏོག་གཅིག་འཐུ་ན་འདོད། ༼བཏུ༽

 

གལ་ཏེ།

ལས་དབང་ལ་བཀོད་འདོམས་བྱེད་ཐུབ་ན།

གལ་ཏེ།

ལོ་ཟླ་ལ་འགྱུར་བ་གཏོང་ཐུབ་ན།

ངའི་མི་ཚེ་འདིའི་ཚེ་སྨད་ལ།

བསྐྱར་དུ་ལོ་གཞོན་གྱི་སྟག་ཤར་གཅིག་བྱེད་འདོད་ཅིང་།

རྒྱ་སེ་མེ་ཏོག་རྐང་གཅིག་ཁྱེར་ནས།

ཟླ་བ་དང་སྐར་མས་མཐོང་ས་ཤིག་ནས།

ཁྱེད་ལ་ཁ་མི་འབྲལ་བའི་དམ་བཅའ་ཞིག་དང་མཉམ་དུ།

ངས་མེ་ཏོག་འདི་འབུལ་ན་འདོད་ཅིང་།

མེ་ཏོག་གཅིག་འཐུ་ན་འདོད།

 

མེ་ཏོག་ལྟ་བུའི་ཁྱེད་ཀྱི།

མེ་ཏོག་གི་མཛེས་སྡུག་ལ་འགྲན་ཟླ་བྱེད་ནུས་པའི།

ཁྱེད་ནས་སྐྱེས་པའི་མེ་ཏོག་དམར་པོ་དེ་ནི།

ངེད་གཉིས་ཕན་ཚུན་ངོ་ཤེས་ནས་བཟུང་།

ངས་འཐུ་ན་འདོད་ཀི་ཡོད་པའི་མེ་ཏོག་དེ་ཡིན་འདུག་ལགས།

 

ཐོ་ཐོས། ༢༠༢༡།༠༥།༠༡

 

 

 

ངན་སྨྲས་དང་ཕམ་ཁ།

 

གཅིག་གིས་གཅིག་དེའི་སྐྱོན་ཕྱོགས་བརྗོད་པར་མཁས།།

བཟང་རབས་རྒྱན་རབས་བརྗོད་རྒྱུ་མེད་དམ་ཀྱེ།།

ངན་ཕྱོགས་རྐྱང་རྐྱང་བརྗོད་པའི་གཤིས་ཀ་འདིས།།

རང་གི་སེམས་དང་མིག་ཤེས་བཙོག་པས་བསྒྲིབས།།

 

མི་སེམས་རེ་རེ་བཟང་ངན་གཉིས་ཀྱིས་གྲུབ།།

རེ་རེའི་རྒྱུད་ན་བཟང་ངན་ཆ་སྙོམས་གནས།།

བཟང་ཕྱོགས་དོར་ནས་ངན་ཕྱོགས་རྐྱང་སྨྲས་ཚེ།།

རང་ཡང་ནམ་ཞིག་ངན་པའི་ཁུངས་སུ་ཚུད།།

 

གང་ཞིག་མིག་ལ་མཛེས་པར་མི་སྣང་ཡང་།།

སེམས་ཀྱིས་དེ་ལ་མཛེས་པའི་རྒྱུ་བསྐྲུན་ན།།

ཡོད་ཚད་སེམས་ཀྱི་ངོ་བོར་འབྲེལ་ཡོད་རྐྱེན།།

མཛེས་པར་སྙམ་པའི་རྒྱུ་ནི་གྲངས་མེད་འབྱུང་།།

 

མིག་གི་ཡུལ་ལ་སྐྱག་པ་མི་མཛེས་པ།།

སྣ་ཡི་དབང་ཤེས་སྤྱད་པའི་བསམ་བློ་ཞིག།

སེམས་ཀྱིས་ཞིབ་ཏུ་དཔྱད་ན་མཆོད་རྫས་ཀྱང་།།

འབྲུ་རིགས་སྣ་ཚོགས་རྒྱས་པའི་ལུད་དང་འབྲེལ།།

 

ཞེས་ཐོ་ཐོ་ནས་མི་སྤྱི་ལ་གཞིགས་པའི་བསམ་ཚུལ་ཙམ་ཞིག་བྲིས་པ་ཡིན་དང་། ཚིགས་བཅད་འདི་དམིགས་བསལ་མི་འདི་དང་དེ་ལ་ཞེས་བྱེ་བྲག་ཅིག་བྲིས་པ་ཞིག་མ་ཡིན་ནོ། ༢༠༢༡།༠༥།༠༤

 

སོ་རིན་པོ་ཆེ།

 

ཉ་ཤ་འབུ་ཤ་ཟོག་ཤ་ལུག་ཤའི་རིགས།

སོ་འདིས་མ་འཆོས་མ་ཟོས་གཅིག་ཀྱང་མེད།།

དེའི་ཕྱིར་གཤེད་མའི་ལག་གཡོག་ཇི་བཞིན་གྱི།།

སྡིག་ཅན་སོ་འདིའི་ནག་ཉེས་ཁྲིམས་ལ་སྦྱོར།།

འགྲོ་བ་མི་ཞེས་ཚེ་སྲོག་གཞན་པ་ལས།།

སྨྲ་ཤེས་དོན་གོའི་ཚན་ཉིད་ལྡན་ཟེར་ཞོར།།

ཉམས་ཆུང་དུད་འགྲོའི་རིགས་རྣམས་དམར་གསོད་བྱེད།།

དེ་དག་ཤ་དང་རུས་པ་སོ་འདིས་འཆའ།།

 

རྐང་ལག་བཞིའི་མགོར་འགྲོ་མཁན་ཡོངས་རྫོགས་ལ།།

དུད་འགྲོ་ཟེར་བའི་མིང་ཞིག་བཏགས་བྱས་ཏེ།།

བསམ་དུས་བསམ་དུས་གསོད་རྐྱང་གཏུབ་རྐྱང་བྱེད།།

དེ་དག་ཤ་ཁྲག་བསྲེས་མ་སོ་འདིའི་གསེང་།།

 

ལ་ལས་གསོན་པོ་དྲོན་པོར་ཉ་དང་འབུ།།

སོ་ཡིས་འཆའ་ཞོར་གསོད་ཞོར་བྲོ་བར་མྱོང་།།

བསམ་ན་གཤིན་རྗེ་གཤེད་མའི་གདུག་རྩུབ་དེ།།

སོ་འདིའི་འཆའ་སྟངས་ལས་ནི་མ་འདས་སོ།།

 

ཐོ་ཐོས། ༢༠༢༡།༠༥།༠༤ལ།

 

གསུང་དབྱངས་ལྷ་མོར་བསྔགས་པ།

 

འཚམས་འདྲི་ཐེངས་ཤིག་བྱས་པར།

སྙན་ངག་ཚར་གཅིག་བྲིས་ཡོད།

འདོད་པས་སྨྱོས་པའི་རྣམ་ཤེས།

སྙན་ངག་ནང་དུ་བཅུག་ཡོད།

 

དྲྭ་འབུ་ལོ་བཅུར་བྱས་ཡིན།

ཡོང་འབབ་དཀར་ནག་སེར་གསུམ།

དམར་པོ་རྒྱང་དུ་གཡུག་པའི།

གནས་ལུགས་ཆེ་ཆེ་རེག་སོང་།

 

ལོ་བཅུར་དྲྭ་འབུ་བྱས་རྐྱེན།

ཉིན་ཞིག་ཤི་ནས་སོང་ན།

མ་ཎི་གཅིག་རེ་གཉིས་རེ།

འདོན་མཁན་ཡོད་དེ་ཤེས་སོང་།

 

གསུང་སྐད་ལྷང་ལྷང་གྲག་པའི་དབྱངས་རྟའི་ཁྲོད།།

འདི་ནི་ལྷ་མོ་ཞིག་གི་སྐད་སྙམ་པའི།།

ཤིན་ཏུ་ཡིད་དབང་འཕྲོག་པ་ཆགས་པའི་གཉེན།།

སྒེག་པའི་ཉམས་ཅན་གསུང་དབྱངས་ལྷ་མོར་བསྔགས།།

 

ཁྱེད་ཀྱི་ཤིན་ཏུ་སྙན་པའི་སྐད་ངག་དེས།།

ང་ཡི་སེམས་ཀྱི་ཚོར་བའི་རྣོ་ས་དེར།།

རྨ་བྱས་འབྲུག་སྐད་ཐོས་བཞིན་དགའ་བ་བསྩལ།།

ཁྱེད་ནི་སྐད་གྲགས་ཅན་གྱི་གླུ་མའི་ཡན།།

 

ཁྱེད་དང་ལུས་འབྲེལ་འབྱུང་རྒྱུའི་བསྐལ་བ་ཞིག།

མི་ཚེ་འདི་ལ་ཧ་ལམ་དཀའ་ས་རེད།།

མཉམ་དུ་ཁ་བརྡ་བགྱི་བའི་སེམས་ཚོར་ཁྲོད།།

སྐད་གདངས་ལུས་ལ་བསམས་ཤིང་འདོད་པས་འབྲེལ།།

 

ཐོ་ཐོས། ༢༠༢༡།༠༥།༠༡༤།

མི་རྒྱུད་འབྱུང་ཁུངས་དང་རྣམ་ཤེས་ཟེར་བ།

 

དཔྱད་ན་མི་ནི་ལྷའམ་ཕུལ་བྱུང་བའི།།

འགྲོ་བ་མི་ལས་རྩེ་ཕུད་སྲོག་ཆགས་ཀྱི།།

ཤིན་ཏུ་དཔག་དཀའི་ཚན་རྩལ་ངོ་མཚར་བས།།

གོ་ལ་འདི་ལ་བསྐྲུན་པ་ཡིན་སྲིད་སྐད།།

 

ང་ཚོས་རྣམ་ཤེས་ཟེར་བ་དོན་གྱིས་ནི།།

ལུས་ལ་གསོན་ཤུགས་སྟེར་བའི་གློག་རྡུལ་ལམ།།

ཐོག་པ་ཅི་ཡང་མེད་ཅིང་ལྐོག་གྱུར་པའི།།

རླུང་ངམ་རླུང་བཞིན་རྒྱུ་བའི་གློག་རླབས་ཤིག།

 

མིའི་རིགས་ཨ་ཧྥུ་རི་ཀའི་སྤྲ་རྒོད་དམ།།

བོད་རྣམས་སྤྲེའུ་བྱང་ཆུབ་སེམས་དཔའ་དང་།།

མ་ཡུམ་བྲག་སྲིན་མོ་ལས་བྱུང་ཡིན་མིན།།

དཔྱད་མཐར་ཐེ་ཚོམ་སྔར་ལས་ཆེ་ཞེས་སྨྲས།།

 

གློག་མྱི་ལྟ་བུའི་གློག་མྱི་མ་ཡིན་པའི།།

མིའི་རིགས་ཚེ་སྲོག་གཞན་པས་བསྐྲུན་ཡིན་ཚེ།།

རྣམ་ཤེས་ཟེར་བ་ང་ཚོར་རྒྱུས་ཡོད་ཀྱི།།

ད་ལྟའི་ 4G བརྡ་རྟགས་ཁོངས་སུ་གཏོགས།།

 

འཆི་གསོན་རང་དབང་ཐོབ་པའི་ཉམས་ལེན་པས།།

རང་གི་རྣམ་ཤེས་རང་གིས་འདྲེན་བྱས་ཏེ།།

འཇིག་རྟེན་འདི་དང་རེ་ཞིག་བྲལ་བའི་བར།།

སྐུ་ལུས་འཁྲུལ་བ་མེད་པའི་བེམ་པོར་གྱུར།།

 

ཤི་ནས་བསྐྱར་དུ་གསོན་པའི་སྣང་ཚུལ་གྱིས།།

འཕོ་བ་གྲོང་འཇུག་ཡོད་པ་ཚད་མར་བསྒྲུབས།།

ལུས་དང་རྣམ་ཤེས་ཐ་དད་ཡིན་པ་དང་།།

སྐྱེས་ཀྱང་འཆི་བར་བཟློག་ཐབས་མེད་པ་བསྟན།།

ཤིའང་བསྐྱར་དུ་གང་ཟག་གང་རུང་གི།

ལུས་རྟེན་ཐོབ་ཕྱིར་སྟོང་བའི་ཁམས་འདི་ན།།

རྣམ་ཤེས་ཟེར་བ་བྱེ་བ་ཁྲག་ཁྲིག་ཅིག།

སྐུད་མེད་བརྡ་རྟགས་ནང་བཞིན་གནས་པ་བསྟན།།

 

སྨྱོན་པ་ཐོ་ཐོས། ༢༠༢༡།༠༥།༡༩

 

ནམ་འཆི་ངེས་མེད་ཀུན་ལ་གསལ།

 

གོམ་གང་སྤོ་དང་སྤོ་བཞིན་བར།

དབུགས་གཅིག་ལེན་དང་ལེན་ཞོར་དུ།

གོམ་གང་མ་སྤོའི་སྐད་ཅིག་སྔོན།

སྤོ་རྒྱུའི་བསམ་པ་གང་ནས་བྱོན།

 

རང་ལས་བྱུང་ངམ་འབྱུང་ཡུལ་གཞན།

སྤོ་སའི་ཁ་ཕྱོགས་གཏད་ས་གང་།

ཕྱོགས་དེར་སྤོ་དོན་ཅི་ཡིན་པ།

རེ་རེ་བཞིན་དུ་དཔྱད་ཡོད་དམ།

གོམ་གང་སྤོ་རྩིས་བྱེད་པའི་དུས།

རྐང་བ་གཡས་དང་གཡོན་གཉིས་ལས།

དང་བོ་མདུན་དུ་བསྲིང་བྱ་གང་།

ཞིབ་ཏུ་བརྟག་རྒྱུ་ང་ཡི་བཀའ།

 

དེ་དང་ཞོར་དུ་སྤོ་སའི་སར།

མིག་གིས་བལྟ་རྒྱུ་བརྗེད་མ་འཇུག

འབའ་འབུ་སྲོག་ལྡན་ཉམ་ཆུང་རིགས།

རྐང་བས་མནན་ཚེ་འཆི་བར་ངེས།

 

གླང་ཆེན་སྨྱོན་པའི་རྐང་འོག་ཏུ།

རང་ཉིད་ཤོར་བར་འཇིགས་པ་བཞིན།

ཉམ་ཆུང་འབུ་སྲིན་དེ་དག་ལ།

ཁྱེད་ནི་གླང་ཆེན་སྨྱོན་པའོ།

 

གོམ་གང་སྤོ་རྒྱུའི་བསྐལ་བ་དང་།

དབུགས་གཅིག་ལེན་རྒྱུའི་གོ་སྐབས་དེ།

དེ་རང་ང་ལ་དབང་སྙམ་ཞིང་།

དེ་ལ་ཡིད་རངས་གྱིས་ཤིག་ཀྱེ།

 

ཚེ་སྲོག་རྟ་རྔ་འདྲ་ཞེས་བརྗོད།

སྐད་ཅིག་བར་ནས་འཆད་སྲིད་ཅིག

འཆི་བ་མི་རྟག་ཡིན་ཞེས་སྨྲ།

ནམ་འཆི་ངེས་མེད་ཀུན་ལ་གསལ།

སྐྱེ་ཕྱིར་འཆི་བ་བཟློག་མེད་བཞིན།

མདུན་དུ་གོམ་གང་སྤོས་ཚར་བ།

ཕྱིར་ནུར་བྱས་ཀྱང་དུས་ནི་ཤི།

སྟོང་ཁམས་འདིའང་རྟག་མ་ཡིན།

དུས་ནི་ཡང་ཤི་ཡང་གསོན་རྒྱག

ཡང་ན་ཤི་ནས་གསོན་མེད་ཅིག

ནམ་མཁའ་རྟག་པ་ཡིན་ཞེས་པ།

བསམ་ན་སྔོན་བྱོན་མཁས་པ་འཆུགས།

 

ཞེས་སྨྱོན་པ་འདྲེ་ཐོ་ཐོ་ནས། ༢༠༢༡།༠༥།༢༠ ལ།

 

མྱི་བསད་སྡིག་པ་ང་ལ་མེད།

 

ཤིའང་རྣམ་ཤེས་དེ་ནི་ཁྱེད་བཞུགས་སའི།

གནས་དེར་ཐེངས་གཅིག་ལྡོམ་ནས་ཡོང་ན་ཆོག

སྐབས་དེར་མ་ཎི་འགའ་ཡིས་བསུ་མ་བྱོས།

དེ་ནི་མ་ཤིའི་སྔོན་གྱི་ཁ་ཆེམས་ཤིག

 

སྲིད་འདིའི་འགྲོ་བ་མིའི་རིགས་ཡོད་དོ་ཅོག

གྲྭ་བ་ཇོ་མོ་བྱས་ནས་མ་ཚར་བར།

ང་ནི་མི་ཡི་ཚུལ་དུ་འཇིག་རྟེན་འདིར།

བསྐྱར་དུ་སྐྱེ་རྒྱུ་ཡིན་པར་ཡིད་ཆེ་ཡོད།

 

ང་ལ་མྱི་བསད་སྡིག་པ་ཡོད་མ་ཡིན།

ངས་ནི་རྟ་ནོར་ལུག་གསུམ་རི་དྭགས་བཅས།

གཅིག་ཀྱང་བསད་པའི་སྡིག་པ་ང་ལ་མེད།

དེ་ཕྱིར་ཤིའང་མི་ལུས་ཐོབ་ཤག་ཤག

 

ཁྱེད་ཀྱིས་མེ་ཏོག་ལྡུམ་ར་བསྐྲུན་བྱས་ན།

ངས་ནི་སྦྲང་མའི་སྐྱེ་བ་ལེན་ཡང་ཆོག

ཁྱེད་ཀྱི་འབྲི་ཞོ་སེར་པོ་འཐུང་ཐེངས་རེར།

ངས་ནི་སྦྲང་རྩི་བསགས་ནས་འབུལ་ན་ཆོག

 

འདྲེ་ཐོ་ཐོས།༢༠༢༡།༠༥།༢༠

 

ས་ག་ཟླ་བའི་མཚན་མོ་ལ།

 

ངས་དྲན་དྲན་བོད་ཁམས་དྲན་ཐེངས་རེར།

གླུ་སྣ་ཚོགས་བླངས་ནས་རང་སེམས་གསོ།

སེམས་སྨྲེང་ན་གྱེར་སྟངས་ལ་གཞས་ཡིན།

སེམས་སྤྲོ་ན་ལེན་སྟངས་འབྲོག་གླུ་ཡིན།

 

ངས་ལ་གཞས་གྱེར་ཡུལ་་བོད་མོ་ཡིན།

ངའི་ཚེ་གྲོགས་བོད་མོ་མིན་པས་སྐྱོ།

ངས་འབྲོག་གླུ་ལེན་ས་སྟག་ཤར་ཡིན།

ཚེ་འདི་ལ་ལྷན་འཛོམས་ཐུབ་བམ་ཀྱེ།

 

ང་དོ་དགོང་གོར་གོར་ཟླ་བའི་མདུན།

སེམས་སྐྱོ་ནི་དང་ནི་སྨྲེང་ནས་བར།

ངས་མ་ཎིའི་འཁོར་ལོ་སྐོར་ཞོར་དུ།

དྲིན་མ་ལོ་ཐེངས་ཤིག་མཇལ་ན་བསམས།

 

ཞེས་ཐོ་ཐོ་ནས།

 

ཕ་མ་དང་བུ་ཕྲུག

 

སྤྱིར་ང་ཚོ་འགྲོ་བ་མི་སུ་ཞིག་ཡིན་ཡང་རུང་། མེ་ལོང་ནང་དུ་བལྟས་ཚེ། ལྟ་མཁན་རང་ཉིད་མཐོང་གི་ཡོད་པ་ལས། མི་གཞན་ཞིག་མཐོང་མི་སྲིད་པ་དེ་ཧ་ལམ་ཁྱེད་ཚོས་རྒྱུན་དུ་བཤད་ཀྱིན་ཡོད་པའི་ཆོས་ཉིད་ཟེར་བ་དེར་ཆགས་འདུག་མོད། འོན་ཀྱང་ངས་འདིར་བཤད་འདོད་པ་ནི། མེ་ལོང་དངོས་དེ་མ་ཡིན་པར། ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་དེ་མེ་ལོང་ཞིག་ཏུ་དཔེ་བཞག་ནས་བཤད་འདོད་པ་དེ་ཙམ་ཡིན་ལགས། ཕ་མ་ནི་བྱིས་པ་ཚོའི་མེ་ལོང་དུ་ཆགས་འདུག་ཅེས། ཡང་ན། ཕ་མ་ནི་བྱིས་པ་ཚོས་རང་ཉིད་བཟོ་བསྐྲུན་བྱེད་སའི་མེ་ལོང་ལྟ་བུ་ཞིག་ཡིན་ལ། མེ་ལོང་དེའི་ནང་དུ་ཕ་མའི་གཟུགས་ཀྱི་རྣམ་འགྱུར་དང་། སྐད་ཆ། གཤིས་ཀ་བཅས་རང་གི་ལུས་པོ་དང་སེམས་ཁམས་ལ་འདྲ་བཤུའམ་པར་འདེབས་ལྟ་བུ་བྱེད་ཞོར། རིམ་གྱིས་ཕ་མ་དང་འདྲ་མཚུངས་ཀྱི་མི་ཞིག་བསྐྱར་དཔར་བྱས་ཡོང་གི་ཡོད་པ་ཞིག་རེད་འདོད། དཔེར་ན། ངས་གོང་དུ་བྲིས་པ་ལྟར། ཕ་མ་ནི་བྱིས་པ་ཚོའི་མིག་ལྟོས་བྱེད་སའི་མེ་ལོང་ལྟ་བུ་ཡིན་པའི་དབང་དུ་བཏང་ན། བྱིས་པས་མེ་ལོང་ནང་དུ་བལྟས་ཚེ། དེའི་ནང་དུ་མཐོང་གི་ཡོད་པའི་གཟུགས་དེ་ནི་རང་ཉིད་ཀྱི་གཟུགས་པོ་མ་ཡིན་པར། ཕ་མ་གཉིས་ཀྱི་སྐྱེ་གཟུགས་དེ་ཡིན་འདུག དེ་དང་ཞོར་དུ་གཟུགས་ཙམ་ཁོ་ན་མ་ཡིན་པར། གཟུགས་དེ་ལས་ཐོན་པའི་རྣམ་འགྱུར་སྣ་ཚོགས་ཤིག་མཐོང་གི་ཡོད་ལ། རྣམ་འགྱུར་དེ་དང་མཉམ་དུ་ཐོན་བཞིན་པའི་སྐད་ཆ་སྣ་ཚོགས་ཤིག་ཀྱང་ཐོས་ཀྱིན་ཡོད། རྣམ་འགྱུར་དང་སྐད་ཆ་དེ་དག་གི་ཁྲོད་ན་ཕ་མའི་གཤིས་ཀ་དང་མི་གཞི་མཚོན་བྱེད་ཀྱི་བྱ་སྤྱོད་མང་བོ་ཞིག་རང་བཞིན་གྱིས་མངོན་ཡོང་གི་ཡོད་ལ། མངོན་ཡོང་བ་དེ་དག་བྱིས་པ་ཚོས་རང་གི་སེམས་ནང་དུ་ཅི་ཐུབ་ཙི་ཚོར་གྱིས་ཕབ་ལེན་ལྟ་བུའི་ངང་ཉར་ཚགས་སམ་གསོག་ཉར་བྱེད་ཀྱི་ཡོད། དེ་ཡིན་པས། ཕ་མ་ནི་བྱིས་པའི་ཆེས་ཐོག་མའི་དགེ་རྒན་ཡིན་ལ། ལན་སྟོན་མཁན་དང་སྣེ་ཁྲིད་མཁན་གཙོ་བོ་དེ་ཡིན་འདུག

ཐོ་ཐོའི་བསམ་ཚུལ་ཙམ། ནོར་ཡོད་སྲིད་ལ། ནོར་ཡང་ངོ་ཚ་མེད། ༢༠༢༡།༠༥།༢༢ ལ།

འདྲེ་མིང་བཏགས་པའི་འདྲེ་ཐོ་ཐོའི་མགུར།

 

མ་གཞི་མི་ཡི་ཚུལ་དུ་སྐྱེས་ཡོད་ཀྱང་།།

མིང་ལ་འདྲེ་མིང་འདྲ་ཞིག་བཏགས་བྱས་ནས།།

ངག་ནས་འདྲེ་སྐད་ལྷ་སྐད་བསྲེས་མ་ཞིག།

དྲྭ་ཚོམས་འདི་ལ་བསྒྲགས་པར་བཟོད་གསོལ་ཞུ།།

 

སྤྱིར་ན་མི་ལ་སྐྱེས་ན་མི་ཡིན་པའི།།

ཁྱབ་ཀྱི་ཡོད་མེད་བཤད་རྒྱུ་ཁག་པོ་ཞིག།

སྤྱོད་པ་མི་ལས་བརྒལ་ན་འདྲེའམ་བདུད།།

གང་རུང་ཞིག་ཏུ་བཟུང་ན་འཛིན་ཆོག་ཆོག།

 

འདྲེའམ་བདུད་དང་ལྷ་དང་ལྷ་མོ་བཅས།།

སྟོང་ཁམས་འདི་ན་གཟུགས་སུ་མ་གྲུབ་པའི།།

མིག་མཐོང་ལག་འཛིན་བྱེད་རྒྱུ་མེད་པའི་རིགས།།

ཡོད་ན་གནས་ཡུལ་དེ་ནི་རང་སེམས་ཙམ།།

 

ལྟ་ལོག་ཟེར་ཡང་སོ་སོའི་ལྟ་བ་ཙམ།།

སེམས་ངོར་ཤར་བ་ཇི་ལྟར་སྨྲས་པ་ཞིག།

སྨྲས་པ་ཙམ་ལས་ལག་ལེན་མེད་པ་ཞིག།

འདི་འདྲའི་ལྟ་ལོག་ཁྱེད་ལ་གནོད་དམ་ཀྱེ།།

 

ལྟ་བ་ལོག་འདུག་ཅེས་ནས་བརྗོད་ཀྱང་རུང་།།

དོན་གྱིས་ལོག་སའི་ཡུལ་དེ་རང་སེམས་ཙམ།།

རང་གི་སེམས་ངོར་གྲུབ་པའི་འདོད་ཚུལ་ཞིག།

དངོས་སུ་ལག་ལེན་མེད་པས་སྐྲག་དོན་ཅི།།

 

ཡོད་ཚད་སེམས་དང་སེམས་ཀྱི་འགལ་བ་ཞིག།

གྲུབ་མཐའ་སྨྲ་བ་དག་ཀྱང་དེ་བཞིན་ནོ།།

ངའི་འདི་ཡིན་ནོ་ཁྱེད་དེ་མ་ཡིན་ནོ།།

ཡིན་མིན་བར་གྱི་སེམས་ཀྱི་འཐབ་འཁྲུག་ཙམ།།

 

བྱམས་དང་སྙིང་རྗེ་ཟེར་བ་ཀུན་གྱིས་རྟོགས།།

རང་ཉིད་བདེ་བར་འདོད་པ་གཅིག་མཚུགས་ལགས།།

ལས་དང་རྒྱུ་འབྲས་ཞེས་པ་ཀུན་ལ་གསལ།།

རང་ཉིད་རྒྱལ་ན་འདོད་པ་ཡོངས་གྲགས་ཡིན།།

 

ཀུན་ལ་རྒྱལ་ཞེན་དགོས་པ་སྤྱི་སྐད་ཅིག།

ཀུན་གྱི་སེམས་ཀྱིས་འཕྲེང་ཡུལ་རྒྱལ་ཁབ་ཞིག།

རྒྱལ་ཁབ་མེད་པའི་ཁོར་ར་ཁོར་ཡུག་ཏུ།།

གནས་སྟངས་ཅི་འདྲའི་དཀའ་བ་ཀུན་གྱིས་ཚོར།།

 

འགའ་རེས་རྒྱལ་ཞེན་ཟེར་བ་དོར་ཡོད་ཀྱང་།།

མི་རིགས་གཞན་ལ་མཚོན་ན་གཡོག་པོ་ཙམ།།

ངག་ནས་ཇི་ལྟར་བསྔགས་བརྗོད་བྱས་ཀྱང་རུང་།།

སེམས་ན་ 藏奸 ཟེར་ཞོར་འཕྱ་སྨོག་རྒྱག།

 

 

ལྟ་བ་ལོག་ཀྱང་ཡང་ན་ལོག་མེད་ཚེ།།

ཁྱེད་ལ་གནོད་དང་ཕན་པ་ཅི་ཞིག་ཡོད།།

གཞན་ལ་མཚོན་ན་ཁྱེད་ཀྱང་ལྟ་ལོག་པ།།

ལྟ་ལོག་ཟེར་བ་ལྟོས་ས་ལྟོས་འཇོག་ཅིག།

 

རང་གི་སེམས་དེ་བརྟན་པོར་གནས་གྱུར་ན།།

ལྟ་བའི་སྟ་རེས་ཀྱང་ནི་བསྣུན་ཐབས་མེད།།

སྤྱིར་ན་ལྟ་བ་ཡོད་ཚད་ལྟ་ལོག་ཅིག།

ལྟ་བ་ཀུན་མཐུན་སྲིད་འདིར་མེད་པའི་ཕྱིར།

 

འདྲེ་ཐོས། ༢༠༢༡།༠༥།༢༤

 

གངས་རི་དང་རྩམ་པ།

 

སྦྲང་དཀར་རྩམ་པ་ཁ་བའི་ཟེགས་མ་བཞིན།།

སེམས་ཀྱི་བར་སྣང་སོར་མོའི་སྤྲིན་གསེབ་ནས།།

གསོལ་སྨོན་རླུང་གིས་རམ་འདེགས་བགྱི་ཞོར་དུ།།

བོད་ཁམས་ཡུལ་དུ་གངས་རིའི་ཚུལ་དུ་མངོན།།

 

ཞེས་གོང་གི་བརྙན་དེའི་ནང་གི་རྩམ་པ་སྤུངས་ནས་བསང་གཏོང་གི་ཡོད་པ་དེར་བྲིས་པ་ཞིག་སྟེ། ཚོར་རྒྱུ་འདྲ་ཡོད་དམ། འདྲེ་ཐོ་ཐོས་བྲིས།

 

 

 

 

སྤྲུལ་སྐུ་སྡོམ་ཞོར་འགའ་རེ་ལའོ།

 

སྐྱེ་དུས་འཇའ་ཚོན་སྣ་ཚོགས་ཤར་ཡོད་ཀྱང་།།

བར་དུ་ཉ་ཉོག་གཏམ་གྱི་ཚོགས་ལ་ཚུད།།

མཐའ་མར་འབུ་ཚང་ལྟ་བུའི་འཁོར་བའི་ཁྲོད།།

མགོ་འདར་ལག་འདར་བར་ནས་རྒྱང་ཕུད་བཏང་།

 

ཐོ་ཐོས། ༢༠༢༡།༠༥།༢༥

 

 

དྲྭ་གྲོགས་ཀྱི་མཚན།

 

ཁ་བའི་སྒེག་མོ་ཉི་མའི་གཞོན་ནུའི་འཛུམ་མདངས་དྲོན་མོས་འཁྱུད་བྱས་ཚེ།།

དེ་ཡི་མཐའ་རུ་རླུང་གིས་གཡོ་བའི་མེ་ཏོག་དང་ནི་རྩི་ཤིང་དག།

འདོད་པ་རྒྱས་པས་གངས་ཆབ་དྲོན་མོ་ཁུ་བར་སྙམ་ཞིང་དལ་གྱིས་རོལ།།

རྣོ་མདའ་ཐོགས་པའི་འདོད་པའི་ལྷས་ཀྱང་ཡིན་སྨོན་བགྱི་ཞོར་ངག་རྩལ་ངོམ།།

 

ཞེས་ཁ་བའི་ཉི་གཞོན། གྱི་མཚན་དང་རྣོ་མདའ གཉིས་ཀྱི་མཚན་དེ་ལ་གཞིགས་ནས་བྲིས་པའི་ཚིགས་བཅད་ཅིག ཐོ་ཐོས།

 

 

 

 

 

སྔོན་མའི་རིག་གསར་དངོས་དང་དེང་གི་གསར་བརྗེ་བའམ་ལྟ་ལོག་པར་འབོད་པ་གཉིས་ཀྱི་ཁྱད་པར་དང་རིག་གཞུང་ནང་དམེའི་དུས།

 

གོང་དུ་བཤད་པའི་གསར་བརྗེ་མི་འདྲ་བ་གཉིས་ལས། ཕྱོགས་གཅིག་གིས་མི་རིགས་ཤིག་གི་རྒྱུན་ནམ་རིགས་རྒྱུད་དང་། དེ་དང་འབྲེལ་བའི་བསམ་བློ་དང་རིག་གཞུང་། ཆོས། ཡང་ན་མི་རིགས་ཤིག་གིས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་བཅས་ལ་བཅངས་པའི་དད་པ་དང་ཡིད་ཆེས། དགའ་བ་དང་བརྩི་བཀུར་སོགས་མེད་པར་གཏོང་པའམ། རྩ་རྫོགས་བྱེད་འདོད་ཀྱི་ཡོད་པ་དེ་རེད་དང་། དེ་ལ་དམིགས་ཏེ། བོད་ཁམས་གང་ས་གང་ནས་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་དེ་ས་གནས་གཞན་དང་རྣམ་པ་མི་འདྲ་བའི་ཆ་ནས་སྤེལ་བ་ཞིག་རེད། མདོར་ན་རྒྱ་མི་རིགས་ཀྱི་མགོ་ཁྲིད་གཙོ་བྱས་ཏེ་ཀྲུང་གོ་རྒྱལ་ཡོངས་སུ་སྤེལ་བའི་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་འཇིགས་ཅན་དེས་བོད་ལ་གསར་བརྗེ་བྱས་པ་དང་རྒྱ་ནང་དུ་གསར་བརྗེ་བྱས་པ་གཉིས་མིང་འདོགས་སྟངས་ཀྱི་ཆ་ནས་འདྲ་ཡང་། དོན་གྱིས་ཁོང་ཚོའི་དམིགས་ཡུལ་ཁ་ཁ་རེད། སྤེལ་སྟངས་ཁ་ཁ་རེད། རྒྱ་ནང་ཁུལ་དུ་ཆབ་སྲིད་དབང་ཆ་གཙོ་བོར་དམིགས་ཏེ་སྤེལ་བ་ཞིག་དང་། བོད་དུ་མི་རིགས་ཤིག་གི་རིགས་རྒྱུད་དང་རིག་གཞུང་། བསམ་བློ་དང་དད་ཞེན་བཅས་མེད་པར་བཟོ་རྒྱུར་དམིགས་ནས་སྤེལ་བ་ཞིག་རེད།

 

དེ་ནས་ཕྱོགས་གཞན་པ་དེའམ་བོད་པ་ཚོས་རྒྱུན་དུ་བཤད་བཞིན་པའི་ལྟ་ལོག་པ་ཟེར་བ་དེའི་རིགས་ཀྱིས། རང་མི་རིགས་ལ་ཡོད་བསྡད་པའི་ཆོས་དང་རིག་གཞུང་། གོམས་གཤིས་བཅས་ལས་མི་ལེགས་པའི་རིགས་ལ་སྙམ་པའི་རིགས་དང་། དུས་རབས་འདི་དང་གནས་སྟངས་འདི་འདྲ་ཞིག་ལ་རྒྱབ་འགལ་དུ་ཆགས་ཟིན་འདུག་སྙམ་པའི་རིགས་དང་། བོད་ལ་ཕན་ཐོགས་ལས་གནོད་པ་ཆེ་འདུག་སྙམ་པའི་རིགས་བཅས་ལ་ངོ་རྒོལ་དང་། ཡང་ན་དགག་རྒྱག་བྱེད་ཀྱི་ཡོད་པ་ཞིག་རེད་མ་གཏོགས། བོད་མི་རིགས་འདི་དང་འདིའི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་སོགས་ཡོད་ཚད་རྩ་མེད་དུ་གཏོང་དགོས་དང་། གཏོང་རྒྱུའི་འདོད་པ་ཡོད་ཅེས་མི་སུ་ཞིག་གིས་སམ། ཡང་ན་བོད་མི་མང་བོ་ཞིག་གིས་རྒྱུན་ལྡན་དུ་བཤད་ཀྱིན་པའི་ལྟ་ལོག་པ་རེད་ཟེར་བ་དེ་ཚོས་ཀྱང་བཤད་ཀྱི་ཡོད་པ་ཞིག་མ་རེད།

མདོར་ན་སྔོན་མའི་རིག་གསར་སྐབས་ཀྱི་གསར་བརྗེ་དེ་ནི་བོད་མི་རིགས་ལ་སྡང་བའི་གསར་བརྗེ་ཞིག་ཡིན་ལ། དེང་གི་བོད་མི་རིགས་རང་གི་ནང་དུ་བོད་མི་ཚོས་ལྟ་ལོག་པར་འབོད་པའི་བོད་མི་གསར་བརྗེ་བ་དེ་ཚོ་ནི་བོད་མི་རིགས་ལ་་ཤིན་ཏུ་ཤ་ཚ་བའི་དང་སྙིང་ཉེ་བའི་རྐྱེན་གྱིས་གསར་བརྗེ་མཁོ་སར་གསར་བརྗེ་བྱེད་དགོས་པ་ཞིག་རེད་དང་བྱེད་འདོད་ཀྱི་ཡོད་ཅེས་བགྲོ་གླེང་དང་གཏམ་བརྗོད་སྤེལ་གྱིན་ཡོད་པ་ཞིག་རེད་འདོད།

 

གཞན་ཡང་དེང་སང་གི་དུས་རབས་འདི་དང་སྦྱར་ནས་བཤད་ན། འདི་ལ་རིག་གཞུང་ནང་དམེའི་དུས་ཞེས་བཤད་ནའང་ཆོག་སྙམ། དུས་འདི་དང་འདི་ལྟ་བུའི་དུས་ཁྱད་པར་བ། ཡང་ན་འདི་ལྟ་བུའི་ཁ་འཐོར་གྱི་དུས་ཛ་དྲག་དང་དུས་འདྲ་ཉམས་མིན་པ། ཡང་ན་དུས་དང་བསྟུན་པའི་འགྱུར་བའི་ཁྲོད་ན་གཞན་ལས་རྗེས་ལུས་ཐེབས་པ། ཡང་ན་དུས་དང་བསྟུན་མི་ཤེས་པ་དང་མཐུན་པོ་བྱེད་མི་འདོད་པའི་དུས་མཁྲེགས་པོ་འདི་འདྲ་ཞིག་གི་སྐབས་སུ། ང་ཚོ་ལས་རྣམ་དཔྱོད་ལྡན་པ། ང་ཚོ་ལས་སྤོབས་པ་ཆེ་བ། ང་ཚོ་ལས་རྒྱལ་ཞེན་དང་རིགས་ཞེན་ཆེ་བ་དག་ལ། ང་ཚོས་ལྟ་ལོག་པའམ་རིགས་གསར་པ་ཞེས་མིང་བཏགས་ཏེ། དེ་དག་འབུར་འཇོམས་བྱེད་ཅི་ཐུབ་བྱེད་ཀྱི་ཡོད་པ་དེ་ནི། ང་ཚོས་རང་བོད་མི་རིགས་འདིའི་ཆོས་དང་རིག་གཞུང་། གོམས་གཤིས་བཅས་ཀྱི་ཚེ་སྲོག་གསར་པའི་ཐོག་ཏུ་སྟ་རེ་བསྒྲེངས་ནས་ནང་དམེ་བྱེད་ཀྱི་ཡོད་པ་ཞིག་རེད་འདོད།

ཐོ་ཐོའི་བསམ་ཚུལ་ཡིན། ཐོ་ཐོ་ནས། ༢༠༢༡།༠༥།༢༧

 

 

 

 

ཐོ་ཐོའི་སེམས་འཁྲུལ་བ།

 

རྣམ་ཤེས་ཟེར་བ་གློག་རླབས་ཡང་ན་བརྡ་རྟགས་དང་།།

བླ་དང་ཚེ་སྲོག་མཉེན་ཆས་འདྲ་ཞེས་སྨྲས་པ་འཁྲུལ།།

དབང་བོ་ལྔ་སོགས་མ་ལག་ཡིན་ཞེས་བརྗོད་པ་འཁྲུལ།།

འཕྲུལ་བའི་སེམས་ཀྱིས་འཁྲུལ་བ་བདེན་པར་བསྒྲུབས་པ་འཁྲུལ།།

 

ཐོ་ཐོས། ༢༠༢༡-༠༥-༢༨

 

 

 

མ་ཧཱ་བྷ་ར་ཏཱ་གཉིས་པའི་ཚོགས་གཙོ་མར་བྲིས།

 

ཤེས་རབ་མདའ་གཞུ་ཐོགས་པའི་ཟུར་མིག་མ།།

ཚིག་གི་མདའ་མོ་ཐད་དུ་འཕེན་མཁས་མ།།

ཁྱེད་ཀྱི་སྙིང་སྟོབས་སྟག་ཤར་ལས་ཀྱང་ཆེ།།

བདག་ཉིད་ཁྱེད་ཀྱི་ཆབ་འབངས་གྱུར་པས་སྤྲོ།།

 

འདི་ནི་རྒྱལ་ཕྲན་ཞིག་ལ་བསམས་བྱས་ཏེ།།

ངེད་རྣམས་འབངས་ལ་བསམས་ཤིང་གནས་བྱས་ན།།

ང་ཚོའི་རྒྱལ་མོར་འོས་པའི་ཟུར་མིག་མ།།

ཁྲིམས་དང་འགྲིག་ལ་བཀུར་རྒྱུ་ང་ཚོའི་འགན།།

 

འབངས་རྣམས་མཐུན་ན་རྒྱལ་ཁབ་བརྟན་ཇི་བཞིན།།

འབངས་མིའི་ཚུལ་དུ་གནས་པའི་དྲྭ་གྲོགས་ཚོ།།

རྒྱལ་ཁབ་མེད་རྐྱེན་རྒྱལ་ཕྲན་ཡིན་སྙམ་སྟེ།།

རྒྱལ་ཕྲན་འདི་ཉིད་རྒྱལ་ཁབ་བཞིན་དུ་སྐྱོངས།།

 

རྒྱལ་ཁབ་མེད་པའི་འཁོར་བའི་ཁོར་ཡུག་ཏུ།།

རྒྱལ་འབངས་ཡིན་མིན་སེམས་ན་སོ་སོར་གསལ།།

རྒྱལ་བོའི་འབངས་སམ་རྒྱལ་མོའི་འབངས་ཀྱི་ཚུལ།།

རྒྱལ་ཁབ་མེད་པའི་སྟོང་ཆ་འདི་ནས་ཁོངས།།

 

ཐོ་ཐོས། ༢༠༢༡།༠༥།༢༨

 

 

ཐོ་ཐོས་དགོངས་དག་ཞུས་པ།

 

དེ་རིང་ལྟ་ལོག་མིན་པའི་ལྟ་ལོག་རིགས།།

ཚིག་གི་སྦྱོར་བ་འབྲེལ་དང་མི་འབྲེལ་ངང་།།

ཚོམས་འདིའི་དཔྱོད་ལྡན་དག་གི་གསན་ལམ་དུ།།

སྨྱོ་བཤད་གཟའ་བཤད་བྱས་པར་དགོངས་དག་ཞུ།།

 

གོ་རྒྱུ་ཡོད་ལ་མེད་ལའི་སྐད་ཆ་ཞིག།

དཔྱད་གཞིར་འགྲོ་མིན་བར་གྱི་ལྟ་བ་ཞིག།

གང་འདོད་ཚོམས་འདིར་མངག་མཁན་ཐོ་ཐོ་ང་།།

སྤྱིར་ན་དྲྭ་འབུ་གླེན་པ་གླེན་པ་ཞིག།

 

མནལ་ལམ་ཁྲོད་དུ་གང་རིགས་མཐོང་བ་དང་།།

སད་པའི་དུས་སུ་མངོན་སུམ་མཐོང་བ་གཉིས།།

མཐོང་སྟངས་ཆ་ནས་ཁྱད་པར་ཤི་གསོན་བར།།

གཅིག་ཤོས་རྨི་ལམ་གཅིག་དེ་མངོན་སུམ་ཞིག།

རྨི་ལམ་ནང་ནས་མཐོང་བ་ཅི་རིགས་དེ།།

ཅིའི་ཕྱིར་དངོས་སུ་མཐོང་བཞིན་ཚོར་རྐྱེན་ཅི།།

མཐོང་བྱེད་མིག་ལ་འདོད་ན་གློའུ་རྟགས་ཤིག།

ཡེ་ཤེས་སྤྱན་གྱིས་ཁོངས་གཏོགས་ཡིན་ནམ་ཀྱེ།།

 

དེ་བཞིན་ལྷག་མའི་དབང་བོ་གང་རུང་གིས།།

རྨི་ལམ་ནང་ནས་ཚོར་གྱིན་ཡོད་པའི་རིགས།།

བསམ་ན་མ་རིག་བློ་འདི་སྐད་ཅིག་ཙམ།།

སངས་རྒྱས་ཚུལ་དུ་གནས་པ་ཡིན་ནམ་ཀྱེ།།

 

བསམ་ན་ཉོན་མོངས་རིགས་གྱུར་སེམས་ཚོར་རིགས།།

རྨི་ལམ་ནས་ཀྱང་མངོན་སུམ་ཚོར་བ་བཞིན།།

སྡང་སེམས་གནོད་སེམས་ཅི་རིགས་འབྱུང་བས་ན།།

སྐད་ཅིག་སངས་རྒྱས་འདོད་པ་གློའུ་བཤད་ཅིག།

 

བསམ་ན་ཉོན་མོངས་རིགས་གྱུར་སེམས་ཚོར་རིགས།།

རྨི་ལམ་ནས་ཀྱང་མངོན་སུམ་ཚོར་བ་བཞིན།།

སྡང་སེམས་གནོད་སེམས་ཅི་རིགས་འབྱུང་བས་ན།།

སྐད་ཅིག་སངས་རྒྱས་འདོད་པ་གློའུ་བཤད་ཅིག།

 

སྐྱེས་ནས་འཆི་བར་བཞུད་པའི་ལམ་འཇིགས་ཅན།།

བསམ་ན་བརྒྱུད་ལ་ཚོར་བ་སྣ་ཚོགས་འབྱུང་།།

མི་འཆི་རྟག་བརྟན་གནས་པའི་ཐབས་ལམ་ཞིག།

གནམ་ས་གཉིས་ཀྱི་བར་ན་ཡོད་དམ་ཀྱེ།།

 

ཀུན་གྱིས་མགོན་ལ་བརྟེན་པའི་སངས་རྒྱས་བཞིན།།

ནམ་ཞིག་བདག་ཉིད་སངས་ནི་རྒྱས་གྱུར་ན།།

སངས་རྒྱས་མྱ་ངན་འདས་པའི་ཚུལ་དེ་ནི།།

འགྲོ་བ་མི་ལ་བདག་གིས་སྟོན་མི་བྱ།།

 

ཞེས་ཐོ་ཐོ་ནས།༢༠༢༡།༠༥།༢༩ ལ།

 

ཐོ་ཐོ་ངས་དྲྭ་འབུ་བྱེད་སྟངས་ཤིག

 

རང་སེམས་ཆུ་ཤེལ་བཞིན་དུ་གཙང་པའམ།།

ཡང་ན་དྭངས་ཤིང་གསལ་བར་གནས་གྱུར་ན།།

ཐོ་ཐོའི་ཉོག་གཏམ་ས་རྡུལ་ལྟ་བུའི་རིགས།།

བབས་ཀྱང་སྐད་ཅིག་ཙམ་རྗེས་སྣང་མི་གྱུར།།

 

རང་གི་སེམས་འདི་བརྟན་པོར་གནས་བྱས་ཏེ།།

གཞན་པས་ཚིག་གི་མདུང་རྩེས་བསྣུན་ནའང་།།

སེམས་ངོར་མཁྲེགས་པོའི་ཁྲབ་རྨོག་ཡོད་སྙམ་ཞིང་།།

ཚིག་ལན་མེ་ལྕེས་ཕ་རོལ་བསྲེག་མི་བྱ།།

 

སྤྱིར་ན་མི་ཚེ་འདི་ནི་ཐུང་ཐུང་ཞིག།

སེམས་ཀྱི་བདེ་བ་བདེ་བའི་མཆོག་ཏུའོ།།

བདེ་བ་ཐོབ་ཕྱིར་གཉེར་ཚུལ་མི་འདྲའང་།

ཀུན་གྱིས་བདེ་བ་འདོད་པ་གཅིག་མཚུངས་ལགས།།

ཁྱེད་ནི་དེ་ལྟར་སྒོམ་གྱི་བསམ་གཞིག་ཁྲོད།།

ངས་ནི་འདི་ལྟར་རང་སེམས་བདེ་ལ་འགོད།།

ཕྱི་རོལ་རླུང་དང་ཆར་བས་ཟིང་འཁྲུག་བར།།

ངེད་གཉིས་ལུས་སེམས་འཚུད་པར་མི་བྱའོ།།

 

འགའ་རེས་བསམ་ཚུལ་དེ་ནི་ཚིག་རྩུབ་ལམ།།

མེ་ཤུགས་འཕུར་མདའ་ནང་བཞིན་བཏང་བ་དེ།།

ཐོ་ཐོའི་སེམས་ནས་ནམ་མཁར་བཏང་བར་བཞེད།།

མཁའ་ལ་བལྟས་ཚེ་ཉི་མ་འཛུམ་དམུལ་དམུལ།།

 

ཚུར་ལ་འཛུམ་གྱིས་བསུ་བར་ལན་ནི་འཛུམ།།

ཚུར་ལ་ཚིག་རྩུབ་བརྗོད་པར་ལན་འདེབས་མེད།།

ཚུར་ལ་སྡང་སེམས་ཁྲོད་ནས་འཇིགས་སྐུལ་དང་།

ཚུར་ལ་ངན་སྨྲས་བྱེད་པ་སྟོང་བར་བསྒྲུབས།།

 

གཟུགས་ཅན་ཅོལ་ཆུང་རིགས་ཀུན་སྟོང་བར་བསྒྲུབས།།

གཟུགས་མེད་སྣང་ངོར་བྱུང་དག་ཡིད་ཀྱིས་སྟོང་།།

མི་བདེ་མི་སྐྱིད་བཟོ་མཁན་གང་རིགས་དེ།།

ཡོད་ཚད་སྟོང་བའི་ཁམས་སུ་སྟོང་དུ་བཅུག།

 

སྣང་བ་སྟོང་ཁམས་ཤིག་ན་སྟོང་དུ་འཇུག།

སྣང་ངོ་སྟོང་ཁམས་དེ་ཡིས་འཁྲུད་པར་བྱེད།།

རྒྱུད་རིམ་ཁྲོད་ན་རང་ཡང་མེད་པར་སྒྲུབ།།

མཐའ་མར་ཅི་ཡང་མེད་པར་ཅི་སྐྱོན་སྙམ།།

 

ཐོ་ཐོས། ༢༠༢༡།༠༥།༣༠

ཐོ་བསྔགས།

 

གྲངས་ཀ་གྲངས་ཀའི་ཚོགས་རྣམས་བདག་གིས་ནི།།

ལུས་འདིའི་སྤུ་ཉག་རེ་དང་ཁ་སྤུ་ལས།།

གང་དེ་འབལ་བར་བློ་ཡིས་བསྐུལ་ནུས་བཞིན།།

དེ་དག་རྒྱན་དུ་ལྡིང་བར་ཤེས་རབ་སྩོལ།།

 

གཟུགས་ཡོད་གཟུགས་མེད་ཁམས་འདིའི་ལྷ་ལྷ་མོ།།

བདག་ལ་རྒྱན་ལས་རྒྱལ་བའི་དངོས་གྲུབ་སྩོལ།།

བདག་གི་སེམས་འདིས་གང་ཞིག་བསྒོམས་བྱས་པ།།

འགུགས་དང་ཐོབ་པའི་བསོད་ནམས་གནོངས་ཤིག་ཀྱེ།།

 

དྲང་གཏམ་བཤད་ན་བདག་ནི་དབུལ་བོ་ཞིག།

གཏོང་ཕོད་ཆེ་ཅན་ཞིག་ཏུ་སྒྱུར་ཅིག་ཀྱེ།།

ཉམ་ཐག་སྡུག་ལས་གྲོལ་བར་འབྱོར་བ་མཁོ།།

བདག་ཉིད་ཐར་བས་མང་བོ་ཐར་བར་བྱེད།།

 

ཅེས་ཐོ་ཐོ་ནས། ༢༠༢༡།༠༥།༣༡ ལ།

 

ལོ་རྒྱུས་ནི་མི་རིགས་ཤིག་གི་བླ་སྲོག

 

ང་ཚོ་ནི་མི་རིགས་ཆེན་པོ་ཞིག་གི་འོག་ཏུ་བཅུག་ཡོད་པའི་མི་རིགས་བཙན་པོའམ། བཙན་པོའི་ལོ་རྒྱུས་དེ་འཛམ་གླིང་འདིའི་སྒང་ནས་ཆེས་རང་ཤོས་ཤིག་ཡོད་མཁན་དེ་ཚོའི་གྲས་སུ་གོམ་པ་རྒྱག་ཐུབ་པའི་མི་རིགས་ཤིག་ཡིན་འདུག

ང་ཚོ་ནི་སྒྲོག་སྣ་ཚོགས་ཤིག་གིས་བསྡམས་པའི་དང་བཅིངས་བསྡད་ཡོད་པ། སྦྲེལ་བསྡད་ཡོད་པའི་མི་རིགས་ཤིག་སྟེ། བརྒལ་མི་ཆོག་པའི་ཐིག་ཤིང་དམར་པོ་འདྲ་མིན་སྣ་ཚོགས་ཤིག་ཚུར་རོལ་ན་བཀག་ནས་བསྡད་ཡོད་ལ། ང་ཚོར་མཚོན་ན་ཡར་རྒྱས་ཡིན་པ་དེ་ནི། ཁོང་ཚོར་མཚོན་ན་ནི་ཐིག་ཤིང་དམར་པོ་དེའི་ཕ་རོལ་དུ་བརྒལ་བར་སྙམ་ཞིང་དེ་ལ་ཕྱོགས་སྣ་ཚོགས་ཤིག་ནས་ཐབས་ལམ་སྣ་ཚོགས་སྤྱད་དེ་བར་ཆད་བཏང་ཡོང་གི་ཡོད་པ་ཞིག་རེད་འདོད།

དེ་ནས། བོད་བཙན་པོའི་དུས་སུ་རྒྱལ་ཁབ་འཐོར་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་ནི་གལ་སྲིད་ནང་བསྟན་ཆོས་ལུགས་དེ་ཆགས་ཡོད་པའི་དབང་དུ་བཏང་ན། ད་ལྟའི་བོད་མདོ་དབུས་ཁམས་གསུམ་གྱི་གནས་སྟངས་དང་སྦྱར་ནས་བཤད་ན། སྔོན་ལས་ལྡོག་སྟེ། བོད་མི་རིགས་ལ་ཕན་ཐོགས་མཁན་གྱི་རིག་གཞུང་རྩ་ཆེན་ཞིག་ཏུ་ཆགས་འདུག་སྙམ།

དེང་རབས་ཀྱི་ང་ཚོ་ལ་མཚོན་ན། བོད་བཙན་པོའི་ལོ་རྒྱུས་དེ་ནི་ང་ཚོའི་ཚེ་བླ་སྲོག་ཟེར་བ་དེ་ཆགས་བསྡད་པ་ཞིག་རེད། ལྷག་པར་དུ་འབྲོག་ས་དང་ཞིང་ས་ན་ཡོད་བསྡད་པའི་གཞོན་སྐྱེས་ཕོ་མོ་ཚོ་དང་སློབ་ཆེན་ནང་གི་སློབ་མ་དེ་ཚོ་ལ། རྒྱུ་མཚན་དེ་འདྲ་ཞིག་གི་རྐྱེན་གྱིས་ང་ཚོ་ལས་བོད་མི་སུ་ཞིག་ཡིན་ཡང་རུང་། ལྷག་པར་དུ་གཞོན་སྐྱེས་ཚོས་བོད་རང་གིས་བྲིས་པའི་ལོ་རྒྱུས་དངོས་སམ། གཞན་མི་རིགས་ཀྱིས་འཁྱོག་བཤད་བྱས་མེད་པའི་ལོ་རྒྱུས་དེབ་ཐེར་དེ་ཚོ་བཀླག་ཅི་ཐུབ་བཀླགས་ན། ཕྱོགས་སྣ་ཚོགས་ཤིག་ནས་ཕན་ཐོགས་ཆེན་པོ་ཡོད་རྒྱུ་རེད་འདོད།

 

 

དེ་ཚང་གི་བྱིས་པའི་དུས་ཆེན་ཟེར་བ་དེ་ནི་ 红领巾 དང་ 旗 གཉིས་གཙོར་བཟུང་སྟེ། བསམ་བློ་མ་སྨིན་པའི་བྱིས་པ་དག་ལ་སྤེལ་བཞིན་པའི་ཀླད་པ་འཁྲུད་ཐབས་ཀྱི་ལས་འགུལ་ཞིག་རེད་འདོད།

ལས་འགུལ་དེ་ལྟ་བུས་ནི་ནར་མ་སོན་པའམ་བསམ་བློ་སྨིན་མེད་པའི་བྱིས་པ་ཚོའི་དྭངས་ཤིང་གཙང་བའི་སེམས་ཁམས་དེ་ལ་ཆབ་སྲིད་བསམ་བློས་བཙན་འཛུལ་བྱེད་ཀྱིན་ཡོད་པ་ཞིག་རེད་འདོད།

དེ་ལྟ་བུའི་ལས་འགུལ་གྱིས་རྗེས་སུ་ནར་སོན་སྲིད་པའི་བྱིས་པ་དེ་དག་ནར་སོན་ཏེ་རང་གི་རིག་པས་བྱ་དངོས་གང་རུང་ལ་དཔྱད་པ་གཏོང་ཐུབ་པའི་དུས་སུ། སྔར་བྱིས་པ་བསམ་མེད་ཡིན་དུས་དང་བྱིས་པའི་དྲུག་ཅིག་དུས་ཆེན་ཟེར་བའི་སྐབས་རེ་རེ་ལ་རང་གི་སེམས་ཁམས། ཡང་ན་བསམ་བློ་ཆུང་ཆུང་དེའི་ནང་བཞག་ཡོད་པའི་རིགས་དང་མི་མཐུན་པའམ། མི་འདྲ་བ། ཡང་ན་འགལ་བ་ཅན་དུ་ཆགས་ཚེ། ཧ་ཅང་གི་བློ་ཕམ་སྐྱེ་ཡོང་བའི་ཐོག རང་གི་སེམས་ཁམས་ལ་དེ་ལ་སྙོམ་སྒྲིག་ལྟ་བུ་བྱེད་མ་ཐུབ་པར། ལུས་དང་སེམས་བཅས་ལ་གནོད་པ་སྣ་ཚོགས་འབྱུང་རྐྱེན་གྱི་རྒྱུ་རུ་འགྱུར་མི་སྲིད་པ་ཞིག་མ་རེད་ཅེས་བཤད་འདོད་སོང་།

རྐྱེན་དེ་འདྲའི་རིགས་ལ་བསམས་ཏེ། ང་རང་གི་བསམ་ཚུལ་ཉུང་ཉུང་འདི་དག་ཡིག་ཐོག་ཏུ་བཀོད་པ་ཞིག་ཡིན། མདོར་ན། བྱིས་པ་ནི་བྱིས་པ་ལ་བསམས་ཤིང་བྱིས་པ་ལ་འབབ་པའི་བསླབ་བྱ་དང་བྱིས་པ་ལ་རན་པའི་བསམ་བློའི་ཕྱོགས་ལ་སྣེ་ཁྲིད་བྱས་ན། བདག་གཞན་གང་རུང་ལ་གནོད་པ་ལས་ཕན་པ་ཡོང་སྲིད་པ་ཞིག་རེད་འདོད། འདི་ནས་བདག་ཟེར་བ་དེ་བྱིས་པ་ཚོ་ལ་དང་། གཞན་ཞེས་པ་ནི་ཁོང་ཚོ་མ་འོངས་པར་ཁ་གཏད་སའི་མིའི་སྤྱི་ཚོགས། གཞུང་གང་རུང་། བསམ་བློ་དང་ལངས་ཕྱོགས། རིག་གནས་དང་ཆབ་སྲིད། མང་བོ་ཞིག་ལ་གོ་དགོས་པ་ཞིག

 

ཐོ་ཐོའི་བསམ་ཚུལ། ༢༠༢༡ ལོའི་ཟླ་དྲུག་པའི་ནང་དུའོ།

 

 

 

མཐའ་སྟོང་བ།

 

རི་ལ་སེང་གེ་དགུང་ན་འབྲུག་བཞིན་གྲགས་ཀྱང་རུང་།།

ནམ་མཁའི་བྱའང་ས་ལ་འབབ་དང་ལྷུང་སྲིད་ལྟར།།

སྐབས་རེར་མཐོ་སར་མཚམས་རེར་བར་དང་དམའ་སར་གནས།།

མཐའ་མར་ཅི་ཡང་མེད་པ་གང་ཡང་མེད་པས་སྟོང་།།

 

ཐོ་ཐོའི་བསམ་ཚུལ་ཞིག

 

འབྲོག་མོ་ཞིག་ལ།

 

རྟ་ནོར་ལུག་གིས་བསྐོར་བའི་གཡང་ཁྱིམ་དེའི།།

བདག་མོ་ཁྱེད་ཀྱི་གཡང་ཁུག་དམར་པོའི་ནང་་།།

མེ་ཏོག་དམར་པོ་བསྲིང་རྒྱུའི་འདུན་པ་སྐྱེས།།

ཁ་བཏགས་དཀར་པོ་ཁ་ལ་གཡོགས་ན་འདོད།།

 

ཐོ་ཐོས། ༢༠༢༡།༠༦།༠༣

 

མྱི་ཚེ།

 

བོད་ས་མྱི་ཡུལ་མིན་ནམ།།

གདོན་འདྲེའི་ཡུལ་དུ་ཆགས་སམ།

ཡང་ན་ལྷ་ཡུལ་རེད་དམ།།

བོད་ལ་འགྲོ་རྩིས་བྱས་ཡོད།།

 

མྱི་ཡུལ་མ་རེད་ཟེེ་ན།།

བོད་རྣམས་གནས་ས་གང་ན།།

རྒྱ་མིའི་བཙོན་ཁང་ནང་དུ།།

བོད་མི་ག་ཚོད་བཅུག་འདུག།

 

འཁྱམ་པོ་ང་དང་ཁྱེད་ཡིན།།

གོ་ལ་འདི་ལ་མཚོན་ན།།

ཡོད་ཚད་འཁྱམ་པོ་ལྡོམ་པོ།།

བེམ་པོ་བསྐྱུར་ནས་འགྲོ་དགོས།།

མྱི་ཚེ་གང་ནས་འཁྱོངས་ཀྱང་།།

གོ་ལ་འདི་ཡི་སྟེང་རེད།།

ས་མཐའ་ས་མཐའ་ཟེར་ཀྱང་།།

གོ་ལ་འདི་ལས་མ་འདུས།།

 

ཐོ་ཐོས། ༢༠༢༡།༠༦།༠༣

 

སྦྲང་མའི་སྦྲང་རྩི་ནི་བླ་མ་མ་རེད།

 

“་་་་་་

ཚེ་མི་རྟག་གཡོ་བ་བར་སྣང་གློག།

གློག་ད་ལྟ་བྱུང་བ་ད་ལྟ་འཇིག།

གཟུགས་མཛེས་ཀྱང་ནམ་མཁའི་འཇའ་ཚོན་བཞིན།།

འཇའ་ཁ་དོག་ལེགས་ཀྱང་མྱུར་དུ་འཇིག།

ནོར་ལོངས་སྤྱོད་སྦྲང་མའི་སྦྲང་རྩི་འདྲ།།

རང་སེར་སྣས་བསགས་ཀྱང་ཤུལ་དུ་ལུས།།

གཉེན་འཁོར་གཡོག་ཚོང་དུས་འགྲོན་པོ་བཞིན།།

འགྲོན་སྔ་དྲོ་ཚོགས་ཀྱང་ཕྱི་དྲོ་འགྱེས།།

་་་་་་་

 

ཆོས་སྒྲུབ་མཁན་དང་ཆོས་ཉམས་ལེན་བྱེད་མཁན་ཞིག་ལ་མཚོན་ན། ལེགས་བཤད་ལྟ་བུའི་གྱུར་ཡོད་པའི་སྐད་ཆ་འདིའི་རིགས་ནི་སྤྱིའམ་ཡོངས་གྲགས་སུ་འདོད་ཀྱི་ཡོད་པའི་ཆོས་དེ་མ་ཡིན་པར། ཆོས་བསྒྲུབ་པའམ་ཆོས་ཉམས་ལེན་བྱེད་པའི་ལམ་དེ་ལ་འཇུག་དགོས་པའི་རང་ཉིད་ཀྱི་སེམས། ཡང་ན་བསམ་བློ་དེར་ནུས་ཤུགས་འདོན་པར་རྒྱུ་དང་རྐྱེན། འབྲས་བུ་སོགས་ཡུལ་དང་ཡུལ་ཅན་ལ་འབྲེལ་ཏེ། སེམས་ལ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ། ལམ་སྟོན་པའི་ནུས་པ་སོགས་སེམས་མི་འདྲ་བ་ལ། ཕྱོགས་མི་འདྲ་བ་ནས་རམ་འདེགས་བྱེད་ཐུབ་པའི་ལག་ཆ་ལྟ་བུ་ཞིག་རེད་འདོད། འོན་ཀྱང་སངས་རྒྱས་ཆོས་ལུགས་ཡང་དག་པ་དེ་ནི་དོན་གྱིས་གང་ཞིག་ལའམ་ཅི་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀི་ཡོད་མེད་དེ་ཧ་མ་གོ་བར། འདོད་འདོད་ཤར་ཤར་བཤད་མཁན་དེ་ཚོའི་སེམས་ལ། གོང་གི་སྐད་ཆ་དེའི་རིགས་ལ་དཔྱོང་ལྡན་འགའ་རེས་དཔྱད་བརྗོད་ཀྱིས་ཚུལ་དུ་སྐད་ཆ་རེ་བཤད་ཚེ། ཆོས་ལ་དགག་རྒྱག་བྱས་སོང་། བླ་མ་ལ་ངན་སྨྲས་བྱས་ཡོང་ཞེས་སྐད་ཤུགས་དྲག་པོས། འུར་སྒྲོག འཇིགས་སྐུལ་སོགས་བྱེད་ཀི་ཡོད་པ་ཞིག་རེད་འདོད།

དེ་ནི་ཆོས་མི་ཤེས་མཁན་དེ་ཚོས་ཆོས་ཟེར་བ་དེ་ལ་གོ་བ་ལོག་ལེན་བྱེད་སྟངས་ཞིག་རེད་འདོད།

ཆོས་པ་དངོས་ཤིག་ཡིན་ན། རང་གི་བརྒྱུད་དུ་བྱམས་སྙིང་རྗེ་དང་གཞན་ཕན་ཟེར་བ་དེ་བཅོས་མ་མ་ཡིན་པར། ཆར་རྐྱེན་ཡང་གང་ལ་མ་ལྟོས་པར་འགྲོ་བ་སེམས་ཅན་ཐམས་ཅད་ལ་གཅིག་གྱུར་གྱི་བསམ་པ་འཛིན་ཐུབ་མཁན་ཞིག་ལ་གོ་དགོས་ལ། ཁོང་ཚོས་མཐའ་མའི་དམིགས་བྱ་དེའང་དེ་འདྲ་ཞིག་ཡིན་རྒྱུ་རེད་འདོད།

དེས་ན་གོང་གི་སྐད་ཆ་འདིའི་རིགས་ནི་ཆོས་སྒྲུབ་མཁན་དང་ཉམས་ལེན་བྱེད་མཁན་དེ་ཚོའི་སེམས་དེ་གཡེང་བར་མི་བྱེད་པ་དང་། སེམས་དེས་གང་དམིགས་པ་དེ་ལ་བར་ཆད་མི་ཡོང་བའི་ཕྱིར། དེ་དག་ཕྱོགས་གཅིག་ཏུ་བསྡུ་ཐུབ་པར་ནུས་པ་ཐོན་བྱེད། རམ་འདེགས་དང་མཐུན་རྐྱེན་སྒྲུབ་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་རེད་འདོད་སོང་།

རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས། ང་ཚོས་གོང་གི་སྐད་ཆ་དེའི་སྐོར་ལ་བསམ་ཚུལ་རེ་བརྗོད་པ་ཙམ་གྱིས་ཆོས་ལ་ངན་སྨྲས་བྱེད་ཀྱི་འདུག་ཅེས་འུར་སྒྲོག་བྱས་ན། ཅུང་ཙམ་འགྲིག་གི་མེད་པ་འདྲ།

 

དེ་བཞིན་དུ། “ སྦྲང་མས་བསགས་པའི་སྦྲིང་རྩི་དེ་ལ་ལོངས་སྤྱོང་མཁན་གཞན་པ་ཡིན་པས། བསགས་ཀྱང་སྙིང་བོ་མི་འདུག རྒྱུ་མཚན་མི་འདུག ཅེས་པའི་སྐད་ཆ་དེའི་དོན་ནམ་དེས་བསྟན་པའི་མཇུག་འབྲས་དེ་བདེན་ཡང་། བསམ་བློའི་ཆ་ནས་རྩ་བ་ནས་འགྲིག་མི་འདུག་བསམ་གི ཅིའི་ཕྱིར་འགྲིག་གི་མི་འདུག་ཟེར་ན། སྦྲང་རྩི་དེ་ལ་ལོངས་སྤྱོད་མཁན་དེ་གཞན་པ་ཡིན་པས་བསགས་པ་དེ་ནོར་བ་རེད་ཅེས་པ་དེ་འགྲིག་མི་འདུག་ཅེས་བཤད་འདོད་སོང་། ལྷག་པར་དུ་ཆོས་པ་ཞིག་ལ་མཚོན་ན། དེ་ལས་རྫོབ་ཆེ་རེད་སྙམ། སྤྱིར་ཆོས་སྒྲུབ་མཁན་ཞིག་ཡིན་ན། བདག་སྤང་བ། བདག་འཛིན་དོར་བ། གཞན་གཅེས་པ། གཞན་ལ་ཕན་པ། གཞན་གྱི་སྡུག་བསྔལ་ལ་རང་གི་བདེ་བ་བརྗེ་བ། ཡང་ན་བདག་གཞན་མཉམ་བརྗེ་ཟེར་བའི་བྱང་ཆུབ་ཀྱི་སེམས་ཟེར་བ་སོགས་ནང་བསྟན་གྱི་སྙིང་བཅུད་ཡིན་པར་འདོད་པའི་བཞེད་ཚུལ་དེ་དག་དང་འགལ་བ་ཅན་དུ་ཆགས་འདུག་སྙམ།

དེའི་སྟབས་ཀྱིས། ཆོས་པ་དངོས་ཤིག་ལ་མཚོན་ན། སྐད་ཆ་དེའི་རིགས་བེད་སྤྱོད་བྱས་ཏེ། ཆར་བ་དང་དྲག་རླུང་། ཁ་བ་དང་མུན་ནག་ནང་ན། དབྱར་དགུན་སྟོན་དཔྱིད་དུ་དཀའ་ཚེགས་ལ་མ་མཛེམས་པར་ཉིན་ཁར་མཚན་བྱས་ནས། འཚོ་གནས་ལ་གཉེར་བའམ་འབད་འབུང་བྱེད་ཀྱིན་ཡོད་པའི་བོད་མི་རིགས་ལ་ཆོས་ཕྱོགས་ཀྱི་བསླབ་བྱ་ཡིན་མདོག་མདོག་གིས། གང་འདོད་བཤད་ན་རྩ་བ་ཉིད་ནས་འགྲིག་གི་མི་འདུག་སྙམ་མོ། གཞན་ཡང་གོང་དུ་སྨྲས་པ་ལྟར་ནང་བསྟན་གྱི་རྩ་བའི་རྩ་བ་དང་རྒྱབ་འགལ་དུ་ཆགས་བསྡད་ཡོད་པ་ཞིག་རེད་འདོད། རྒྱུ་མཚན་གོང་དུ་སྨྲས་པ་ལྟར་འབྲས་བུ་བཟང་བོ་གང་རུང་ཞིག་ལ་ལོངས་སྤྱོད་མཁན་དེ་བདག་མ་ཡིན་པར། གཞན་ཡིན་པས་ན་སྙིང་བོ་མེད་ཚུལ་གྱི་བསམ་བློ་ཞིག་སྟོན་ཡོང་གི་ཡོད་པ་དེའི་རིགས་སོ།

 

ཐོ་ཐོའི་བསམ་ཚུལ་ཡིན་ལགས། ནོར་ཡོད་སྲིད་ལ། ནོར་འདུག་བསམ་པ་དེས་ཁྱེད་དང་གང་ལ་མི་སྐྱིད་པ་བཟོས་ན། དགོངས་དག་ཞུ།

 

 

དྲྭ་འབུར་འཇུག་པའི་ལམ།

 

ཕ་རོལ་མི་དེས་བཤད་པའི་སྐད་ཆའི་ཁྲོད།།

ཚིག་རྩུབ་རྐྱང་རྐྱང་ཐོས་ཚེ་གཟབ་ན་ཡག།

ཡག་ཤོས་ཡིན་ན་ངག་བཅད་ལྟ་བུའི་ཚུལ།།

ལན་འདེབས་ཅི་ཡང་མི་བྱེད་བསྡད་ན་བཟང་།།

དེ་ལྟར་བྱས་ཚེ་ཚོགས་པ་སྤྱི་ལ་ཕན།།

 

ཕ་རོལ་མི་དེའི་སྐད་ཆ་གོ་མ་ཐག།

སེམས་ནས་བཟོད་ཐབས་མེད་པའི་ཚོར་བའམ།།

བསྡད་ན་འདུག་ཐབས་མེད་པ་འདྲར་ཆགས་ཚེ།།

ཁྱེད་ནི་ཧ་ལམ་ཕྱོགས་ཞེན་དབང་དུ་སོང་།།

སྐབས་དེར་སྐད་ཆ་བཤད་རྒྱུ་སྤང་ན་ཡག།

 

ཕ་རོལ་མི་དེས་སྐད་ཆའི་བཤད་སྟངས་ཁྲོད།།

ཁྱེད་ལ་ཟུར་ཟའི་ཚིག་གིས་བརྒྱབ་བྱས་ཚེ།།

དགོད་དང་འཛུམ་གྱིས་བསུ་ཞོར་གནས་ལུགས་ཤོད།།

འགྲིག་དང་མི་འགྲིག་ཅི་ཡང་མི་སྨྲ་བར།།

རང་གི་བསམ་ཚུལ་ཇི་བཞིན་བརྗོད་ན་ཆོག།

 

ཕ་རོལ་མི་དེས་སྐད་གདངས་མཐོ་དམའ་བར།།

ཚིག་འབྲུ་ཡོང་ལ་མི་ཡོང་དབུགས་རིང་ཁྲོད།།

སྐད་ཆ་མཐོ་བཤད་དམའ་བཤད་བྱས་ཡོང་ཚེ།།

ཡག་ཤོས་ཡིན་ན་ཉན་ནས་བསྡད་ན་བཟང་།།

ལན་འདེབས་བྱས་ཚེ་ཁོང་ཁྲོ་སློང་བའི་རྒྱུ།།

ཕ་རོལ་མི་དེས་སེམས་པ་ལྷོད་ལྷོད་ངང་།།

རང་གི་ཁྱིམ་ན་ཇི་བཞིན་ཚོགས་མི་ཚོར།།

རེ་རེ་བཞིན་དུ་ཁ་བརྡ་བྱས་ཡོང་ཚེ།།

ཁྱེད་ཀྱི་བསམ་བློ་ཡོངས་རྫོགས་བགྲོ་གླེང་ཁྲོད།།

སྦ་གསང་ཅི་ཡང་མེད་པར་མངོན་བཅུག་ཆོག།

 

ཐོ་ཐོས།༢༠༢༡།༠༦།༠༥

 

སྨྱུག་གུ་དང་ཐོ་ཐོ།

 

སེམས་ནས་སྤྱང་དགོས་བསམས་ཀྱང་།།

ལུས་པོ་རྒས་ནས་རྒུད་པས།།

སློབ་གྲྭར་འགྲིམ་དགོས་ཆགས་ཀྱང་།།

བེམ་པོ་ཙམ་ལས་མེད་དོ།།

 

སྨྱུག་གུའི་གྲངས་ཀ་མང་ཡང་།།

ཡི་གེ་ཕབ་པ་ཉུང་རྐྱེན།།

ཚོན་ཁུ་བསྐམས་ནས་ཚར་འདུག།

བརྩོན་པ་ལེ་ལོས་བསད་སོང་།།

 

སྔོན་མར་སྦྱངས་པ་གང་ཞིག།

དེང་སང་གཅིག་ཀྱང་ལྷག་མེད།།

སྦྱོང་ཞོར་བཀོལ་ཞོར་བྱས་ན།།

དེང་སང་ལ་ལའི་ཡན་ཡིན།།

 

མི་ཚེའི་ཕྱེད་ཀ་རྫོགས་ཚར།།

ལྷག་མའི་ལོ་གྲངས་ཁེད་ཅིག།

སྦྱངས་ནས་མཁས་པར་གྱུར་ཀྱང་།།

སྐྱེ་དུས་མཉམ་དུ་མེད་དོ།།

 

མ་གཞི་མིའམ་གཞན་དུ།།

གང་སྐྱེར་བློ་ཡིས་མི་རྟོགས།།

སྔོན་མཁྱེན་ཡོད་རྒྱུ་ཡིན་ན།།

དེ་དང་བསྟུན་ནས་བསྒྲུབ་ཆོག།                 ཐོ་ཐོས།༢༠༢༡།༠༦།༠༥

ཐོ་ཐོ་ངས་བླངས་པའི་གཞས།

你快的笑出声》

 

སྐྱིད་སྣང་མཚོན་པའི་དགོད་སྒྲ།།

འབྲུག་བཞིན་གྲགས་པའི་ཧབ་ཆ།།

ངས་ནི་ཁྱེད་ལ་བསླངས་ཡིན།།

ཕན་ས་ཁྱེད་རང་ཡིན་སོང་།།

 

ང་ཡི་གླུ་ལ་ཉན་ཚེ།།

བཟོད་རྒྱུ་མེད་པའི་དགོད་སྒྲ།།

ཤོར་བཞིན་ཧབ་ཆ་བརྒྱབ་ན།།

ང་ཡི་བསམ་དོན་འགྲུབ་སོང་།།

 

ཁྱེད་ཀྱི་དགོད་སྒྲ་དང་ནི།།

ཧབ་ཆ་རྔ་བོ་ཆེ་ཡིས།།

རང་སེམས་སྐྱིད་ལ་བཀོད་ན།།

ངའང་སྐྱིད་ས་རེད་ལགས།།

 

གདོང་ལ་འཛུམ་ཞིག་སྟོན་ཞོར།།

ངག་ནས་དགོད་སྒྲ་ཐོན་ཤོག།

མི་ཚེ་མི་ཚེ་ཟེར་ཡང་།།

མཐའ་མའི་རིན་ཐང་དེ་ཡིན།།

 

ཐོ་ཐོས།༢༠༢༡།༠༦།༠༦

 

སྔ་ཕྱི།

 

སྨྱོན་པ་འདྲེ་ཐོའི་བྱིས་བློའི་ཚ་འཁྲུལ་ངོ་མཚར་བར།།

ས་པཎ་ཀུན་དགས་ཚན་མ་རིགས་གཏེར་ཆོས་ཕྱིར་གནང་།།

སྔ་མ་སྐད་ཅིག་ཕྱི་མའི་སྐད་ཅིག་སྔོན་དུ་འཇིག།

ཕྱི་མར་གྲུབ་པས་སྔ་མའི་སྐད་ཅིག་རྒྱུ་ལ་བརྟེན།།

 

“སྐད་ཅིག་སྔ་མ་སྔ་མ་ལས།།

སྔོན་མེད་ཕྱི་མ་ཕྱི་མ་སྐྱེས།།”

ཕྱི་མ་འཇིག་གིན་འཇིག་གིན་བར།།

སྔ་མར་འགྱུར་བཞིན་འགྱུར་བཞིན་འགྲོ།།

 

སྔ་མར་ཁྱེད་ནི་ཁུ་བར་གྲུབ།།

ཕྱི་མར་ཁྱེད་ནི་མི་ཡི་གྲུབ།

གྲུབ་པའི་ཁུ་བས་གྲུབ་པ་གང་།།

སྔ་ཕྱི་ཐོག་མའི་ཁུ་བས་སྒྲུབ།།

 

ཤིང་ཏོག་སྨིན་པའི་འབྲས་བུ་དེ།།

འབྲས་བུར་ཆགས་རིམ་སྔ་ཕྱི་ཡིས།།

བསྐྱར་དུ་སིལ་ཏོག་སྨིན་པ་ལ།།

འབྲེལ་མེད་ཏིང་འཛིན་ཉི་འོད་བཅས།།

 

གྲུབ་ཚུལ་་ཤིན་ཏུ་ལྐོག་གྱུར་པའི།།

འཇིག་རྟེན་འདི་ཡི་སྔ་དང་ཕྱི།།

བསྐལ་བ་སྟོང་ལ་དཔྱད་ཀྱང་རུང་།།

ལྷན་ཅིག་ལྟ་བ་བྱོན་རྒྱུ་དཀའ།།

 

མདོར་ན་འཇིག་རྟེན་གོ་ལ་བཅས།།

སྟོང་ཁམས་འདི་ན་འགད་གྲུབ་ངང་།།

གཅིག་འཇིགས་གཅིག་གྲུབ་དཀྱིལ་འཁོར་དུ།

སྔ་ཕྱི་དབྱེར་མེད་ཚུལ་དུ་སྣང་།།

 

ཀུན་དགའ་རྒྱལ་མཚན་ཚང་དང་འདྲེ་ཐོ་ཐོ་ནས། ༢༠༢༡།༠༦།༠༧

 

 

 

ནག་ཁུང་ནས་བསྒྲགས་པའི་འཚམས་འདྲི།།

 

སེམས་ནས་འཚམས་འདྲའི་མེ་ཏོག།

ཚོམས་འདིའི་ལྡུམ་རར་བཏབ་ཡོད།།

དངོས་སུ་མཐོང་རྒྱུ་མེད་ཀྱང་།།

ཐོ་ཐོ་བརྒྱུད་ནས་བསྟན་ཡོད།།

 

འཚམས་འདྲི་ཐད་ཀར་བྱས་ཀྱང་།།

ཀྱོག་ནས་འགྲོ་དགོས་ཆགས་པ།།

བོད་པ་མང་བོའི་གནས་སྟངས།།

བསམ་ན་སྡུག་རྒྱུ་སྡང་རྒྱུ།།

 

བོད་མི་རེ་རེའི་མགོ་ན།།

གཟུགས་མེད་བཙོན་ར་རེ་རེ།།

ནམ་ཞིག་ཉེས་ཅན་ཟེར་ནས།།

ར་བའི་གཟུགས་དེ་མངོན་བྱུང་།།

 

ཐོ་ཐོས། ༢༠༢༡།༠༦།༠༩

 

 

རྨ་ཆུའི་ཨ་ཁུ་ཕུག་དཀར་ལགས་ལ་བྲིས།

 

རུལ་སུངས་དྲི་མས་ཁེངས་པ་ལྕགས་ཀྱི་སྒྲོམ་བུའི་ཀླད་པ་དག།

རྣོ་ངར་འབིག་གིས་ཇི་བཞིན་སྐད་ཅིག་ཉིད་དུ་ཕུག་མཁན་གང་།།

ལྷ་བྱ་དཀར་པོའི་རྣམ་སྤྲུལ་ཁ་བའི་ལྗོངས་ཡོངས་གཤོག་པས་བཀབ།།

དྭངས་གཙང་ཁ་བ་སྲུང་ཕྱིར་ནག་ནོག་དམར་པོའི་ཁྲག་ལ་རྒོལ།།

 

སྐད་གདངས་འབྲུག་བཞིན་ལུ་གུའི་འབའ་སྒྲ་བཞིན།།

བཙན་པོར་འབྲུག་སྐད་ཉམ་ཆུང་འབའ་སྒྲས་བསུ།།

ལེགས་ཉེས་དཀར་ནག་རྡེའུ་འཕྲེང་བསྒྲིགས་པར།།

རེ་རེར་འཚམས་པའི་འགྱིག་ཤིང་ཁྱེད་ལ་ཡོད།།

 

ཐོ་ཐོས། ༢༠༢༡།༠༦།༠༨

 

 

 

 

“གཡོ་སྒྱུ་ལས་རྒྱལ་ཁ་ལེན་པ་ལས། དྲང་བདེན་ལས་ཕམ་ཁ་ཉོས་ན་ལེགས།”

ཞེས་པའི་དྲྭ་ཐོག་གི་སྐད་ཆ་འདི་ལ་ཐོ་ཐོ་ངས་བསམ་ཚུལ་བརྗོད་པ།

 

མི་རིགས་ཤིག་གི་ལས་དབང་དང་། མི་རིགས་ཤིག་གི་མ་འོངས་པའི་མདུན་ལམ་དང་འབྲེལ་ཡོད་ཚེ། སུས་ཀྱང་ཕམ་ཁ་ཟེར་བ་དེ་ཉོ་མི་འདོད་པས་ན། རྒྱལ་ཁ་ལེན་ཕྱིར་ལམ་གང་མང་ནས་དང་ཐབས་ཤེས་གང་རུང་བེད་སྤྱོད་བྱས་ཏེ། རྒྱལ་ཁ་ལེན་རྒྱུར་རེ་བ་འདུག་སྙམ་པ་དང་ལེགས་གྲུབ་ཡོང་ས་རེད་བསམ་པའི་ཕྱོགས་སུ་སྤོབས་པ་ཡོད་པའི་ཐོག་དང་འཛེམ་བག་མེད་པར་འབད་དགོས་པ་ཞིག་རེད་འདོད།

 

ང་ཚོས་ང་ཚོའི་སྤྱིའི་རིག་གཞུང་དང་རིག་གནས་ཀྱི་སྡེ་ཚན་རེ་རེ་དང་། རྨ་ཁ་ཅན་གྱི་ལོ་རྒྱུས་རེ་རེ་ལ། ཡང་དང་བསྐྱར་དུ་སྐྱེ་ཐུབ་པའི་རྣམ་ཤེས་རེ་རེ་བཟོ་བསྐྲུན་བྱས་ཏེ། ཕྱོགས་གཅིག་ཇེ་ལེགས་ཇེ་དར་དང་། ཕྱོགས་གཅིག་གི་རྨ་ཁ་རེ་རེ་དེ་རྣམ་ཤེས་ནས་རྣམ་ཤེས་བརྒྱུད་དེ་གསོ་ཅི་ཐུབ་གསོ་དགོས་པའི་འདུ་ཤེས་དེ་ཉམས་རྒུད་དུ་འགྲོ་རྒྱུ་མེད་པར་རྣམ་ཤེས་ནས་རྣམ་ཤེས་བརྒྱུད་ཅིང་རེ་རེ་ལ་རྟག་བརྟན་གྱིས་གནས་ཐུབ་པར་དམིགས་དགོས་པ་ཞིག་རེད་འདོད།

ཐོ་ཐོས།༢༠༢༡།༠༦།༠༨

སྲོལ་རྒྱུན་སྙན་བསྔགས་དང་དེང་རབས་སྙན་ངག་སྐོར་ལ་བྲིས་པའི་བསམ་ཚུལ།

 

སྙན་ངག་ཅེས་འབྲི་བ་ལས་སྙན་བསྔགས་ཞེས་ངག་གམ་དངགས་གཉིས་ལས་གང་ཡང་མི་འབྲི་བར། བསྔགས་ཞེས་སམ་སྙན་བསྔགས་ཞེས་བྲིས་ན་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་བརྗོད་གཞིའམ། རྗོད་བྱེད། མཚན་ཉིད་བཅས་ལ་ཐག་ཧ་ཅང་ཉེ་བའི་ཡིག་འབྲུ་ཞིག་རེད་འདོད།

 

 

བོད་ཀྱི་སྲོལ་རྒྱུན་སྙན་བསྔགས་ལས་སྙན་བསྔགས་མང་བོ་ཞིག་ནི་སངས་རྒྱས་ལ་བསྟོད་བསྔགས། བླ་མ་ལ་བསྟོད་བསྔགས། ཆོས་ལ་བསྟོད་བསྔགས། ཡུལ་ལ་བསྟོད་བསྔགས། གངས་རི་ལ་བསྟོད་བསྔགས། ལྷ་དང་ལྷ་མོ་ལ་བསྟོད་བསྔགས། མང་བོ་ཞིག་ཧ་ལམ་བསྟོད་བསྔགས་རྐྱང་རྐྱང་ཡིན་འདུག།

 

དཔེར་ན། སྲོལ་རྒྱུན་སྙན་བསྔགས། དེང་རབས་སྙན་ངག

 

དེ་ནས་ངག་ཅེས་པ་ནི་སྐད་ཆ། ཡང་ན་ཚིག དེ་མིན་སྐད་གདངས་དང་དེ་སྨྲ་བྱེད་དབང་བོ་བཅས་ལ་གོ་ནའང་། ཡོངས་གྲགས་སུ་ངག་ཟེར་བ་ནི་སྐད་ཆ་དང་ཚིག་ལ་གོ་དགོས་པ་ཞིག་ཡིན་པར་མ་ཟད། འགྲོ་བ་མི་དང་མིའི་བར་དུ་གོ་བརྡ་སྤྲོད་བྱེད་གཙོ་བོར་འཛིན་པའི་སྐད་ཆ་བཤད་སྟངས་དེའི་རིགས་སུ་གཏོགས་པར་ཤུགས་ཧ་ཅང་ཆེ་འདུག་སྙམ། དཔེར་ན། ང་ཚོས་རྒྱུན་ལྡན་ལྷ་ལྷ་མོ་དང་། སངས་རྒྱས་དང་བླ་མ། ཡང་ན་ཕ་རོལ་བ་དེ། རང་ཉིད་ལས་མཆོག་ཏུ་གྱུར་པ་ཞིག་ལ་སྙམ་ཚེ། དེ་ཉིད་ཀྱི་ཡོན་ཏན་གྱི་ཆ་ལ། དེ་ཉིད་ཀྱི་མཛད་རྗེས་ལ། དེ་ཉིད་ཀྱི་སྐུའམ་ལུས་ལ་བཟང་བསྟོད་དང་དེ་དག་གི་ཁྱད་ཆོས་སྨྲ་བར་འདོད་ཚེ། བསྔགས་བརྗོད་ཅེས་འབྲི་བ་ལས་ངག་བརྗོད་ཅེས་མི་འབྲི་བ་བཞིན། བསྔགས་ཞེས་པའི་ཡི་གེ་དེ་ནི་དེ་དག་གིས་བདག་དབང་དུ་བཟུང་བའི་ཡི་གེ་ཞིག་ཡིན་པར་མ་ཟད། ཡི་གེ་དེས་བོད་མི་ཚོ་ལ་གྲལ་རིམ་དབྱེ་འབྱེད་དམ་གྲལ་རིམ་མཐོ་དམན་ཡང་བཀར་འདུག་སྙམ།

 

སྲོལ་རྒྱུན་སྙན་ངག་ལས་སྙན་ངག་མང་ཆེ་བ་ཞིག་ནང་དོན་གྱི་ཆ་ནས་ཕྱོགས་གཅིག་ཙམ་ཞིག་ལས་མེད་ཅིང་སྙན་ངག་ཀློག་མཁན་པ་ཞིག་ལ་མཚོན་ན། ཀློག་མཁན་དེས་སྙན་བསྔགས་དེ་ཕར་བཀླགས་པ་ཙམ་ཞིག་རེད་འདོད། འོན་ཀྱང་རང་མོས་སྙན་ངག་ཟེར་བའམ་དེང་རབས་སྙན་ངག་ཟེར་བ་དེ་ནི། དོན་མང་བོ་བསྡུས་པའི་དང་། འདུས་པའི་སྙན་ངག་ཀློག་མཁན་དེས་ཕར་བཀླགས་པ་ཙམ་མ་ཡིན་པར། སྙན་ངག་དེས། ཡང་ན་སྙན་ངག་དེ་རྩོམ་མཁན་གྱི་རྩོམ་པ་པོ་དེ་ཉིད་དངོས་སུ་སྙན་ངག་ཀློག་པ་པོ་དེ་དང་མཉམ་དུ་དུས་གཅིག་ལ་གནས་ཏེ། ཕན་ཚུན་བར་དུ་སྐད་ཆ་བཤད་ཀྱི་ཡོད་པ་ནང་བཞིན་ཞིག་དང་། ཁ་བརྡའི་ཁྲོད་དུ་ལྟོས་བཅས་སམ་གང་ལ་གང་འཚམས་ཀྱིས་མཚོན་དོན་ནམ་དོན་སྙིང་ཞིག ཀློག་མཁན་གྱི་ཚད་དང་སེམས་ཁམས། འཁོར་ཡུག་བཅས་ལ་བསྟུན་ཏེ་སྤྲད་ཀྱི་ཡོད་པ་ཞིག་རེད་འདོད། མདོར་ན། དེང་རབས་སྙན་ངག་ནི་སྙན་ངག་ཡིན་ལ། རྩོམ་པ་པོ་དངོས་དེའང་ཡིན། དེ་དང་ཀློག་མཁན་གཉིས་ཀྱི་འབྲེལ་བ་ནི། ཕར་ཀློག་ཚུར་ཀློག་གི་འབྲེལ་བ་ཡིན།

 

ཡིན་ནའང་། ང་ཚོས་དགེ་ཁ་དེ་སྲོལ་རྒྱུན་སྙན་བསྔགས་ལ་བསྟེར་ཆོག སྲོལ་རྒྱུན་ལ་བསྟོད་འོས་དང་བསྔགས་འོས་ཞེས་འདོད་ཆོག དེ་བཞིན་དུ། ང་ཚོས་ཀྱང་དེ་ནི་མིས་ལྷ་ལྷ་མོ་དང་། སངས་མ་རྒྱས་པའི་མིས་སངས་རྒྱས་ལ། དེ་ནས་སློབ་མས་བླ་མ་སོགས་ལ་རེ་ཞུ་དང་སྨོན་ལམ་རྒྱག་པར། སྲོལ་རྒྱུན་སྙན་བསྔགས་ལམ་ནས་བསྔགས་བརྗོད་དམ་བསྟོད་བསྔགས་བྱེད་ཆོག་ཆོག་དང་། བྱེད་པའི་སྐབས་སུ། བྱེད་ཡུལ་དུ་ཡི་གེ་བསྔགས་འབྲི་བ་ལས་ངག་བྲིས་ན་ནོར་བ་ཡིན། འདྲ་མཉམ་ཅུང་མིན་ཡང་། བསྔགས་ཞེས་པའི་ཡི་གེ་དེའི་བདག་དབང་ལྷ་ལྷ་མོ་དང་བླ་མ། རང་ལས་མཆོག་ཏུ་འདོད་པའི་སྐྱེ་བུ་དམ་པ་ཟེར་བའི་རིགས་ལ་སེར་སྣ་དང་མི་འདོད་པའི་རྣམ་འགྱུར་གང་ཡང་མེད་པའི་ཐོག་སྤྲད་ཆོག འབུལ་ཆོག

 

གང་ལྟར་ང་ཚོས་རང་མོས་སྙན་ངག་དེ་འབྲི་སྐབས། ཡང་ན་དེང་རབས་སྙན་ངག་དེ་འབྲི་བཞིན་པའི་དུས་སུ། ང་ཚོ་ལ་དེ་འབྲི་རུ་བཅུག་ཅིང་དེའི་ཕྱོགས་ལ་བར་ཆད་མ་བཏང་ན་ཆོག ང་ཚོའི་རེ་བ་ནི་དེ་ཡིན། ང་ཚོས་སྲོལ་རྒྱུན་སྙན་བསྔགས་ཀྱང་གང་ཤེས་ཤེས་འབྲི། ཅི་ཐུབ་གང་ཐུབ་ཀྱིས་སྦྱང་། ང་ཚོ་གཉིས་ཆ་ལ་དགའ། གཉིས་ཀ་ལས་གཅིག་ཀྱང་དོར་ན་མི་འདོད།

རྒྱལ་ཁབ་གང་གི་དང་། མི་རིགས་སུའི། ཡང་ན་དེ་དག་ལས་མི་སུ་ཞིག་གི་བསམ་བློ་ལས་ཐོན་ཡང་རུང་། སྙན་ངག་དེའི་ཐོག་ནས། རི་མོནདེའི་ལམ་ནས། ང་ཚོའི་མི་རིགས་འདིའི་བདེ་སྡུག་དང་། གནས་སྟངས། རིག་གཞུང་སོགས་འབྲི་ཐུབ་པའམ་མཚོན་ཐུབ་པའི་རིག་གཞུང་གཅིག་ཡིན་ཚེ། དེང་རབས་སྙན་ངག་ཡིན་ཡང་ཆོོག དེང་རབས་རི་མོ་ཡིན་ཡང་ཆོག ང་ཚོས་ཐེ་ཚོམ་མེད་པའི་ཐོག་ཚུར་ནང་འདྲེན་དང་བེད་སྤྱོད་བྱེད་ཆོག

 

ང་ཚོར་གུ་ཡངས་ཀྱི་བསམ་བློ་ཡོད་དགོས་ལ། གཞན་གྱི་རིག་གནས་ཀྱིས་རང་ཉིད་ཡར་རྒྱས་སུ་གཏོད་རྒྱུའི་བསམ་བློ་དེའང་ཡོད་དགོས་པ་ཞིག་རེད། འོན་ཀྱང་ང་ཚོས་དུས་ནམ་ཡང་གཞན་པ་བཞིན། གཞན་གྱིས་དངུལ་བཏང་སྟེ་དཀའ་སྡུག་གི་ཁྲོད་དུ་ལེགས་འགྲུབ་བྱུང་བའི་ཚན་རིག་རིག་གནས་སོགས་རྐུན་མར་རྒྱག་རྒྱུའི་ལམ་ཁ་དེར་རྩ་བ་ཉིད་ནས་འགྲོ་མི་རུང་བ་ཞིག་རེད།

ཐོ་ཐོས། ༢༠༢༡།༠༦།༠༩

 

 

ཤ་རློན་པ།

 

མགོ་ལ་རས་ཞྭ་ཚར་ཞྭ།།

སྔོན་མ་ཝ་ཞྭ་ཡང་ཡོད།།

དེང་སྐབས་བཤད་ཚུལ་ཡིན་ན།།

ཤ་རློན་ཞྭ་མོ་ཡོད་ཟེར།།

 

ཤ་རློན་ཞྭ་མོ་ཟེར་བའི།།

ཚོང་རྟགས་ཐ་སྙད་འདོགས་མཁན།།

ཕུག་དཀར་ཡིན་རབས་བཤད་ཀྱི།།

བདེན་མིན་ངས་ནི་མི་ཤེས།།

 

ཤ་རློན་རྟགས་ཅན་ཞྭ་མོ།།

མི་སྐྱ་ཡོངས་ཀྱིས་གོན་ཡོད།།

དྲྭ་ཐོག་གཏམ་རྫུན་མིན་ན།།

གྲྭ་བ་འགས་ཀྱང་གོན་ཟེར།།

 

ཁྲཱིན་ཏུ་གྲོང་ཁྱེད་ནང་ན།།

དེ་འདྲའི་ཞྭ་མོ་མང་ཟེར།།

ཉོ་མཁན་མང་བོ་ཡོད་ཟེར།།

གྲྭ་བས་ཉོས་བ་མཐོང་ཟེར།།

 

ཉོས་ཟིན་མགོ་ལ་གོན་པ།།

མཐོང་མཁན་ཉུང་ཉུང་ཡིན་སྟབས།།

ཉོས་པས་གོན་ཡོད་ཟེར་ན།།

བཙན་གྱིས་སྦྱར་པ་མིན་ནམ།།

 

མི་སྐྱས་ཉོས་ནས་གོན་ཕྱིར།།

འོན་ཀྱང་གྲྭ་བས་ཉོས་ན།།

གོན་ཡོད་གཞིར་བཞག་བྱེད་པ།།

རང་དཔེར་བཞག་ནི་མིན་འགྲོ།།

 

དེ་ཉིད་ཡ་མཚན་མཐོང་བ།།

འགྲོ་བ་མི་ཡི་གཤིས་ཀ།

དེ་ལ་བསླུ་བྲིད་ཆེ་བ།།

འགྲོ་བ་མི་ཡིས་རྟོགས་ཡོད།།

 

བལྟ་འདོད་སེམས་ནས་སྐྱེས་ན།།

ཉོས་ཀྱང་སྐྱོན་ཆེར་མི་འདུག།

ཕུར་འདོད་ཚོར་བས་བཙིར་ན།།

ཕུར་ཀྱང་ཤ་རློན་གཅིག་རེད།།

 

ཐོ་ཐོས། ༢༠༢༡།༠༦།༡༡

 

 

 

མི་རབས་འདི་ལ་འདི་ཡིས་ཕན་ཁོ་ཐག

 

ད་ནི་མི་ཚེ་འདི་ལ་ཡུལ་འདི་ནས།

སངས་རྒྱས་བསྟན་པ་འཇིག་སོང་བསམས་ཞོར་དུ།།

སེམས་པ་སྡུག་གིས་བཟུང་སྟེ་བློ་ཕམ་ངང་།།

ཤི་མ་གསོན་གྱིས་གནས་མྱོང་བརྗེད་སོང་ངམ།།

 

དེ་འདྲའི་ཛ་དྲག་དང་ནི་ཡིད་སྐྱོ་བར།།

བོད་ཁམས་ཡོངས་སུ་བཙན་གྱིས་བསྒྱུར་པས་ན།།

རྒྱ་གར་ཡུལ་གྱི་སྟོན་པ་གཉིས་པ་གང་།།

བོད་པའི་གནས་སྟངས་སྐྱོ་བོར་ཐུགས་རྗེས་གཟིགས།།

 

བོད་ནས་མེད་དུ་བཟོས་པའི་དགོན་ཆེན་ཚབ།།

རྒྱ་གར་ཡུལ་ནས་སེ་འབྲས་དགེ་གསུམ་བཏབ།།

བོད་ན་སློབ་གྲྭར་མེད་པར་ཐུགས་ཁུར་གནང་།།

རྒྱ་གར་ཡུལ་དུ་བོད་སློབ་གང་མང་བཙུགས།།

 

གདོང་དམར་བོད་པ་ཚང་གི་རིག་གཞུང་དང་།།

ཡུལ་སྲོལ་གོམས་གཤིས་རྩ་བརླག་གཏོང་ཕྱིར་དུ།།

སངས་རྒྱས་བསྟན་པ་དུག་ཏུ་བསྒྲུབས་བྱས་ཏེ།།

བོད་ཁམས་གང་ས་གང་དུ་གསར་བརྗེ་བྱས།།

 

རིག་གསར་ཟེར་བའི་མི་རྣམས་སྐྲག་ས་དེ།།

བོད་ལ་མཚོན་ལྔ་བརྒྱད་ལོ་ནས་སྤེལ།།

དང་པོ་རིག་གནས་ཅན་གྱི་བླ་མ་དང་།།

གྲྭ་བ་ཕལ་ཆེར་མུན་ནག་ནང་དུ་གཡུགས།།

 

དེ་ནས་རིམ་གྱིས་རིམ་གྱིས་བསྡམས་ནས་ཡོང་།།

དགོན་པ་ཕལ་ཆེར་མེ་སྒྱོགས་འགད་རྫས་ཀྱིས།།

གཏོར་ཏེ་གྱང་ཤུལ་ཙམ་ལས་ལྷག་མ་བཅུག།

དཔེ་ཆ་ཕལ་ཆེར་མེ་ལ་བསྲེགས་བྱས་སོང་།།

 

དགོན་པ་གཏོར་ན་སློབ་གྲྭ་གཏོར་པ་འདྲ།།

དཔེ་ཆ་བསྲེག་ན་དཔེ་མཛོད་བསྲེགས་པ་འདྲ།།

བོད་ལ་མཚོན་ན་ནང་བསྟན་རིག་གཞུང་འདི།།

རིག་གནས་མང་བོའི་མགོ་ཁུངས་གཏུག་ས་ཡིན།།

 

སུམ་རྟགས་བརྡ་སྤྲོད་རིག་པའི་གཞུང་སྣ་ཚོགས།།

སྙན་ངག་སྡེབ་སྦྱོར་མཚན་ཉིད་རིག་པ་དང་།།

སེམས་ཁམས་རིག་པ་གསོ་བ་རིག་པ་བཅས།།

སྐབས་དེར་མང་ཕྱོགས་དགོན་པའི་ནང་དུ་ཡོད།།

དགོན་སྡེ་མེད་པར་བཏང་ན་རིག་གཞུང་ཡང་།།

རྩ་བརླག་འགྲོ་རྒྱུ་ཡིན་པར་དམིགས་བྱས་ཏེ།།

སྐབས་དེའི་དགོན་པ་དང་ནི་གྲྭ་བ་དག།

ལས་འགུལ་སྣ་ཚོགས་འོག་ནས་མེད་པར་བཟོས།།

 

སྐབས་དེར་རྒྱལ་ཁབ་ཁོ་རང་སྨྱོན་པར་ཆགས།།

བོད་མི་ཕལ་ཆེར་དམྱལ་བའི་ཡུལ་དུ་རྫངས།།

དམྱལ་བ་དངོས་སུ་མྱངས་པའི་དུས་ངན་ཞིག།

དེ་དུས་བོད་ཁམས་ཡོངས་ནས་ཐེངས་ཤིག་མངོན།།

 

སངས་རྒྱས་ཆོས་ལུགས་ཟེར་བའི་གྲུབ་མཐའ་འདིས།།

བཙན་པོའི་རྒྱལ་ཁབ་བཙན་སའི་ཉམ་ཐག་ཏུ།།

བསྒྱུར་ཡོད་བསྒྱུར་མེད་ཐེངས་འདིའི་གླེང་གཞི་མིན།།

མི་རབས་འདི་ལ་འདི་ཡིས་ཕན་ཁོ་ཐག།

 

ཐོ་ཐོས། ༢༠༢༡།༠༦།༡༡

 

 

ཕུག་རོན་དཀར་པོས་གསུངས་ལགས།

 

སྐད་ཆ་བཤད་བཞིན་བར་དུ།།

བར་འཚང་རྒྱག་རྒྱུར་གོམས་པའི།།

དྲྭ་འབུ་ཁ་མང་ཞིག་ལས།།

ང་ནི་ཅི་ཡང་མིན་ནོ།།

 

ཅི་ཡང་མིན་པའི་ང་ལ།།

འདི་དང་དེ་ཡི་རྒྱབ་ལྗོངས།།

རྒྱུན་དུ་འདྲེན་བཞིན་ཡོད་རིགས།།

ང་ལ་གཅིག་ཀྱང་མེད་དོ།།

 

རིག་གནས་སྣ་ཚོགས་ཁྲོད་ནས།།

ལོ་རྒྱུས་རྒྱབ་ལྗོངས་ངར་སྲབ།།

ཕར་དབུ་ཚད་འདུལ་མཛོད་བཅས།།

ང་ལ་ལྷ་ཡི་ཡི་གེ།

 

འདི་འདྲའི་དྲྭ་འབུ་ང་ཡིན།།

དྲྭ་འབུ་ང་འདྲའི་རིགས་ནི།།

ཕྲེང་སྐོར་གང་གི་ཁུངས་གཏོགས།།

ཕུག་རོན་དཀར་པོས་གསུངས་ལགས།།

 

ཚོར་བ་ཟེར་བ་རླུང་ཞིག།

དྲྭ་རྒྱ་ཟེར་བ་སྟོང་ཁམས།།

རླུང་བཞིན་རྒྱུ་བའི་ཚོར་བ།།

སྟོང་བའི་ཁམས་ཀྱི་སྟོང་བ།།

 

དྲྭ་ལམ་སྐད་ཆ་ཟེར་ན།།

བཤད་བཤད་ཡོད་ཚད་སྟོང་འདང་།།

དྲྭ་ནས་རི་ལྟར་བརྩེགས་ཀྱང་།།

དུར་འཇུག་བྱེད་ས་དྲྭ་ནང་།།

 

རླུང་ལྟར་ཁ་ཕྱོགས་མེད་པ།།

ཡང་ན་ཕྱོགས་གཅིག་གཡུགས་པའི།།

རླུང་བཞིན་ང་ཡི་ཚོར་བ།།

དྲྭ་རྒྱའི་རྙི་ཡིས་བཟུང་ཚར།།

 

ཐོ་ཐོས། ༢༠༢༡།༠༦།༡༣

བོད་པ་རྣམས་ཀྱིས་ཤེས་ཕྱིར་བྲིས་པ་ཞིག

 

ཕ་ཡུལ་ཕྱོགས་ལ་འདང་རེ་རྒྱག་རྒྱུ་ན།།

སེམས་ཚོར་སྣ་ཚོགས་ཤིག་གིས་སེམས་པ་བསྒུལ།།

སེམས་འབུ་དམར་ཐོ་ཁ་ནས་ལྷུང་ལ་བྱེད།།

བསམ་ན་འདེད་མཁན་གཡོ་མཁན་རིག་ཞེན་ལགས།།

 

སྤྱིར་ན་བོད་མིས་རྒྱ་ལྷར་བརྟེན་པ་དང་།།

རྒྱ་མིས་བོད་ལྷར་བརྟེན་པ་གནའ་ནས་ཡོད།།

དེའི་རིགས་དེ་འདྲའི་ཛ་དྲག་མིན་ནའང་།།

དེང་སྐབས་ཛ་དྲག་ཡིན་པ་མང་བོ་འབྱུང་།།

 

རྒྱུ་འབྲས་སྤུ་ཙམ་མེད་པའི་རྒྱ་རིགས་འགས།།

རྒྱ་གཞུང་ངོ་ལ་གོན་ནས་བོད་ཁམས་ཀྱི།།

རི་ཆུ་ནགས་གསུམ་མཛོམས་པའི་ཡུལ་ལྗོངས་དག།

བོད་པའི་ས་ཆ་མིན་ཚུལ་གཡོ་སྒྱུས་བསྒྲུབས།།

 

མཚོ་སྔོན་བྱེ་ཐང་ཞིག་གི་མིང་ལ་ནི།།

二郎ཞེས་རྒྱ་མིང་བཏགས་འདུག་ཟེར།།

བྱེ་མས་སྤང་ཐང་ཟ་བཞིན་རལ་གྲི་བས།།

བོད་ཁམས་བདག་ཏུ་གཅོད་པའི་འཆར་གཞི་ཞིག།

 

རྨ་ཆེན་གངས་རིའི་མིང་ཅན་བོད་ཀྱི་རི།།

石山 ལ་བོས་ཏེ་རྒྱ་མིང་འདོགས།།

བོད་སར་རྒྱ་མིང་བཏགས་པའི་མཇུག་འབྲས་ལ།།

ཅི་ཞིག་འབྱུང་རྒྱུ་ཡིན་མིན་ཤེས་སམ་ཀྱེ།།

 

ས་མིང་ཆུ་མིང་རྫ་མིང་བྲག་རིའི་མིང་།།

རྒྱ་མིའི་ཡི་གེ་ནང་དུ་རྒྱ་མིང་མངོན།།

རིམ་གྱིས་རིམ་གྱིས་མིང་ཙམ་མ་ཡིན་པར།།

འབངས་སེམས་རྒྱ་ལ་བསྒྱུར་པའི་སྲིད་ཇུས་ཤིག།

 

ཁོང་ཚོས་མིང་དག་ཇི་ལྟར་བསྒྱུར་ནའང་།།

ང་ཚོས་མིང་དག་སེམས་ལ་བརྐོས་བྱས་ནས།།

བོད་མི་རེ་རེའི་ཁྱིམ་གྱི་མཆོད་སྒམ་ནང་།།

ཡི་གེ་བརྐོས་པའི་སེམས་དེ་ཉར་ན་བཟང་།།

 

ནམ་ཞིག་རང་གི་ས་ལ་རང་གིས་ནི།།

མིང་འདོགས་འགྲེལ་རྒྱག་བྱེད་དབང་ཐོབ་གྱུར་ཚེ།།

སེམས་ལ་བརྐོས་པའི་མིང་དག་མངོན་བྱེད་ཆོག།

དེ་དུས་བོད་ཀྱི་བསྐལ་བ་བཟང་ཐག་ཆོད།།

 

གང་ལྟར་ཁོང་ཚོས་སྤྱོད་ངན་སྣ་ཚོགས་འཁྲབ།།

ལོ་རྒྱུས་རྙིང་ཤོས་ཅན་གྱི་ 西王母

དཔའ་མོ་སྒེག་ཉམས་ཅན་མ་ 穆桂英

བོད་ཁམས་གང་ས་གང་དུ་ལྷ་བཞིན་བཞེངས།།

 

 

ཞོར་དུ་བཞེངས་སའི་སའང་རྒྱའི་རྒྱལ་རབས།།

ཁུངས་མེད་ལུང་མེད་རྫུན་བཟོར་སྦྱར་བྱས་ནས།།

བོད་ཀྱི་ས་ཤིག་མིན་ཚུལ་སྒྲུབ་ཞོར་དུ།།

牌子 གང་གི་གང་ཆེ་འདོགས་བཞིན་ཡོད།།

 

བླ་བྲང་གླིང་གི་ཐག་ཉེའི་ཡི་གེ་ཐང་།།

སྤྲེའུ་མགོ་ཅན་དང་ཐང་སིན་བླ་མ་བཅས།།

བཞུད་ལམ་ཡིན་རབས་རྫུན་བཟོར་བསྒྲིགས་བྱས་ཏེ།།

悟空唐僧 འཇིམ་སྐུ་བཞེངས་འདུག་ཟེར།།

 

བོད་རྒྱ་གཉིས་ཀྱི་གནའ་བོའི་ཚོང་ས་ཤིག།།

རྒྱ་བོད་གཉིས་ཀྱི་ས་མཚམས་ཡིན་མདོག་གི།།

རྡོ་རིང་རྫུན་མ་བཟོས་ནས་བཙུགས་རབས་བཤད།།

ལོ་རྒྱུས་འཁྱོག་བཤད་རྫུན་བཟོ་བྱས་པ་མང་།།

 

གནམ་ལ་ཉི་ཟླ་ཟུང་གཅིག་གནས་ཡོད་ཅེས།།

ས་ལ་བཙན་པོ་དབོན་ཞང་བཞུགས་འདུག་ཅེས།།

སེང་གེས་ཇི་བཞིན་སྐད་རྒྱང་བསྒྲགས་པའི་ཁྲོད།།

བཙན་པོས་བཙུགས་པའི་རྡོ་རིང་བརྐུ་རྩིས་བྱེད།།

 

ཞོའང་རྒྱ་བཟའ་ལྷ་སར་སླེབ་པའི་ལམ།།

བོད་ལ་དར་ནི་ཡིན་ཚུལ་རྫུན་བཟོ་བྱེད།།

འདི་འདྲའི་འཁྱོག་བཤད་དང་རྫུན་བཟོའི་རིགས།།

བོད་པ་རྣམས་ཀྱིས་ཤེས་ཕྱིར་བྲིས་པ་ཞིག།

 

ཐོ་རྒན་ནས། ༢༠༢༡།༠༦།༡༤

ཐོ་ཐོའི་མི་ཚེ།

 

འདི་ལས་དེ་ལས་མེད་པའི་གནས་སྟངས་ཤིག།

འདི་བསམ་དེ་བསམ་མེད་པའི་ཚོར་སྣང་ཞིག།

སྐབས་རེར་ཉལ་ནས་མཚམས་རེར་ཡར་ལངས་ནས།།

ཇ་རེ་འཐུང་ཞོར་ཆང་ཡང་འཐུང་གི་ཡོད།།

 

སྐྱིད་ནི་བདེ་ནི་འདྲ་བའི་གནས་སྟངས་ཤིག།

སྨྲེང་ནི་སྐྱོ་ནི་འདྲ་བའི་ཚོར་སྣང་ཞིག།

བསམ་ན་ཕ་ཡུལ་ཕྱོགས་དེ་དྲན་ནི་ཟིག།

བསྡད་ན་འདུག་བཟོད་མེད་པའི་འཚེར་སྣང་ཞིག།

 

གླེང་ན་གླེང་རིན་མེད་པའི་མི་ཚེ་འདི།།

མཐའ་མའི་དུས་སུ་བསླེབ་ལ་ཉེ་ཡོང་ཚེ།།

ད་རུང་ཡུན་རིང་ཞིག་ཏུ་འདུག་འདོད་པའི།།

བསམ་ཚུལ་ལྗི་མོ་ཞིག་གིས་དེད་ནས་ཡོང་།།

 

སོར་རྩེ་འདི་ན་གློག་ལྟར་འཁྱུག་པ་ཡི།།

ཡི་གེས་གར་གྱི་ལྟད་མོ་མངོན་པ་གང་།།

གྲོགས་ཁྱེད་འཛུམ་ཞིག་སློང་ཕྱིར་ཕུལ་ཡིན་ལགས།།

གང་ལྟར་མི་ཚེ་ཟེར་བ་འདི་འདྲ་ཞིག།

 

ཐོ་ཐོས།༢༠༢༡།༠༦།༡༥

 

ཉག་སྐེད་བུ་ལོང་མར།

 

ལྷ་སའི་རྡོ་རིང་སྐེད་ལ་ཁྱེད་ཀྱིས་དམག་རྟ་དེ།།

འདོགས་རྒྱུའི་བསྐལ་བ་བཟང་བོ་ཁྱེད་ལ་ལྡན་ཡོད་ན།།

ཤ་རུས་ཁྲག་གསུམ་གཅིག་པའི་བོད་མི་རེ་རེའི་སྐེར།།

རྒྱ་མིས་ལྕགས་ཐག་བཏགས་པའི་དུས་འདི་འབྱུང་སྲིད་དམ།།

 

ཐོ་ཐོ། ༢༠༢༡-༠༦-༡༥

 

ཉིན་མཚན་གྱི་ཆ་མི་འདྲ་བའི་བོད་ནང་གི་དྲྭ་གྲོགས་ཤིག་ལ་བྲིས།

མཚན་མོའི་སྨག་རུམ་ཁྲོད་ན་ཟླ་བ་བཞད།།

ཁྱེད་ཀྱི་རྨི་ལམ་ནང་དུ་ཁོ་མོ་འཛུམ།།

འདི་ན་ད་དུང་ཉི་མ་གཞོན་ནུ་མས།།

གཙང་བོའི་འགྲམ་གྱི་ང་ལ་ཟུར་མིག་འཕེན།།

 

ཐོ་ཐོས། ༢༠༢༡།༠༦།༡༥

 

བོད་ཡིག་བོད་སྐད།

 

གོམས་གཤིས་གཤིས་ཀ་ཐ་ན་སྐད་རིགས་བཅས།།

རྒྱ་ཞིག་ཡིན་པའི་སྣང་ཚུལ་ངོ་མ་མངོན་ཚེར།།

ཤེས་ལྡན་མི་སྣར་རན་པའི་ལས་ཀའི་རིགས།།

བོད་མི་རྣམས་ལ་ཐོབ་རྒྱུ་དཀའ་མོ་ཞིག།

 

རྒྱུ་རྐྱེན་དེའི་རིགས་ཁོར་ཡུག་དེ་འདྲ་རུ།།

བོད་རྣམས་རིམ་གྱིས་རྒྱ་འགྱུར་འགྲོ་བཞིན་སྙམ།།

སྲིད་ཇུས་ནག་པོ་མི་སེར་སྤེལ་སྟངས་འདིས།།

བོད་པ་ཚང་ནི་བོད་མིར་བྱེད་མ་བཅུག།

 

ཐ་སི་ཐོ་སེའི་བོད་མི་ལས་བྱེད་འགས།།

སྔར་བལྟས་ཕྱིར་བལྟས་ཅི་ཡང་མི་བྱེད་པར།།

གནས་སྐབས་ཙམ་གྱི་ཐོབ་བྱར་དམིགས་བྱས་ཏེ།།

བོད་ཅིག་ཡིན་པ་སེམས་ནས་བརྗེད་འདུག་སྙམ།།

 

བོད་ཅིག་ཡིན་ན་བོད་ཁམས་སྤྱི་ལ་སོམས།།

མདོ་དབུས་ཁམས་གསུམ་གཅིག་གྱུར་ཡོང་བར་སོམས།།

བོད་ཀྱི་ཡི་གེའི་རིན་ཐང་འཕར་རྒྱུར་འབོད།།

རང་དབང་ཡོད་སའི་བོད་ཡིག་བེད་སྤྱོད་ཐོངས།།

 

ཐོ་ཐོས། ༢༠༢༡།༠༦།༡༥

 

ཐོ་ཐོའི་ཉིན་དང་མཚན་མོ།

 

དུས་ཀྱིས་དབང་ངམ་ཡང་ན་ཉི་ཟླ་གཉིས།།

རེས་མོས་འཆར་རེས་བྱེད་པའི་སྣང་ཚུལ་འདིས།།

ཉིན་ལ་ཉིན་དང་མཚན་ལ་མཚན་ཞེས་པའི།།

ཉིན་མཚན་དབྱེ་འབྱེད་བྱས་པར་ང་མ་གོམས།།

 

ཉི་འོད་ཀླད་པའི་གཙུག་ན་དྲོད་ལམ་ལམ།།

དེ་དུས་ང་ཡིས་ཉིན་མོ་ཡིན་པ་ཚོར།།

ཉི་མ་མེ་བཞིན་མཁའ་ན་འབར་ཀྱང་རུང་།།

ང་ནི་ཉལ་ནས་ཡོད་ཚེ་མཚན་མོར་བསྒྲུབས།།

 

ང་ནི་རྨི་ལམ་ནང་དུ་གནས་པའི་སྐབས།།

ང་ལ་མཚོན་ན་ཉི་མ་ཟླ་བར་བསམ།།

ངས་ནི་རྨི་ལམ་ཁྲོད་ན་ཟླ་བ་འཚོལ།།

ཉིན་དང་མཚན་གྱི་དབྱེ་བ་དེ་ལྟར་འབྱེད།།

 

ཉིན་མཚན་དུས་དྲུག་དུས་ཀྱི་དབྱེ་སྟངས་འདིའི།།

ཚོད་འཛིན་གྲས་སུ་ང་ནི་འགྲོ་མི་བྱ།།

ང་ཡི་འགྲོ་འདུག་སྤྱོད་གསུམ་ང་ལ་དབང་།།

ཉལ་ཚེ་མཚན་དང་ལངས་ཚེ་ཉིན་མོར་བསྒྲུབས།།

 

ཐོ་ཐོས། ༢༠༢༡།༠༦།༡༦

 

ཁ་སེང་འཆི་ལ་ཁད་ཅིག་བྱས་སོང་།

 

དཔག་དཀའི་རྒྱ་མཚོའི་གཏིང་བཞིན།།

གཙང་བོའི་སྲབ་མཐུག་དེའང་།།

བློ་དམན་ང་ཡིས་མ་ཚོར།།

ཨུ་ཚུགས་བྱས་ནས་བརྒལ་ཡིན།།

 

ཆེ་རྒྱུ་མེད་ནིའི་གཙང་བོ།།

དོང་རྒྱུ་མ་རེད་བསམས་ནས།།

ཐེ་ཚོམ་བྱེད་ཞོར་བརྒལ་མཐར།།

ཧ་ལམ་འཆི་གྲབས་བྱས་སོང་།།

 

རྒྱ་མཚོ་ཆེ་ཞིང་ཟབ་པས།།

བརྒལ་རྒྱུའི་སྤོབས་པ་མེད་བཞིན།།

གཙང་བོ་སྲབ་ཀི་བསམས་ནས།།

མཐོང་ཆུང་འཕྱ་སྨོད་མ་གནང་།།

 

མིག་གིས་གཙང་བོ་མཐོང་ཡང་།།

བློ་ཡིས་གཙང་བོ་མི་རྟོགས།།

ཕྱི་ཚུལ་ཙམ་ལ་བལྟས་ནས།།

ཧོབ་མཆོང་བྱེད་རྒྱུ་མི་འདུག།

 

ཨུ་ཚུགས་བྱ་རྒྱུ་མེད་པ།།

ཧོབ་རྒྱུག་བྱེད་རྒྱུ་མེད་པ།།

ཐེ་ཚོམ་སྐྱེས་ཚེ་དཔྱད་རྒྱུ།།

གཙང་བོས་དམར་ཁྲིད་བྱས་སོང་།།

 

ཕྱི་ཡི་རྣམ་པ་ཙམ་གྱིས།།

ནང་ལོགས་ཤེས་སོང་འདོད་ཚུལ།།

རང་མགོ་རང་གིས་གཡོག་པའི།།

སྣང་ཚུལ་ཡིན་པ་རྟོགས་སོང་།།

དེ་རིང་གཙང་བོའི་ནང་དུ།།

སྲོག་དམར་འཆོར་གྲབས་བྱས་ཀྱང་།།

དམར་ཁྲིད་ཐེངས་གཅིག་མཛད་མཁན།།

གཙང་བོར་གུས་པས་མཆོད་དོ།།

 

ཉམས་མྱོང་ཁྲོད་ཀྱི་དམར་ཁྲིད།།

དཔེ་བརྒྱ་བཀླགས་པའི་ཡན་ཞིག།

ཤི་གསོན་བར་གྱི་ཤེས་རྟོགས།།

ལོ་བརྒྱ་ཕྱིན་ཀྱང་མི་བརྗེད།།

 

ཐོ་ཐོས། ༢༠༢༡།༠༦།༢༠

 

གླུ་མིང་གཅིག་ལ་འགྲེལ་བ།

 

སྐྱེ་བའི་སྐྱེ་བ་ཀུན་ཏུ་རེས་མོས་ཀྱིས།།

ཆུང་མ་ཁྱོ་གའི་འབྲེལ་མཚམས་མི་ཆད་པར།།

སྔ་མའི་ཆུང་མ་ཕྱི་མའི་ཁྱོ་གའི་ལུས།།

ཕྱི་མའི་ཁྱོ་ག་སྔ་མར་སྐྱེ་བར་ཤོག།

 

ཐོ་ཐོས།

 

 

 

 

ཟླ་བར་ཆགས་པའི་ཐོ་ཐོ།

 

ང་ནི་འདི་ན་ཉི་མའི་འོད་ཀྱིས་འཁྱིད།།

ཤིན་ཏུ་སྲེག་པས་ཟླ་བ་གཞོན་ནུ་མའི།།

འཛུམ་མདངས་ཁྲོད་ཀྱི་སྨིན་མའི་བསིལ་གྲིབ་ཏུ།།

ཉལ་བར་འདོད་པས་ཉི་མར་ལེ་བདའ་བྱས།།

 

ཐོ་ཐོས། ༢༠༢༡།༠༦།༢༡

 

མི་ཚེ་དང་སྒོར་མོ།

 

མི་ཚེ་ཟེར་བར་ཐར་ཐབས་མེད་མོད་ཀྱང་།།

སྒོར་མོ་འཚོལ་བར་འདི་འདྲའི་ཧེབ་ཆེ་ཡང་།།

འཇིག་རྟེན་འདི་རུ་འདུག་རྒྱུ་ཡིན་ཟེར་ན།།

འདི་ལྟར་འཆིའང་འདི་འདྲའི་ཧེབ་ཞིག་མཁོ།།

 

ལོ་ཆུང་བྱིས་པ་ནས་བཟུང་ལོ་རྒན་བར།།

མི་ལོ་བརྒྱ་བཅུ་དགུ་བཅུའི་དུས་ཡོད་ཀྱང་།།

བསམ་ན་ཤིན་ཏུ་ཐུང་སྣང་སྐད་ཅིག་ཙམ།།

འཆི་ཁར་སྐྱེས་པའི་བྱུང་རིམ་རྨི་ལམ་ཙམ།།

 

ཤིའང་བསྐྱར་དུ་མིའམ་དུད་འགྲོའི་ལུས།།

ཁྱེར་ནས་འཇིག་རྟེན་འདི་ལ་བྱོན་སྲིད་ན།།

ཅིའི་ཕྱིར་ཚེ་སྔོན་བསགས་པའི་རྒྱུ་དང་ཟས།།

རང་གིས་སྤྱོད་མིན་གཞན་དབང་ཅན་དུ་སོང་།།

སྐྱེས་སྟོབས་ཤེས་རབ་ཟེར་བ་ཡོད་དམ་ཀྱེ།།

ཚེ་འདིར་བསགས་པའི་རྒྱུ་རྣམས་སྦས་པ་གང་།།

མི་ཚེ་གཞུག་མར་འཚོར་བའི་ཤེས་རབ་ཞིག།

ཡོད་ན་བདག་ལ་སྩོལ་རོགས་ཀྱེ་ཧུད་ལྷ།།

 

མི་ཚེ་ཟེར་བ་ཀྱོག་ལམ་རིང་མོ་ཞིག།

ལམ་གྱི་ཟུར་དང་འགོ་མཇུག་བར་གསུམ་གང་།།

ཁྱེད་དང་ང་ནི་དུར་འཇུག་བྱེད་སའི་གནས།།

ལམ་ལ་བརྩོན་ཡང་འབད་ཀྱང་དེ་བཞིན་ནོ།།

 

ཐོ་ཐོས། ༢༠༢༡།༠༦།༢༣ལ།

 

བཟའ་སྟོན།

 

དེ་རིང་ཁྱོ་ཤུག་གཉིས་ཀྱི་རྣམ་པ་མཛེས།།

ལྷ་ཡི་ཚོན་རིས་ལྟ་བུའི་གཡུ་བྱུར་མདངས།།

མེ་ཏོག་སྣ་ལྔ་བཀྲ་བཞིན་གོས་དང་ཕྲུག།

མ་མོའི་རྐྱལ་རྩག་སྟེང་ན་འོད་འཚེར་འཚེར།།

 

དེ་རིང་ཁྱོ་ཤུག་གཉིས་ནི་དགའ་ལྷང་ལྷང་།།

སྤྲོ་བའི་སེམས་ངོར་དུངས་བའི་འཛུམ་མདངས་བྱུགས།།

འཇིག་རྟེན་འཁོར་བ་སྦྲ་ནག་གྲུ་བཞིའི་ནང་།།

ཚེ་གཅིག་སྐྱ་ཡ་བྱེད་རྒྱུར་དམ་བཅའ་བཞག།

 

དེ་རིང་བཟའ་སྟོན་རྣམ་པ་ཤིན་ཏུ་མཆོག།

ཕྱི་ལུགས་རྒྱ་ལྟ་གང་ཡང་མ་ཡིན་པར།།

རང་ཅག་བོད་པ་ཚང་གི་གོམས་གཤིས་ལྟར།།

བོད་ཟས་བོད་ལྭ་བོད་སྐད་གསུམ་འཛོམས་ཡིན།

 

སྐྱེ་བའི་སྐྱེ་བ་ཀུན་ཏུ་རེས་མོས་ཀྱིས།།

ཆུང་མ་ཁྱོ་གའི་འབྲེལ་མཚམས་མི་ཆད་པར།།

སྔ་མའི་ཆུང་མ་ཕྱི་མའི་ཁྱོ་གའི་ལུས།།

ཕྱི་མའི་ཁྱོ་ག་སྔ་མར་སྐྱེ་བར་ཤོག།

 

ཐོ་ཐོས། ༢༠༢༡།༠༦།༢༨ ལ།

 

 

ཡུན་རིང་སྦས་པའི་སྙན་ངག

 

མདེའུ་ས་ཡ་མང་བོའི་རྩེ་མོ་རུ།།

བཙན་འཛུལ་ཁྲིག་ཐིགས་རྔུབ་པའི་གཤེད་མའི་དར།།

མི་ལོ་དྲུག་ཅུ་ལྷག་གི་ཁུར་པོར་གྱུར།།

ཁྲག་གི་རྒྱ་མཚོའི་གཏིང་དུ་འགྱེལ་བ་བཞིན།།

 

བརྒྱ་བཅུའི་གྱ་སྟོན་མ་ཡིན་བརྒྱ་སྟོན་ཡིན།།

སྒྲ་གདངས་གཅིག་པའི་རྒྱ་སྟོན་དེ་བས་ཡིན།།

ཁྱེད་དང་ང་ལ་མཚོན་ན་དགའ་སྟོན་མིན།།

འོན་ཀྱང་ཁྱེད་ཀྱིས་དེ་ལ་བསྟོད་བསྔགས་འཐེན།།

མ་གཞི་འགའ་རེས་བསྔགས་བརྗོད་བྱེད་རྩིས་མེད།།

ཡིན་ཡང་དམར་པོ་ཚང་གི་ཁྲིམས་བཙན་པས།།

མེས་པོའི་སྙིང་ཁྲག་འཐུངས་པའི་དར་དམར་དེ།།

གདོང་ལ་འཛུམ་དང་བཅས་ཏེ་ཤར་དགོས་ཆགས།།

 

མྱི་ལྡིང་ཚང་གི་རྒྱལ་ཁབ་སྨྱོས་བསྡད་ཡོད།།

ཁྱེད་ཚོས་ཀྱང་ནི་དེ་ན་སྨྱོ་རྒྱུག་གནང་།།

བསམ་ན་རང་གི་བདེ་འཇགས་བསྲུང་ཕྱིར་དུ།།

སྨྱོན་པ་ཡིན་མདོག་སྟོན་གྱིན་ཡོད་པ་འདྲ།།

 

ཤིན་ཏུ་གཏུམ་དྲག་ཆེ་བའི་དམ་དྲག་འོག།

གཞིས་སྡོད་བོད་མི་མང་ཕྱོགས་ལྐུག་པར་གྱུར།།

ངག་བཅད་བསྙུང་གནས་ཡིན་པའི་ཚོར་བ་སྟེར།།

བོད་ལ་རེ་བཞག་མེད་པ་མིན་ནམ་ཀྱེ།།

 

གཞིས་བྱེས་ཁ་མཐུན་ཁོག་མཐུན་ཡོང་རྒྱུ་གཙོ།།

དམིགས་ས་གཅིག་ལ་ཀུན་གྱིས་འབད་ན་ཡག།

རྟག་ཏུ་བཙན་དབང་འོག་ཏུ་བཅུག་ཡོད་ཅེས།།

གླེན་མདོག་ལྐུག་མདོག་བསྟན་ནས་འདུག་ཐུབ་བམ།།

 

ཕྱི་ནས་འདུག་སྟངས་འཁྱམ་པོ་ཡིན་ན་ཆོག།

ཕྱི་ན་གནས་སྟངས་སྐྱོ་བོ་ཡིན་ཡང་ཆོག།

གཞིས་སྡོད་བོད་མིའི་དཀའ་ངལ་བརྗེད་ཀྱི་མེད།།

དམ་དྲག་འོག་གི་ལྷིང་འཇགས་དཀྲོག་རྒྱུར་འཛེམས།།

སྐད་འཕྲིན་འཇིགས་ཅན་བཙོན་གྱི་ར་བ་ཞིག།

ལྐོག་ཉན་གསང་ཉུལ་བྱེད་སའི་ལྟེ་གནས་ཤིག།

ཚོགས་མི་ཡོད་དོ་ཅོག་ནི་བཙོན་མ་བཞིན།།

རྐང་ལྕགས་ལག་ལྕགས་མཆེ་བས་དམུར་བ་མང་།།

 

གཞན་ལ་བསྡུར་ན་རང་ཉིད་སྤྲང་བོ་དང་།།

རང་གི་སའང་གཞན་གྱིས་འཕྲོགས་ཚར་ཡང་།།

རྒྱལ་ཁབ་སྟོབས་ལྡན་ཡིན་དང་རེད་ཅེས་ནས།།

ཕྱི་སྡོད་བོད་མིའི་རྒྱལ་ཞེན་འགེམ་རྩིས་བྱེད།།

 

དེ་ཚོའི་རིགས་ལ་ང་ཡིས་ཁྱི་ཚོགས་ཟེར།།

ཁྱི་རྒན་ཁྱེད་ཚོས་ཁྱི་ལྟོར་སྒུགས་ནས་སྡོད།།

སྟག་ཕྲུག་ང་ཚོས་རྒྱལ་ཁམས་འགྲིམ་ནས་འགྲོ།།

ཁྱི་དང་སྟག་གི་འགྲོ་ཕྱོགས་ཐ་དད་རེད།

 

དྲི་བཀུམ་གསར་སྐྱེས། ༢༠༢༡།༠༦།༢༥

 

སེང་གེ། ཁྱུང་། འབྲུག

 

གཡུ་འབྲུག་སྔོན་མོ་ཡོད་ཀྱང་རྒྱ་ནག་ལྕགས་རིའི་རྩེ།།

སེང་གེ་དཀར་མོ་མེད་ཀྱང་བོད་མི་ཡོངས་ཀྱི་སེམས།།

བྱ་རྒྱལ་ཁྱུང་ཆེན་ཡོད་ཀྱང་མེད་ཀྱང་མེས་པོས་བཞིན།།

བོད་ཁམས་མཁའ་དབྱིངས་བསྲུངས་མྱོང་ལྷ་བྱར་བཀུར་རྒྱུ་གཙོ།།

 

ཐོ་ཐོས།༢༠༢༡།༠༦།༢༦

ང་ཚོས་ཕ་ཡུལ་དེ་དྲན་ཆོག་གམ།

 

ཕ་ཡུལ་དྲན་ཐེངས་རེ་ལ།།

མིག་ཆུ་ཁྲོམ་ཁྲོམ་བཞུར་ཞོར།།

མཆི་མའི་ཐིགས་པས་བརླན་པའི།།

སྙན་ངག་ཐ་ཐོར་གཡུགས་ཡིན།།

 

ཕ་ཡུལ་སྐྱིད་ཀི་བསམ་ན།།

དྲན་དགོས་ངུ་དགོས་མི་འདུག།

སྐྱིད་ས་བདེ་ས་འདི་རེད།།

ཐོབ་ཐང་རང་དབང་འདིར་ཡོད།།

 

འདི་ནས་སྐྱིད་ཀི་སྐྱིད་ཀི།

ཕ་ཡུལ་ཇེ་དྲན་ཇེ་དྲན།།

བཙན་དབང་འོག་གི་ཕ་ཡུལ།།

སྡུག་ལས་ཐར་ན་བསམ་བྱུང་།།

 

མི་ལ་ཐོབ་ཐང་ཆེ་ས།།

དམངས་གཙོ་ཚད་ལྡན་ཡོད་སའི།།

ཕྱི་ཕྱོགས་རྒྱལ་ཁབ་དེ་ཚོ།།

འགྲོ་བ་ཡོངས་ཀྱི་གནས་མཆོག།

 

དུག་གི་ཁ་རླངས་འཕྱུར་ས།།

ནད་ཡམས་ལག་དམར་བདག་པོ།།

རྒྱལ་ཁབ་ཕྱི་དང་བསྡུར་ཚེ།།

བར་ཐག་དམྱལ་ཁམས་ལྷ་ཡུལ།།

 

ས་མཐའ་སྐྱིད་རུང་གཞན་ཡུལ།།

རང་གཅིག་སྐྱིད་འདུག་སྙམ་པས།།

ཚིམས་ཞིང་བཟི་ནས་བསྡད་ན།།

སྐྱིད་སྣང་བདེ་སྣང་ལོས་ཤར།།

 

ས་མཐར་འཁྱམས་ནས་འགྲོ་བ།།

རྒྱལ་ཁབ་འཕྲོགས་པའི་རྐྱེན་རེད།།

འཕྲོག་མཁན་གཙུག་ཏུ་བཀུར་ནས།།

རྒྱལ་ཁབ་ཡོད་མདོག་མ་སྟོན།།

 

རྒྱལ་ཁབ་ཤོར་ནས་བཟུང་སྟེ།།

འཁྱམ་པོ་ལྡོམ་པོའི་ལས་དབང་།།

རེ་ཞིག་བཟློག་ཐབས་མེད་པས།།

ས་མཐར་འཁྱམ་དགོས་བྱུང་སོང་།།

བུ་རབས་ཚ་རྒྱུད་དུས་དེར།།

ཕྱི་ཡུལ་ལྡོམ་དགོས་མེད་ཚེ།།

ད་ལྟ་ང་ཚོ་ལྡོམ་པ།།

གཟི་བརྗིད་ཅིག་ཏུ་བརྩིས་ཆོག།

 

 

ཕ་ཡུལ་ས་མཐའི་དྲན་པ།།

ཡུལ་ཕྱོགས་སྐྱིད་ཀི་མེད་རྟགས།།

སྐྱིད་ཅིང་བདེ་འཇགས་ཡོད་ན།།

སེམས་འཁྲལ་བྱེད་དགོས་མི་འདུག།

 

ཕ་ཡུལ་དྲན་ཚུལ་བཤད་ན།།

བཤད་པར་དགག་སྒྲུབ་བྱེད་ཀི།

ཕ་ཡུལ་དྲན་པ་དེ་ནི།།

རྒྱ་མིར་དགའ་རྟགས་རེད་ཟེར།།

 

བཙན་བྱོལ་མི་སྣ་ཡིན་ན།།

ཕ་ཡུལ་དྲན་གི་ཡོད་ཅེས།།

སྙན་ངག་ལམ་ནས་བྲིས་ན།།

ལ་རྒྱ་མེད་རྟགས་རེད་ཟེར།།

 

ཕ་ཡུལ་མི་དྲན་ཟེར་ན།།

སྣང་ངོར་ཕ་ཡུལ་མེད་རྐྱེན།།

བོད་ཡིན་ཟེར་རུང་དོན་མེད།།

བོད་ཁམས་སེམས་ནས་བརླགས་འདུག།

ཕ་ཡུལ་མི་དྲན་ཟེར་ཞོར།།

སྐྱོ་གླུ་སྨྲེང་གླུའི་ཁྲོད་ནས།།

ཨ་རོགས་འབྲོག་མོ་ཞེས་ནས།།

ལ་གཞས་བླངས་ཀྱང་དོན་མེད།།

ཕ་ཡུལ་མི་དྲན་ཟེར་ན།།

ཕ་ཡུལ་ཕྱོགས་ཀྱི་ཆོས་པས།།

ཆོས་གཞུང་ཟབ་མོ་གླེང་བར།།

ལད་ཟློས་བྱེད་དགོས་མི་འདུག།

ཕ་ས་ཕ་ཡུལ་ཟེར་ན།།

ཨ་མས་གཅེས་མྱིང་འབོད་ས།།

ཨ་ཕས་ལྔ་བརྒྱད་གླེང་སའི།།

སྐྱེ་ས་སྐྱེ་ཡུལ་ཡིན་འདུག།

 

གཅེས་མྱིང་བོས་བའི་དྲིན་ལན།།

ལྔ་བརྒྱད་གླེང་བའི་ཞེ་འཁོན།།

ས་མཐའི་སྐྱིད་སྣང་ཁྲོད་ནས།།

བརྗེད་ན་ངོ་ཚ་ཞིག་ཡིན།།

 

ཐོ་ཐོས། ༢༠༢༡།༠༦།༢༨ ལ།

 

 

 

 

བདག་ནི་སྐད་ཅིག་མི་རྟག་ནམ་ཞིག

 

བདག་ནི་དབེན་པའི་ནགས་ཚལ་སྟུག་པོ་འདིར།།

སྐད་ཅིག་འབུས་པའི་བྱང་ཆུབ་ལོ་མ་ཞིག།

མི་རྟག་སྤྲིན་པ་ནག་པོས་དྲག་ཆར་དེས།།

ནམ་ཞིག་འཇོམས་རྒྱུ་ཡིན་མིན་ཆ་མ་མཆིས།།

 

ཐོ་ཐོས། ༢༠༢༡།༠༦།༢༨ ལ།

 

 

སྤོང་བ་དང་སྲུང་བ།

 

བསྲུང་ཕྱིར་སྤང་བ་སྡོད་གནས་ཙམ་ནི་སྤངས།།

སྤངས་ནས་བསྲུང་ཕྱིར་ལུས་ངག་ཡིད་གསུམ་སྤྱོད།།

འདི་ལྟར་སྲུང་བ་རྒྱལ་བའི་ལག་ལེན་ཡིན།།

ང་ཡང་ལྡོམ་པའི་དམིགས་ཡུལ་དེ་བཞིན་ནོ།།

 

ཐོ་ཐོས། ༢༠༢༡།༠༦།༢༨ ལ།

 

ནེ་རྒན་དང་སྐལ་བཟང་གཉིས་ཀྱི་ཁ་བརྡ་བཅད་པ།

 

རླུང་གིས་གཡོ་འགུལ་མེད་པའི་རྒྱ་མཚོའི་ངོགས།།

ཕྱེད་ཀ་དམར་རྗེན་ཡིན་པའི་ལུས་ཕྲ་མར།།

ཉི་མས་སོ་ཁམ་རྒྱག་པའི་སྣང་བརྙན་དེ།།

རྟག་བརྟན་དགའ་རྩེད་འཕྲེང་བ་བདག་གིས་བསུབས།།

 

ཆགས་ལྡན་སྐྱེ་བོ་འདོད་པས་མགུ་བའི་བར།།

ངེད་ཅག་རྒྱལ་སྲིད་ཇི་ལྟར་བསྐྱང་བའི་གཏམ།།

ཐབས་དང་རྣམ་དཔྱོད་སྤྱད་དེ་ཡར་ཞུའི་ཚུལ།།

མགྲིན་པའི་རྫ་རྔ་བརྡུངས་པར་ཐུགས་མ་ཁྲོ།།

 

གྲོས་ཚོགས་ར་བའི་ནང་གི་ལྡོབ་ལྡོབ་ཚོ།།

དེ་ཚོ་ལྟ་བུའི་སྤྱི་འཐུས་མ་རབས་དག།།

བཙན་བྱོལ་གཞུང་ལ་མཁོ་དོན་མེད་པ་འདྲ།།

ཉོག་དྲ་མང་ཕྱོགས་བཟོ་མཁན་དེ་ཚོ་ཡིན།།

བཀའ་སྤྱི་སྲིད་སྐྱོང་བོད་མི་སྤྱི་ཡི་མགོན།།

མགོན་དང་སྐྱབས་སུ་འཛིན་རྒྱུ་འབངས་ཀྱི་འགན།།

དེ་ལས་ལྷག་པའི་མགོན་ནི་༧གོང་ས་མཆོག།།

མཆོག་གྱུར་དབུ་མའི་ལམ་ཆེན་ཁོང་གི་བཀའ།།

 

ཆོལ་ཞེན་ཆོས་ཞེན་ཏོག་དབྱིབས་ནད་དུག་བཞིན།།

རྒྱལ་ཁབ་རྩ་བརླག་བྱེད་པའི་རྒྱུ་རུ་འགྲོ།།

མདོ་དབུས་ཁམས་གཡུམ་བོད་རིགས་གཅིག་པ་ཡིན།།

ནད་དུག་དེའི་རིགས་འགོག་པའི་ཁ་ཐུམ་རྒྱོབ།།

 

སྤྱི་འཐུས་རྒན་པ་མང་བོ་འགྲོ་རྒྱུ་བྱོས།།

སྤྱི་འཐུས་གསར་པས་ཁ་སྣོན་རྒྱག་རྒྱུ་བྱེད།།

རྒན་པ་འགའ་ཞིག་ཤིན་ཏུ་རྒན་དྲག་པས།།

གསར་པ་དག་ལ་གོ་སྐབས་གནང་ན་བཟང་།།

རྒན་པ་དག་གིས་ཚེ་འདི་མ་ཡིན་པར།།

ཕྱི་མའི་ཚེའང་མི་ལ་སྐྱེ་ཕྱིར་དུ།།

ཁྱིམ་ནས་མ་ཎི་ཡིག་དྲུག་འདོན་རན་རེད།།

བོད་ལ་སེམས་པ་དཀར་ན་མི་ལ་སྐྱེ།།

 

གསར་པ་དག་གིས་རྒྱལ་བའི་བཀའ་བཞིན་དང་།།

གཞིས་བྱེས་མཉམ་འཛོམས་ཡོང་ཕྱིར་ཅི་ནུས་ཀྱིས།།

སྲིད་སྐྱོང་མགོན་དུ་བཀུར་ཞོར་རང་སྟེང་ནས།།

བོད་འབངས་སྤྱི་ལ་ཕམ་པའི་མཛད་རྗེས་ཞོག།།

 

བཀའ་བློན་རྣམས་ནི་སྲིད་སྐྱོང་ཕྱག་གཡས་གཡོན།།

སྲིད་སྐྱོང་ལག་སྡུམ་བཟོ་རྒྱུ་མི་དྲན་རོགས།།

དམིགས་ཡུལ་གཅིག་ལ་ཕྱོགས་ནས་མདུན་སྐྱོད་བྱོས།།

དགྲ་དགའ་གཉེན་སྡུག་ཕྱག་ལས་མི་གནང་རོགས།།

 

སྤྱི་འཐུས་གྲངས་ཀ་མང་དུ་གཏོང་རྒྱུ་བྱོས།།

སྤྱི་འཐུས་སུ་ལ་ཐོབ་དང་སུས་མཛད་པ།།

ཆོལ་ཁའི་ཕྱོགས་ནས་གདམ་རྒྱུ་མེད་ནི་བྱོས།།

མདོ་དབུས་ཁམས་གསུམ་སྤྱི་ནས་འདེམས་ཤིག་ཀྱེ།།

 

བཀའ་བློན་གྲངས་ཀ་མང་ན་བཟང་གི་འདོད།།

སྡེ་ཁག་མང་བོའི་འགན་འཁྲི་ལྗིད་པོ་དེ།།

བཀའ་བློན་གཅིག་གིས་འཁུར་རྒྱུ་མེད་ནི་བྱོས།།

མི་ལ་སེར་སྣ་བྱེད་དགོས་ཡོད་དམ་ཀྱེ།།

བཀའ་བློན་གྲངས་ཀ་ཇེ་མང་བཏང་བྱས་ཚེ།།

གཞུང་དངུལ་ནང་ནས་གླ་ཕོགས་གནང་རྒྱུ་དེའི།།

གྲངས་ཀ་ཅུང་ཙམ་མང་དུ་འགྲོ་དགོས་པར།།

དཔལ་འབྱོར་ལས་ཁུངས་ཕྱོགས་ནས་ཤུགས་ཤིག་རྒྱོབ།།

 

ད་ལོའི་ཤེས་རིག་བཀའ་བློན་སུ་ཡིན་ནམ།།

ང་ལ་རེ་བ་འགའ་ཞིག་ཞུ་རྒྱུ་ཡོད།།

གཅིག་དེ་ Windows དང་ Mac གཉིས།།

བོད་ཡིག་ནང་དུ་སྤེལ་རྒྱུར་འབྲེལ་ལམ་ཚུགས།།

 

ང་ཚོའི་ཕྱོགས་ནས་མི་དང་དངུལ་གཉིས་ནས།།

འགྲོ་སོང་གཏོང་རྒྱུ་ཡིན་ཞེས་ཡར་ཞུ་དང་།།

མཱེ་སཱི་མཱེ་ཁཱིས་དངུལ་ཡང་ཉུང་ཙམ་ཞིག།

སྦྱིན་བདག་གཏོང་རོགས་ཞེས་ནས་ཡར་ཞུ་རྒྱོབ།།

 

ཞོར་དུ་བཙན་བྱོལ་གཞུང་གིས་རྒྱབ་སྐྱོར་འོག།

གློག་ཀླད་ཆེད་མཁས་མི་སྣའི་སྡེ་ཁག་ཅིག།

འཛམ་གླིག་འདི་ན་འགྲན་ཟླ་བྲལ་བ་ཞིག།

ཅི་ཐུབ་གང་ཐུབ་བྱས་ནས་འཛུགས་རོགས་ཞུ།།

 

གཞན་ཡང་དྲྭ་རྒྱའི་འཇིག་རྟེན་སྟོང་ཁམས་ནས།།

ངེད་ཅག་བོད་པར་བདག་དབང་ཆ་ཚང་གི།

འགན་དང་ཐོབ་ཐང་ཡོད་པ་སྤྲིན་པའི་སྣོད།

མི་རབས་ཕྱི་མ་བསམས་ཤིང་བཟོ་སྐྲུན་མཛོད།།

དེ་དག་ཡོད་ཚད་བསྒྲུབས་ནས་འགྲུབ་ཚར་རྗེས།།

འཛམ་གླིང་འདི་ན་བོད་དང་འབྲེལ་ཡོད་པའི།།

དཔེ་དེབ་གཅིག་ཀྱང་མ་ལུས་སྤྲིན་སྣོད་དུ།།

ཤིན་ཏུ་གཟབ་ནན་གྱིས་ནི་འཇུག་རོགས་ཞུ།།

 

ཕྱི་ནང་བོད་མི་ཡོད་དོ་ཅོག་གིས་དང་།།

མགོ་སེར་མྱི་ནག་ཁྲོད་ཀྱི་མཁས་པ་ཚོས།།

བོད་ཡིག་རྒྱ་ཡིག་དབྱིན་ཡིག་ལ་སོགས་པས།།

བྲིས་པ་ཡོད་དོ་ཅོག་ཀྱང་དེར་འཇུག་རོགས།།

 

མཱེ་ཁཱི་བཱེན་ཌྲོ་བོད་ཡིག་ལམ་ནས་མཁོ།།

སྤྲིན་སྣོད་བོད་མིར་གཅིག་པོར་དབང་བ་མཁོ།།

གློག་ཀླད་ཆེད་མཁས་མཁས་པའི་རྩེར་གསོན་པས།།

གྲུབ་པའི་སྡེ་ཁག་འགྲན་ཟླ་བྲལ་བ་མཁོ།།

 

༢༠༢༡།༠༦།༣༠ལ།

 

 

འཆི་རྒྱུ་མིན།

 

ལྕགས་ཐག་སྲ་མོ་སྲ་མོ་བརྡུང་རྒྱུ་ཡིན།།

ཡང་ན་སྒོར་མོ་སྤྲད་ནས་ཉོ་རྒྱུ་ཡིན།།

ནམ་ཞིག་འཇིག་རྟེན་འདི་ནས་འགྲོ་རན་ཁར།།

ལྕགས་ཐག་དེ་ལ་ཤི་འཐམ་རོ་འཐམ་བྱེད།།

 

ལྕགས་ཐག་སྣེ་ནས་དྲུད་ནས་འགྲོ་མཁན་ཞིག།

དངོས་སུ་བྱོན་ན་འཐབ་འཁྲུག་རྒྱག་གི་ཡིན།།

མདའ་གྲི་མདུང་གསུམ་ཤར་ནས་མ་བཏང་ན།།

མེ་ཤུགས་འཕུར་མདའ་ཡིན་རུང་ཉོ་རྩིས་ཡོད།།

 

གང་ལྟར་འགྲོ་རྒྱུ་མིན་དང་མི་འགྲོ་ཞེས།།

ཨག་རིང་ཀུ་རིང་འདེབས་ཞོར་འབྲོས་ཞོར་དུ།།

འཛུལ་སའི་ཁུང་ཞིག་བརྙེད་ན་ཕྱི་བ་བཞིན།།

ཁུང་ནས་ཡུན་རིང་ཞིག་ཏུ་ཉལ་ནས་འདུག།

 

སྐབས་རེར་བསམ་ན་དེ་འདྲའི་སྐྲག་དོན་མེད།།

ཁྲིམས་ཀྱི་ཁ་ནས་སྲོག་ཐག་བཅད་པ་བཞིན།།

གཤིན་རྗེའི་གཤེད་མས་ཉི་འཛིན་སྐར་འཛིན་ངང་།།

འཆི་བའི་ལོ་ཟླར་ཐག་གཅོད་གང་ཡང་མེད།།

 

ནམ་འཆི་ངེས་མེད་ཡིན་སྟབས་ལོ་ཟླ་དག།

གཅིག་གཅིག་གཉིས་གཉིས་བྱས་ནས་བརྩི་དགོས་མེད།།

ནམ་ཞིག་ཤིན་ཏུ་གློ་བུར་སྐད་ཅིག་བར།།

འཇིག་རྟེན་འདི་དང་འབྲལ་ནས་འགྲོ་དགོས་ཙམ།།

 

བསམ་ཚུལ་དེ་འདྲའི་ཁྲོད་ནས་མི་ཚེ་འདི།།

ནམ་ཞིག་རྫོགས་རྒྱུ་ཡིན་པ་གཞིར་བཞག་ཐོག།

མཚམས་རེར་མ་ཎི་ཡིག་དྲུག་འདོན་ཞོར་དུ།།

འཆི་བའི་ལྡོག་ཟླ་སྐྱེ་བ་ཡིན་པར་སྙམ།།

 

ཐོ་ཐོས། ༢༠༢༡།༠༦།༣༠ ལ།

 

བོད་པ་ཚང་གི་གནས་སྟངས།

 

དམར་པོ་བདུད་ཀྱི་གདུག་རྩུབ་ཆེ་དྲག་པས།།

བོད་མི་ཡོད་དོ་ཅོག་གི་སེམས་ཁམས་འཁྲུགས།།

ཐག་ཁྲ་སྦྲུལ་དུ་སྣང་བའི་འཇིགས་པས་བཅིངས།།

དལ་བའི་རྟེན་ལས་ལྗོན་པར་སྐྱེ་བར་ཆགས།།

 

ཐོ་ཐོས།༢༠༢༡།༠༦།༣༠ལ།

ཚོགས་གཙོ་ལ་ཀུ་རེ།

 

ད་ནི་ཚོགས་གཙོ་ལགས་ཁྱེད་ཧ་ལམ་སྨྱོས་ཡོད་འདྲ།།

སྐད་ཆའི་བརྒྱ་ཆ་དགུ་བཅུ་སྨྱོ་བཤད་གཟའ་བཤད་རེད།།

གློ་བུར་གློ་བུར་བར་དུ་སེམས་རྩ་འཁྲུགས་ཤིང་འཁྱོགས།།

བསམ་གཞིག་ཅི་ཡང་མེད་པར་ངན་སྨྲས་བྱེད་རྒྱུར་གོམས།།

 

ཐོ་ཐོས། ༢༠༢༡།༠༧།༠༡

 

རྒན་ཨ་ཆེན་ཚང་གིས་གསན་རོགས་ཞུ།

 

ས་སྐྱིད་ས་རི་ཡང་མཐོ་སའི་བོད།།

གངས་དཀར་པོས་བསྐོར་བའི་ཁ་བ་ཅན།།

སེམས་དཀར་པོས་འཛམ་གླིང་བསྐྱང་འདོད་ཀྱང་།།

བདུད་དམར་པོ་ཚང་གིས་ཚར་གཅོད་བྱས།།

ས་འདི་ལ་འཁྲུངས་པའི་བཙན་པོ་ཀྱེ།།

ཁྱེད་གཤེགས་ནས་ལོ་ངོ་གྲངས་མེད་ཕྱིན།།

ངར་སྤྲུལ་སྐུ་བརྒྱ་ལས་ཁྱེད་ཚོ་ཉག།

ས་འདི་ཡི་བདག་དབང་ང་ཚོས་ཤོར།།

 

རི་མཐོན་པོ་སྟོང་བར་ཐོན་ལ་ཁད།།

གངས་དཀར་པོ་བཞུས་ནས་ཚར་ལ་ཁད།།

ཆུ་གཙང་མ་འདྲེན་ནས་རྫོགས་ལ་ཁད།།

བོད་མི་རིགས་ས་གཏོར་རྡོ་གཏོར་བྱས།།

 

བོད་མི་རིགས་ནང་ནས་མི་རིགས་བཀར།།

རིགས་སྣ་མིང་ཅན་དུ་བོད་རིགས་བསྒྱུར།།

ས་ཆེན་པོ་བོད་ཀྱི་རྒྱལ་ཁམས་དེ།།

གྲིས་བཅད་པ་ནང་བཞིན་ཁ་ཐོར་བཏང་།།

 

གནས་རྩ་ཆེན་མང་བོར་རྒྱ་མིང་བཏགས།།

དགོན་གང་གི་གང་ཆེར་རྒྱ་དར་བཙུགས།།

དཔོན་གང་གི་གང་མཐོ་ཏང་མིར་བཞག།

བུ་གང་གི་གང་རབས་བཙོན་ལ་བཅུག།

 

ལྷ་ཐོ་ཐོའི་ལྡོག་ཟླ་བ་ནས། ༢༠༢༡-༠༧-༠༣

 

 

འཁྲུངས་སྐར་བསུ།

 

ཚེ་ལོར་དགུ་བཅུར་ཉེའང་ཕ་ཡུལ་དང་།།

ཡུལ་མི་དད་ལྡན་རྨ་བྱའི་ཚོགས་ལ་ནི།།

དངོས་སུ་གསུང་གི་འབྲུག་སྐད་གྲགས་རྒྱུའི་དུས།།

དམར་པོ་བདུད་ཀྱིས་བཀག་པར་གདུང་སེམས་བསྐྱེད།།

 

གཡུ་འབྲུག་བཞིན་དུ་མཛད་པ་འཕྲིན་ལས་འཛམ་གླིང་ཡོངས་སུ་གྲགས།།

སེང་གེ་ཇི་བཞིན་སྐུ་ཡི་གཟི་བརྗིད་ཁ་བའི་ལྗོངས་སུ་འབར།།

བླ་མ་ཁོང་ནི་གོ་ལ་འདི་ཡི་སྙིང་རྗེའི་དབང་ཕྱུག་ལགས།།

འགྲོ་བ་མི་དང་སེམས་ཅན་ཡོངས་ཀྱི་མགོན་སྐྱབས་ཁོ་ན་ཉིད།།

 

ཐོ་ཐོས། ༢༠༢༡།།༠༧།༠༥ ལ།

འབྲོང་འབྲོང་མོ་དང་འབྲོང་ཕྲུག་གི་གཏམ་རྒྱུད།

 

འབྲོག་ས་ལྷིང་འཇགས་རེད་ཅེས་སྨྲས་པ་བདེན།།

འབྲོང་རྒོད་ཤན་པར་འཇིགས་པས་རི་ལ་ཕྱིན།།

འབྲོང་ཕྲུག་སྦྲ་མཐའི་རྫི་བོས་སྤང་དུ་དེད།།

འབྲོང་མ་ཁྱིམ་བདག་བུ་མོས་རྡང་ལ་བཏགས།།

 

མེ་ཏོག་སྣ་བརྒྱ་ཟས་སུ་རོལ་བཞིན་པའི།།

རི་རྩེའི་འབྲོང་རྒོད་ཤན་པས་འཚོལ་བཞིན་སྒང་།།

ལྷས་ཀྱི་འབྲོང་མ་འོ་མས་ཁེངས་ན་ཡང་།།

ལས་ངན་འབྲོང་ཕྲུག་ལྟོགས་སྐོམ་ཁྲོད་ན་འདར།།

འོ་མ་ཁྲག་ཏུ་འགྱུར་རྒྱུར་ཉེ་རག་བར།།

རྒྱུ་འབྲས་ལྕོ་ལ་སྦྱར་བའི་ཁྱིམ་བདག་མས།།

མཛུབ་མོའི་ལྕགས་ཀྱུས་བཙིར་བའི་ནུ་མ་དག།

འབྲོང་མར་ཕྱིར་འཐེན་བྱེད་རྒྱུའི་བདག་དབང་མེད།།

 

འབྲོང་མའི་ཐག་ཉེར་གཅར་དབང་མེད་པ་ཡི།།

སྤང་གི་འབྲོང་ཕྲུག་རྫི་བོའི་འུར་སྣེ་ན།།

ཤན་པའི་མིག་གིས་འཚོས་པའི་འབྲོང་རྒོད་དེ།།

བཤའ་ཁང་འཕྲུལ་ཆས་ཁ་ནས་ཐར་རམ་ཀྱེ།།

 

ཐོ་ཐོས། ༢༠༢༡།༠༧།༠༦ ལ།

 

 

འདྲེ་རྒན་ཚོགས་གཙོ།

 

ཚོགས་གཙོ་ཆང་གིས་བཟི་བ་སྙན་ངག་ཅིག།

བཟི་ནས་འདྲེ་རུ་གྱུར་པ་སྙན་ངག་ཅིག།

འདྲེ་སྐད་ལྷ་ཡི་སྐད་དུ་སྣང་བ་དེ།།

ཚོགས་མི་དག་གི་སེམས་ཀྱི་སྙན་ངག་གོ།

 

འདྲེ་རུ་གྱུར་ཀྱང་ལྷ་ལ་བརྫུ་འདོད་དང་།།

ལྷ་ནི་མིན་ཡང་སྐབས་རེར་ལྷ་འབབ་པའི།།

ཚོགས་གཙོ་ཁྱེད་ནི་ལྐོག་གྱུར་སྙན་ངག་ཅིག།

ཚོགས་མི་རྣམས་ཀྱིས་ཉིན་དང་མཚན་བྱས་ཀློག།

 

ཚོགས་གཙོ་ཆང་ལ་དགའ་བ་སྙན་ངག་ཅིག།

ཆང་ཕོར་ཁ་ཡི་གཏམ་ཞེས་བསྒྲུབ་པ་སྙམ།།

ཆང་བཟིའི་སྐད་ཆ་བཤད་འདོད་སྙན་ངག་ཅིག།

སྐད་ཆར་འགའ་ལེན་མེད་ཚུལ་ཆང་ལ་བཀལ།།

 

མ་གཞི་ཚོགས་གཙོ་ཁོང་ཉིད་སྙན་ངག་ཅིག།

སྲོལ་རྒྱུན་རང་མོས་འདྲེས་མའི་ཚིག་གྲུབ་ཞིག།

སྐབས་རེར་གནའ་མྱི་མཚམས་རེར་ད་མྱི་སྟེ།།

རིག་པ་སྨྲ་བ་ཟེར་ན་ཚོགས་གཙོ་ཡིན།།

 

ཐོ་ཐོས། ༢༠༢༡།༠༧།༠༧ ལ།

 

ཞོགས་དུས་ཀྱི་འཚམས་འདྲི་ཞིག

 

ཞོགས་པའི་སྐྱ་རེངས་བག་མ་གནས་ལ་ཕྱིན།།

བྱ་བྱེའུ་མགྲོན་པོའི་ཚོགས་ཀྱི་མགྲིན་གླུ་དང་།།

ལྷང་ལྷང་བཞུར་བའི་ཆུ་བོའི་གླུ་སྒྲ་ཡིས།།

ད་ནི་མཛེས་མ་ཁྱེད་ལ་བསུ་བ་བྱེད།།

 

ངའང་གྲོང་ཁྱེར་ཞིག་གི་མི་ཚོགས་ཁྲོད།།

དགོན་མཐར་སྐོར་ར་བྱེད་པའི་རྒན་ཁོག་བཞིན།།

མཚམས་རེར་རྒྱུག་འདུར་སྐབས་རེར་དལ་གྱིས་བཞུད།།

ཁྱེད་ཀྱི་ཞལ་རིས་སེམས་ལ་ཡང་ཡང་ཤར།།

 

ཕོ་མོའི་བརྩེ་དུང་ཟེར་བ་རྒྱ་མཚོ་ཞིག།

སེམས་ཀྱི་ཚོར་བ་དེ་ནི་རྦ་རླབས་བཞིན།།

རླུང་གིས་གཡོ་འགུལ་ཆར་བས་དཀྲོག་བྱ་བའི།།

རྐྱེན་དང་ཕྲད་མིན་ཀུན་ལ་ལྐོག་གྱུར་ཞིག།

 

ཐོ་ཐོས། ༢༠༢༡།༠༧།༠༧ ལ།

 

༧རྒྱལ་དབང་བོད་ལ་བྱོན་སོང་།

 

མདང་དགོང་རྨི་ལམ་ཡག་ཐལ།།

༧རྒྱལ་དབང་བོད་ལ་བྱོན་སོང་།།

དོ་ནུབ་དེ་འདྲའི་རྨི་ལམ།།

རྨིས་རྒྱུ་འབྱུང་ངམ་ཀྱེ་ཧུད།།

རྒྱ་གར་ཕྱོགས་ལ་བལྟས་པ།།

རྒྱལ་སྲིད་ཤེས་འདོད་མ་ཡིན།།

རྡ་སའི་ཕོ་བྲང་ནང་གི།།

རྒྱལ་བའི་མཛད་པར་འཕྲེང་ཡིན།།

 

རྒྱ་དར་དམར་པོར་སྡང་བ།།

ཁ་དོག་བཙོག་གི་བསམས་མིན།།

དམར་པོ་ཁྲག་གི་མཚོ་ལ།།

བོད་ཁམས་རྫངས་པར་སྡང་ཡིན།།

 

ཐོ་ཐོས།༢༠༢༡།༠༧།༡༠ལ།

 

ཆུ་འགོ་བོད་བསམས་ཡིན།

 

ནགས་དེར་བསྟོང་བསྔགས་བྱས་པ།།

རི་དེའི་ཡོན་ཏན་བརྗོད་ཡིན།།

སེམས་འདིས་ནོར་ནག་དྲན་པ།།

འབྲོག་པའི་བུ་མོར་ཆགས་ཡིན།།

 

བྱ་དེའི་འཕུར་ཕྱོགས་འཚོལ་བ།།

བོད་ལ་འཕུར་ན་བསམས་ཡིན།།

སྤྲིན་དེས་སྐད་ཆ་གོ་ན།།

བོད་ལ་ཕོ་ཉར་བཏང་ཆོག།

 

ཆུ་འདི་ཁམ་གསུམ་འཐུངས་པ།།

ཆུ་འགོ་བོད་དུ་བྱུང་བསམས།།

སྤང་འདིའི་མེ་ཏོག་མཐོང་ཚེ།།

བོད་ཁམས་ཡང་ཡང་དྲན་བཅུག།

 

ཐོ་ཐོས། ༢༠༢༡།༠༧།༡༠ ལ།

 

བོད་པ་ཚང་གིས་བཟོས་མྱོང་བའི་དམིགས་བསལ་མོག་མོག་ཅིག

 

དཔའ་བོས་རང་སྲོག་བཏང་བའི་ཁྲག་གིས་དང་།།

དགྲ་བོའི་སྙིང་ཁྲག་འཐུངས་པའི་ཁྲག་གིས་ཏེ།།

ཐཱང་གི་རྒྱལ་ཁམས་མོག་ཕྱེ་བཞིན་བརྫིས་ཤིང་།།

རྒྱལ་པོའི་མཛོད་གཏེར་མོག་མོག་བཞིན་བཞེས་མྱོང་།།

 

ཐོ་ཐོས།༢༠༢༡།༠༧།༡༠ལ།

 

སེམས་ངོས་ཀྱི་ཁྲབ་རྨོག

 

ལུས་ན་ཁྲབ་རྨོག་མེད་ཀྱང་།།

སེམས་པ་ཁྲབ་ཀྱིས་གཡོགས་ཡོད།།

མདུང་བཞིན་བསྲིངས་པའི་འཁྱོག་བཤད།།

ས་མཚམས་དེ་ན་བཀག་ཡོད།།

 

འཁྱོག་བཤད་གཡོ་སྒྱུ་འདྲེས་མའི།།

རྫུན་བཟོའི་ལོ་རྒྱུས་རི་མོ།།

སེམས་ཀྱི་ཁྲབ་རྨོག་མཁྲེགས་པོས།།

ས་མཚམས་དེ་ནས་རལ་ཡིན།།

 

ཕྱི་འབྲེལ་གླེང་སྟེགས་བརྒྱུད་ནས།།

རྫུན་གཏམ་གད་སྙིག་ཉལ་ཉིལ།།

འཛམ་གླིང་ཁྱོན་ཡོངས་སྤུངས་པས།།

སེམས་འདིའི་ཁྲབ་རྨོག་བཀབ་མེད།།

 

ཐོ་ཐོས། ༢༠༢༡།༠༧།༡༠ ལ།

 

རླུང་ཚུབ་རྗེས་ནས་དྲག་ཆར།

 

སྤྲིན་གྱི་ཕོ་ཉས་ཆར་བའི་མེ་ཏོག་ཕབ།།

སྙན་ངག་བདུད་རྩིར་ཡུད་ཙམ་རོལ་མྱངས་བྱས།།

ད་ནི་རླུང་ཚུབ་གཡུག་པའི་རྣམ་པ་བསྟན།།

རེ་ཞིག་ཆུང་མར་འཐམ་ནས་འདུག་རྩིས་ཡོད།།

 

ཐོ་ཐོས།༢༠༢༡།༠༧།༡༠ལ།

 

 

འདི་ནི་སྙན་ངག་པ།

 

རང་གི་གཤིས་ཀ་གང་ཡིན་དངོས་སུ་མངོན།།

རང་གི་སེམས་ཁམས་དངོས་སུ་མཚོན་པ་གང་།།

བཅད་ལྷུག་སྤེལ་མ་ཡག་བཙོག་གང་རུང་གིས།།

འབྲི་པའི་སྤོབས་པ་ལྡན་ན་སྙན་ངག་པ།།

 

ཐོ་ཐོས། ༡༠-༠༧-༢༠༢༡ ལ།

དྲྭ་གྲོགས་ཤིག་གི་བུ་མོའི་སྐྱེ་སྐར་ལ་བྲིས་པ།

 

ཟླ་བའི་ནང་གི་ཉ་གང་ཟླ་བ་ཞིག།

གཡང་གི་ནང་གི་གཡང་འཛོམས་རྒྱ་མཚོ་ཞིག།

དྲུག་པར་འཁྲུངས་ཤིང་ལོའང་དྲུག་ལོན་པའི།།

ཚེས་པ་བཞི་འདི་ཁྱེད་ཀྱི་སྐྱེ་སྐར་ལགས།།

 

ཐོ་ཐོས། ༢༠༢༡།༠༧།༡༣ ལ།

 

 

བཟའ་གསུམ་འཁོར་ལོ།

 

སྟོབས་ཅན་དགའ་ནིའི་སྟབས་ཀྱིས་སྟོབས་ཅན་དྲན་གི་ཡོད།།

སྟོབས་ཅན་དྲན་གྱི་ཡོད་སྟབས་སྟོབས་ཅན་སྡུག་གི་ཡོད།།

མེ་ཏོག་ཐང་དང་རྨ་ཆུ་གཙང་བོའི་འགྲམ་ངོགས་སུ།།

ལག་རྡང་གཅིག་ཏུ་སྦྲེལ་བའི་ཁ་རྩང་དེར་ལོག་འདོད།།

 

འུ་གཉིས་གཅེས་ཕྲུག་དེ་བདེའམ་རྒན་མོ་ལོ་ལོ།།

ཁོས་ནི་ཨ་ཕ་ང་དྲན་གི་ཡོད་མེད་ཤེས་སམ།།

ཡི་གེར་ཡག་པོ་སྦྱངས་ནས་སྐར་གྲངས་དེ་མཐོ་ན།།

ཨ་ཕས་བྱ་དགའ་ཡོད་ཅེས་ཁོ་ལ་ནི་བཤད་རོགས།།

 

ངེད་གཉིས་ལོ་གཅིག་ལྷག་ལ་མཉམ་དུ་ནི་བསྡད་ཡོད།།

ད་ནི་དབྱིན་གྱི་ཆུང་མ་ལ་རེ་ཞིག་འཐམ་ངེས།།

ལས་དང་རྒྱུ་འབྲས་ཟེར་བ་ང་ཚོས་ནི་བརྩི་དགོས།།

ཁྱེད་བཟང་ང་བཟང་གི་བཟའ་གསུམ་འཁོར་བ་རྒྱལ་ཤོག།

 

ཐོ་ཐོས། གྲོགས་པོ་ཞིག་གི་རེ་བ་བསྐང་ཕྱིར་བྲིས་པ་ཞིག ༢༠༢༡།༠༧།༡༡ ལ།

 

 

༧རྒྱལ་བའི་འཁྲུངས་སྐར།

 

ཤིན་ཏུ་མཆོག་གྱུར་རབ་ཏུ་བཀུར་འོས་༧རྒྱལ་བའི་འཁྲུངས་སྐར་བསུ་སྟངས་འདི།།

བསམ་གྱིན་དཔྱད་ཀྱིན་སེམས་ལ་བཀྲ་བའི་དགའ་བ་འབུམ་གྱི་མེ་ཏོག་ཚོགས།།

ཆར་བས་ཇི་བཞིན་གློ་བུར་ཉིད་ཀྱི་སྐད་ཅིག་རིང་དུ་ཡོད་ཚད་བཅོམས།།

ཤིིན་ཏུ་མི་འོས་རབ་ཏུ་དམན་པའི་སྦྲུལ་གྱི་ལྕེ་ཅན་༧རྒྱལ་བར་སྡང་།།

 

ཐོ་ཐོས།

 

ཁྱེད་ལ་བྲིས་ཡིན།

 

ཉིན་ཁར་ཉིན་བྱས་བཏང་བའི་ཆར་བར་སུན།།

མཚན་ཁར་མཚན་བྱས་གཟིམ་གྲོགས་ཆར་བ་བཞིན།།

མཚམས་རེར་སྦྲང་ཆར་སྐབས་རེར་ཆུ་འཁྱག་ཅིག།

སྣོད་དང་བཅུད་ཀྱི་འབྲེལ་བ་དེ་བཞིན་ནོ།།

 

སྨུག་པ་ལང་ལོང་གཡོ་ཞིང་འཐིབས་པའི་ཁྲོད།།

རྩི་ཤིང་ཡལ་འདབ་རྒྱས་པའི་གར་སྟབས་འོག།

ཤིན་ཏུ་སྐྱིད་སྣང་ཞིག་གི་སེམས་ཚོར་ནང་།།

ཁྱེད་ཀྱིས་གོམ་འགྲོས་བགྱི་བའི་རྣམ་པ་དྲན།།

 

ཚོར་བའི་ཁྲོད་ནས་ཁྱེད་ལ་སྙན་ངག་ཕུལ།།

འཆར་ཡན་ནང་ནས་ཁྱེད་དང་མཉམ་དུ་འཐམས།།

འདི་ནས་སྤྱི་ལེ་སུམ་བཅུ་བཞི་བཅུའི་ལམ།།

བསམ་ན་བཞི་མདོ་ཞིག་ནས་བསྒུག་ན་འདོད།།

 

ཐོ་ཐོས། ༢༠༢༡།༠༦།༡༤ ལ།

 

རྨི་ལམ་ནང་དུ་ཐེངས་ཤིག་ཕེབས་རོགས་ཀྱེ།

 

བདག་ནི་ཉི་མ་གཞོན་ནུར་སྤྲུལ་ནས་ཀྱང་།།

ཡང་ན་རྟ་བདུན་དབང་བོར་བཅིབ་བྱས་ནས།།

ཟླ་བའི་རྨི་ལམ་ལས་བྱོན་ལྷ་མོ་ཁྱེད།།

ཞོགས་པའི་སྐྱ་རེངས་ཤར་དུས་བསུ་ཆོག་གོམ།།

 

རི་མགོར་སྨུག་པ་འཕྱུར་པའི་བར་ཞིག་ནས།།

ངས་ནི་ཁྱེད་ལ་རྒྱང་ལྟ་བྱས་ན་འདོད།།

སྨུག་པས་རི་སྐེད་བཏུམས་ཚེ་རི་འདབས་ཀྱི།།

ཁྱེད་ཀྱི་བཞུད་ལམ་དེ་ཡང་མཐོང་ན་འདོད།།

 

ཕྱི་དྲོའི་ཉི་མ་ནུབ་ལ་བཞུད་མཚམས་ཀྱི།།

མཚམས་སྤྲིན་སེར་དམར་བཀྲ་བའི་འོད་མདངས་ཁྲོད།།

ངས་ནི་ཁྱེད་ཀྱི་ཞལ་རས་བསམ་ཞོར་དུ།།

ཟླ་བ་སྤྲིན་ནས་མངོན་པར་བསྒུག་རྒྱུ་ཡིན།།

 

ད་རུང་མཚན་དུས་བསླེབ་པར་དུས་ཡུན་རིང་།།

དོ་དགོང་རྨི་ལམ་ནང་དུ་ཕེབས་སམ་ཀྱེ།།

དངོས་སུ་ཐུག་རྒྱུ་ཟེར་ན་འཇིགས་ས་མང་།།

རྨི་ལམ་ནང་དུ་ཐེངས་ཤིག་ཕེབས་རོགས་ཀྱེ།།

 

ཐོ་ཐོས། ༢༠༢༡།༠༧།༡༨ ལ།

 

ཐོ་ཐོའི་མི་ཚེ་ཧ་ཅང་ལྷིང་འཇགས་ཡིན།

 

ཅི་ཡང་ཤེས་འདྲ་གང་ཡང་མི་ཤེས་པ།།

ཡོད་ཚན་འཁྱེན་ཡང་དོན་གྱིས་ཚོད་དཔག་ཙམ།།

མི་ཤེས་ཤེས་མདོག་མི་མཁྱེན་མཁྱེན་མདོག་གི།།

མཁས་ཚུལ་བླུན་རྟགས་གཉིས་ཀར་ང་མི་སྤྲོ།།

 

མཁས་པ་ཡིན་ན་བསམ་བློའི་སྐྱིད་ཅིག་གམ།།

བླུན་པོ་ཡིན་ཚེ་བསམ་བློའི་སྐྱིད་ཅིག་ལགས།།

ཤེས་བྱ་ཡོད་ཚད་བསམ་བློའི་ཟས་སུ་སྟེ།།

ཟས་ཀྱིས་འགེངས་པ་ལྟོ་བ་སྦོས་སམ་ཀྱེ།།

 

མཁས་པར་མཁས་པའི་སྡུག་བསྔལ་འབྱུང་ཡུལ་ཞིག།

བླུན་པོར་བླུན་པོའི་སྡུག་བསྔལ་བྱུང་སྟངས་ཤིག།

མཁས་བླུན་གཉིས་ཀའི་སྐྱིད་དང་སྡུག་བསྔལ་གཉིས།།

སེམས་ཀྱི་རྒྱ་ཁའི་ལྗིད་ཚད་འདྲའམ་ཀྱེ།།

 

མཁས་པ་ཡིན་ན་ལྷག་པར་དགའ་རྒྱུ་མེད།།

བླུན་པོ་ཡིན་ཚེ་ལྷག་ཏུ་སྡུག་རྒྱུ་མེད།།

མཁས་མིན་བླུན་མིན་ད་ལྟའི་གནས་སྟངས་འདི།།

སེམས་འཁྲལ་མེད་ཅིང་མི་ཚེ་ལྷིང་འཇགས་ཡིན།།

 

ཐོ་ཐོས། ༢༠༢༡།༠༧།༡༨ ལ།

 

ཐོ་ཐོ་རུམ་རྒྱུ་ཨེ་ཡིན་ལགས།

 

ཁ་བརྡའི་ཁྲོད་ནས་སེམས་ཚོར་སྨྲ་ཞོར་དུ།།

དམར་དམར་སེམས་གཏམ་དེ་ནི་འཆོར་ལ་བྱས།།

འགེབས་ཕྱིར་ཁ་ཡག་ཚིག་གི་མེ་ཏོག་གཏོར།།

ཤིན་ཏུ་དཔྱོད་ལྡན་མ་ཁྱེད་ཚོར་བ་འདྲ།།

 

སེམས་གཏམ་དམར་རྗེན་མ་དེ་བཤད་རྒྱུར་སྐྲག།

འོན་ཀྱང་བཤད་འདོད་དྲག་པོས་ཡང་ཡང་མནར།།

ངག་སྒོར་ལྕགས་ཟྭ་བརྒྱབ་ནས་ཡུན་རིང་བསྲན།།

སེམས་ལ་ལྕགས་སྒྲོག་བརྒྱབ་ནས་ཡུན་རིང་བཀག།

 

ཁ་བརྡ་བྱེད་ཞོར་སྙིང་གཏམ་དམར་རྗེན་མ།།

ལུས་འདིའི་གྱོན་གོས་ཕུད་བཞིན་གཅེར་བུ་ལ།།

བཏང་ཚེ་ཞི་མོ་ཁྱེད་ཀྱིས་རུམ་ལགས་ཀྱེ།།

ད་ནི་བསྲན་ནས་སྲོན་ཚོད་མི་འདུག་ལགས།།

 

ཐོ་ཐོས། ༢༠༢༡།༠༧།༠༨ ལ།

 

འདིའང་ཁྱེད་ལ་བྲིས་ཡིན།

 

ཁ་སང་རྫ་མགོར་བརྒྱུད་དུས་ཉི་མས་སྲེག་པ་དང་།།

ཚེ་གཅིག་སྐྱ་ཡའི་འདོད་པའི་མེ་ཡིས་བསྲེགས་བྱས་པའི།།

མཛེས་མ་ཁྱེད་སྐུ་གལ་ཏེ་ཐལ་བའི་བཏང་གྱུར་ཚེ།།

ང་ཡི་སེམས་དང་ལག་པས་ཅི་ཞིག་འཁྱུད་དམ་ཀྱེ།།

 

དེ་རིང་བསིལ་བསེར་རླུང་གིས་ཁྱེད་ཀྱི་སྐྲ་ལོ་གཡོ།།

སྐུ་ཡི་ཆུ་རས་དེ་ཡང་རླུང་གིས་ལྷབ་ལྷུབ་གཡོ།།

དཀར་མདངས་བརླ་ཡི་བར་གྱི་མཚེའུ་དྲོད་འཇམ་ནང་།།

ཚ་བས་སྲེག་པ་ང་ནི་ཉ་བཞིན་སྐྱལ་ན་འདོད།།

 

ཁྱེད་ཀྱི་ཚེ་གྲོགས་ཁྱེད་ལ་ནམ་མཁའི་ཉི་མ་ཞིག།

དེ་ཡི་འོད་ཁྱིམ་དཀྱིལ་དུ་ཁྱེད་ནི་མེ་ཏོག་ཉི་མ་དགའ།།

གཞན་དུ་ཉིན་མོའི་དུས་སུ་ཉི་མ་ཤར་ཡང་རུང་།།

ཁྱེད་ཀྱིས་མཚན་མོར་ཉི་མ་དེ་ཡང་འཛུམ་གྱིས་བསུ།།

 

ཐོ་ཐོས། ༢༠༢༡།༠༧།༢༠ ལ།

 

དེ་རིང་ལྷག་ཏུ་ཁྱེད་ལ་དགའ་ནི་འདྲ།

 

མི་བུ་རེ་རེའི་སེམས་ཁམས་ཉིན་རེ་ཡི།།

གནམ་གཤིས་འགྱུར་ལྡོག་ཇི་བཞིན་རྟོགས་དཀའ་ཞིག།

རྟོགས་ཀྱང་འགྱུར་བའི་རང་བཞིན་བཟློག་དཀའ་བཞིན།།

ངས་ནི་ཇི་ལྟར་ཚོར་བ་ཅི་བསམ་འབྲི།།

དེ་རིང་ལྷག་ཏུ་ཁྱེད་ལ་དགའ་ནི་འདྲ།།

ཐག་ཉེ་ཞིག་ཏུ་ཡོད་ཚེ་བརྒྱུག་ས་རེད།།

བརྒྱུགས་ནས་མི་ཚད་ཁྱེད་ལ་འབྱར་ས་རེད།།

བརྒྱུག་ནས་ཡོང་ཚེ་གོ་སྐབས་གནང་ངམ་ཀྱེ།།

 

དེ་རིང་སྔར་ལས་ཁྱེད་ཉིད་དྲན་ནི་འདྲ།།

སྙན་ངག་རྐྱང་རྐྱང་བྲིས་བས་ཚིམ་རྒྱུ་དཀའ།།

དངོས་སུ་སྙན་ངག་ནང་དུ་བྲིས་པ་བཞིན།།

ཉ་ང་མཚེའུར་མཆོང་དུ་འཇུག་གམ་ཀྱེ།།

 

ཐོ་ཐོས།༢༠༢༡།༠༧།༢༡ལ།

 

 

གནམ་གཤིས་གནས་ཚུལ།

 

འཛུམ་ཞིག་བསྟན་ནས་ངག་བཅད་བྱས་བསྡད་ན།།

ང་ཡང་ངག་སྒོའི་གསེར་ཟྭ་འབྱེད་རྒྱུར་འཇིགས།།

སེམས་ཚོར་ཐོ་བས་སྙིང་རྩེར་ཡང་ཡང་བརྡུངས།།

སྙན་ངག་ལྡེ་མིག་ངོ་ཚའི་རྐྱེན་གྱིས་སྦས།།

 

གཞོན་ལོ་དར་ལ་བབས་པ་ངེད་གཉིས་མིན།།

ཕོ་ཧྲང་མོ་རྐྱང་རང་དབང་ཅན་ཡང་མིན།།

སྒོ་ར་ཕྱི་ཁྱིམ་དང་ནི་གཡས་གཡོན་ཀུན།།

བུ་དང་བུ་མོ་རྒད་པོ་རྒན་མོས་བསྐོར།།

 

སྙན་ངག་ཐར་ཐོར་སེམས་རྩ་བརླན་ཕྱིར་བྲིས།།

སེམས་རྩའི་འཕར་ལྡིང་སྙན་ངག་ཁྲོད་དུ་བཅུག།

གནམ་གཤིས་གནས་ཚུལ་གླེང་བའི་ཁ་བརྡ་དེས།།

རང་མགོ་རང་གིས་གཡོག་པ་ཤེས་བཞིན་བཟླས།།

 

ཐོ་ཐོས།༢༠༢༡།༠༧།༢༢ལ།

 

མཚོ་འགྲམ་གྱི་ཁྱེད།

 

དེ་རིང་མཚོ་འགྲམ་ཞིག་ན་རྒྱང་ལྟ་བྱེད།།

མཚོ་མོ་ཉ་ཡིས་དབང་བསྒྱུར་བྱས་ཡོད་དམ།།

ཡང་ན་མཚོ་དེས་ཉ་རྣམས་དབང་བསྒྱུར་འདུག།

གཅིག་ལ་གཅིག་རྟེན་ཟེར་བ་དེ་ཡིན་ནམ།།

 

ངང་བ་དཀར་ནག་གཉིས་ཀྱིས་ཆུ་སྐྱལ་བྱེད།།

མཚོ་དེ་ནམ་མཁའ་ཐང་དུ་བབས་པ་བཞིན།།

ལྗང་མདོག་མཚོ་ངོས་ལྗང་ཁུའི་སྣུམ་ཚོན་གྱིས།།

མཛེས་པར་བྱུགས་པའི་རི་མོ་བཏིངས་པ་བཞིན།།

 

མཚོ་དེའི་འགྲན་ན་ཁྱེད་སྐུ་གཅིག་བུར་བཞེངས།།

དེ་རིང་ཁྱེད་ཀྱི་ཚེ་གྲོགས་གང་དུ་ལགས།།

ནད་ཡམས་རླུང་ལྟར་བཞུད་པའི་དུས་ངན་འདིར།།

ལྷ་རྗེ་ཁོང་ནི་འགྲོ་ཕྱིར་འདུར་རམ་ཀྱེ།།

 

ཐོ་ཐོས།༢༠༢༡།༠༧།༢༢ལ།

 

མཛེས་མའི་གྲངས་ཀ་མང་ན་སྐྱིད་ས་རེད།

 

ཚོར་བའི་མེ་ལྕེས་བཏུམས་པ་བཀད་པའི་ངག།

སེང་གེའི་ངར་སྒྲར་འགྲོགས་ནས་བསྒྲགས་བྱས་པ།།

ཁྱི་རྒན་ང་འདྲའི་ཁ་ནས་ཐོན་པ་འདི།།

འདག་ཕྱིར་གཡག་ཞོན་ཚང་ལ་ཁ་བཏགས་འབུལ།།

 

དོན་དངོས་ཇི་འདྲའི་བསྙོན་ཡང་དོན་དངོས་ལགས།།

བཙན་པོས་གཉའ་གནོན་མེད་ན་འབྲོ་དགོས་མེད།།

ཁྲེལ་མེད་དབང་སྒྱུར་མེད་ན་སྡུག་དགོས་མེད།།

མྱི་བསད་ལག་དམར་མིན་ན་སྡང་དགོས་མེད།།

 

བོད་མིའི་རྒྱལ་ཁབ་འཕྲོག་མཁན་བཙན་འཛུལ་བ།།

དགོན་སྡེ་སྟོང་ཕྲག་གཏོར་མཁན་འཇིགས་སྐུལ་བ།།

ཆོས་དཔེ་མེ་ལ་སྲེག་མཁན་ལྟ་ལོག་པ།།

བོད་མི་ས་ཡ་གསོད་མཁན་ལག་དམར་སུ།།

 

རྒྱ་དར་དམར་པོ་ཚོན་གྱིས་དམར་བ་མིན།།

བོད་མི་ས་ཡ་གཅིག་ལྷག་བསད་པའི་ཁྲག།

རྒྱ་དར་དེ་ཡི་སྟེང་དུ་བྱུགས་ཡོད་ཀྱེ།།

ཤེས་བཞིན་དེ་ལ་བསྔགས་ན་དགའ་རྒྱུ་མེད།།

 

བཙན་བྱོལ་བོད་མི་དང་ནི་བོད་མིའི་གཞུང་།།

མཐོང་ཆུང་མ་བྱེད་རོགས་གཅེས་ལོ་ལོ་ཚོ།།

དེ་ན་འཛམ་གླིང་ཉི་མ་འོད་ལམ་ལམ།།

ཕྱི་སྡོད་བོད་མི་ཡོངས་ནི་ཁོང་གི་འབངས།།

 

ཚོམས་འདིའི་ནང་དུ་ཁ་འཆམ་དོན་འགྲིག་གི།

ཁ་བརྡ་གླེང་མོལ་བྱས་ན་སྐྱིད་ས་རེད།།

ཡང་དང་བསྐྱར་དུ་རྒྱ་དར་དམར་པོ་དེ།།

ཉིན་དང་མཚན་བྱས་འདི་ལ་མི་སྐུར་རོགས།།

འཐབ་ཕྱོགས་གཅིག་གྱུར་བྱ་ལས་འདིར་མི་འོས།།

འདི་ནི་འབྲོག་ཕྲུག་འགའ་ཞིག་འཛོམས་ས་ཡི།།

སྐད་ཆ་གང་བྱུང་བཤད་སའི་རྩེད་ར་ཞིག།

ལ་གཞས་གླུ་གཞས་ལེན་ས་ཉན་ས་ཞིག།

 

ཚོམས་འདིར་མཛེས་མའི་གྲངས་ཀ་ཉུང་བ་འདྲ།།

ཚོགས་གཙོ་ལོ་ལོ་དེ་ནི་ཐུགས་ལ་ཉོར།།

མཛེས་མ་འགའ་རེས་ཁ་སྣོན་བྱེད་ཐུབ་ན།།

ཆགས་རྒན་ང་ལ་དེ་ལས་སྐྱིད་ཅིག་མེད།

 

ཐོ་ཐོས། ༢༠༢༡།༠༧།༢༢ ལ།

 

ཁ་བ་ཅན་གྱི་བྲོ་ར།

 

བྲོ་ར་སྟག་ཤར་འཛོམས་ས།།

བྲོ་འགྲོས་སྟག་གི་མཆོང་རྩལ།།

བྲོ་གླུ་སེང་གེའི་ངར་སྐད།།

རྡོག་སྒྲོ་གཡས་པ་རྒྱག་པས།།

མདོ་དབུས་ཁམས་གསུམ་བསྒྲིལ་སོང་།།

རྡོག་སྒྲོ་གཡོན་པ་རྒྱག་པས།།

རྒྱ་ནག་ལྕགས་རི་བསྒུལ་སོང་།།

 

བྲོ་ར་དམན་ཤར་འཛོམས་ས།།

བྲོ་འགྲོས་ཆུ་ལེན་བུ་མོ།།

བྲོ་གླུ་འབྲི་མོ་བཞོ་དབྱངས།།

རྡོག་སྒྲོ་གཡས་པ་རྒྱག་པས།།

ནོར་ནག་སྤང་ལ་བརྡལ་སོང་།།

རྡོག་སྒྲོ་གཡོན་པ་རྒྱག་པས།།

སྦྲ་ནག་ལུག་གིས་བསྐོར་སོང་།།

 

བྲོ་ར་ན་ཆུང་འཛོམས་ས།།

བྲོ་འགྲོས་ཆོས་སྲིད་ཟུང་འབྲེལ།།

བྲོ་གླུ་དབྱངས་གསལ་སོ་བཞི།།

རྡོག་སྒྲོ་གཡས་པ་རྒྱག་པས།།

འཛམ་གླིང་ཞི་བདེར་བཀོད་སོང་།།

རྡོག་སྒྲོ་གཡོན་པ་རྒྱག་པས།།

བཅུ་ཕྲག་རིག་གནས་སྤེལ་སོང་།།

 

ཐོ་ཐོས། ༢༠༢༡།༠༧།༢༡ ལ།

 

 

སང་ཉིན་ནས་བཟུང་བསམ་བློ་འདི་རྒན་གསོ་ཁང་དུ་བསྐྱལ་ཐག་ཆོད་བསྐྱལ་རྒྱུ་ཡིན།

 

ད་ནས་ལོ་ཐོ་བཅོ་ལྔ་ཉི་ཤུ་ལྷག།

ཉི་ཤུ་ཡར་སྟོད་བསྡད་ན་ལྷ་རྒྱལ་ལོ།།

འདི་འདྲ་བསམ་ན་འཇིགས་རྒྱུ་སྐྱོ་རྒྱུ་ཡོང་།།

མི་ཚེ་ཟེར་བ་ཅི་འདྲའི་ཐུང་ཐུང་ཞིག།

 

སྐྱིད་ཀྱིན་བསམས་དུས་འཇིག་རྟེན་འདི་ལ་བསྟོད།།

སྡུག་གི་འདོད་དུས་འཇིག་རྟེན་འདི་ལ་སྨད།།

བསྟོད་སྨད་བར་ནས་མི་ཚེ་ཟད་ནས་འགྲོ།།

ཚེ་འདི་རྫོགས་ཉིན་ཡོད་ཚད་ཚར་ནི་རེད།།

 

བསམ་ན་སྐྱིད་ཀྱང་སྲིད་ལ་སྡུག་ཀྱང་སྲིད།།

སྐྱིད་སྡུག་འདྲེས་མ་མི་ཚེའི་འགྲོ་སྟངས་ཤིག།

དེ་དང་འབྲེལ་བའི་རྒྱལ་ཕམ་བརྩད་ཀྱང་རུང་།།

མཐའ་མར་གཤིན་རྗེའི་རྙི་ལས་ཐར་བ་སུ།།

 

དོ་དགོང་ཟླ་བ་རི་རྒྱབ་ནུབ་ཕྱིན་ནས།།

སང་ཉིན་ཉི་མ་རི་རྩེར་ཤར་ནས་བཟུང་།།

ངས་ནི་ཡོད་ཚད་སྣང་མེད་ཡུལ་དུ་འཇོག།

མི་ཚེ་ལྷིང་འཇགས་ནང་དུ་རྫངས་རྒྱུ་ཡིན།།

 

ཐོ་ཐོས། ༢༠༢༡།༠༧།༣༡ ལ།

 

ལྷ་སའི་བུ་མོ།

 

ལྷ་སའི་བུ་མོ་ལྷ་སའི་གཙང་བོས་བསྒུགས་བསྡད་ཡོད།།

ལྷ་སའི་གཙང་བོ་ལྷ་ཡི་ཡུལ་ནས་བབས་སམ་ཀྱེ།།

ལྷ་མོ་ནང་བཞིན་ཤིན་ཏུ་སྒེག་མ་ཁྱེད་ཀྱི་སྐུ།།

ལྷ་སར་འབྱོར་ཚེ་ཇོ་བོར་མཇལ་རྒྱུ་མ་བརྗེད་རོགས།།

 

ང་ཡི་ཚབ་ཏུ་ཇོ་བོར་ཕྱག་གསུལ་འཚལ་རོགས་ཞུ།།

ང་ཡི་ཚབ་ཏུ་ལྷ་སའི་མར་ཇ་ཧུབ་གསུམ་ཐུངས།།

ང་དང་ང་འདྲའི་ལྷ་སར་བར་ཐག་རིང་བ་དག།

རྒྱང་དུ་བཞུད་པའི་ལྷ་སའི་ཉི་མའི་འོད་ཀྱིས་སྐྱོང་།།

 

ཉི་མ་བརླགས་པའི་ལྷ་ས་གྲོང་ཁྱེར་གནས་སྐབས་ཙམ།།

མུན་པ་དམར་པོས་ཕྱོགས་བཞི་མཚམས་བརྒྱད་བཏུམས་ཡོད་ཀྱང་།།

བྱམས་བརྩེའི་བདག་པོའི་ཐུགས་ཀྱི་ཁ་བཏགས་དཀར་པོ་་ཡིས།།

ཁ་དོག་དམར་པོ་དཀར་གསལ་ཟླ་བའི་མདངས་སུ་འབྱུག།

 

(འབྱུག་ནི་ད་ལྟ་བ་སྟེ། བྱུགས་ནི་འདས་པའོ། འདིར་ད་ལྟ་བ་སྟོན་པའི་བྱ་ཚིག་འབྱུག་སྦྱར་ཏེ་འབྲི་དོན་ནི།གནས་སྐབས་འབྱུག་གིན་པའི་སྒང་དང་། བྱུག་ཡོང་བ་དེ་བསྟན་ཡོད་ལ། མཇུག་ཏུ་བྱུགས་ནས་ལེགས་གྲུབ་ཏུ་བྱུང་བ་ཡིན་པ་དང་། བྱུག་རྒྱུ་ཡིན་པ་དེ་ད་ལྟ་བ་སྟོན་པའི་བྱ་ཚིག་འབྱུག་དེས་གོ་དགོས་སོ།) ཐོ་ཐོས། ༢༠༢༡།༠༧།༢༤ལ།

 

 

 

 

ནམ་གུང་ཞིག་ཏུ་སད་སོང་།

 

འདི་ན་ཟླ་བས་གོ་ལ་དབང་དུ་བསྒྱུར།།

ཡོད་ཚད་གྲགས་འགུལ་མེད་པར་ལྷིང་འཇགས་བཞུགས།།

ངག་བཅད་ཡིན་ནམ་བསམས་ཤིང་སྒེའུ་ཁུང་ནས།།

མགོ་བོ་ཕྱི་ལ་བཏོན་ཚེ་ནམ་གུང་ལགས།།

 

ད་ནི་མྱི་ལྡིང་རྒྱ་ལོའི་ནུས་པ་ཉམས།།

གསང་ན་འདོད་ཀྱང་སུ་ལ་གསང་ངམ་ཀྱེ།།

ཞེ་མཐུན་རོགས་ལོ་ཟེར་བ་ཐོ་ཙམ་མེད།།

རྒན་མོས་སྔོན་མ་ཞིག་ནས་ཤེས་བསྡད་ཡོད།།

 

ལུས་འདི་ལོ་རྒས་དུས་སུ་བསླེབས་པའི་ཚེ།།

སེམས་ནས་ཇི་ལྟར་ལོ་གཞོན་འདོད་ཀྱང་རུང་།།

མྱི་ལྡིང་རྒྱ་ལོའི་ཤུགས་ནི་ཤོར་ཚར་རྐྱེན།།

རྒན་མོའི་སེམས་ཀྱིས་གནའ་ནས་རྒན་གསོར་རྫངས།།

 

བཏུང་རྒྱུ་བྱུག་རྒྱུ་གཙུབ་རྒྱུ་སྨན་སྣའི་རིགས།།

བེད་སྤྱོད་གཏོང་རྒྱུ་གང་མང་ཡོད་རབས་ཐོས།།

ད་ལྟའི་བར་དུ་དེའི་རིགས་ཉོ་མ་མྱོང་།།

བེད་སྤྱོད་ཐེངས་ཤིག་བྱས་ཚེ་གོམས་རྒྱུར་འཇིགས།།

 

རྒན་མོའི་བརླ་བར་པདྨའི་མེ་ཏོག་ཉིད།།

འདོད་པའི་ཚ་བས་སྲེག་པའི་ཟུག་གཟེར་དེར།།

ཤིན་ཏུ་རྙིང་རུལ་སོང་བའི་རླུང་གཡབ་འདི།།

གཡུག་ཞོར་འདྲུད་ཞོར་ཐེངས་མང་བྱས་མྱོང་ཡོད།།

 

ཐོ་ཐོས། ༢༠༢༡།༠༨།༠༢ ལ།

 

 

བརྙན་འགྲེལ་ཐོས་པ་འཛུམ་ཤོར།

 

སྒེའུ་ཁུང་ཕྱི་རུ་ཟླ་བ་གྲང་གིས་མནར།།

ཁྱིམ་གྱི་ཟླ་བ་ཚ་བས་རབ་ཏུ་གདུངས།།

ཤ་ཡི་རླུང་གཡབ་འདྲུད་ཞོར་གཡུག་ཞོར་ངང་།།

ཚ་བ་འཇོམས་པའི་ལས་ལ་མདང་དགོང་ཞུགས།།

 

ཚོར་བྱེད་རྩེ་ནས་སྟེང་འོག་རྩ་བའི་བར།།

ཤིན་ཏུ་བདེ་བ་ཐོབ་རྐྱེན་གཉིད་དུ་ཁུགས།།

ལུས་ཀྱི་རྩ་ཁམས་ཡོངས་རྫོགས་ལྷོད་བཅུག་ཀྱང་།།

རེ་ཞིག་ཉལ་ཐར་སྤྱད་བཞིན་བཀན་རྐྱལ་འགྱེལ།།

 

ཡོད་ཚད་བདེ་བ་ཐོབ་ཕྱིར་བདེ་བའི་རྒྱུ།།

འབྱུང་བྱའི་ཡུལ་དུ་སྙམ་པ་ཡོད་དོ་ཅོག།

གཅིག་ཀྱང་མ་ལུས་བརྩོན་དང་རྩོད་བྱར་བསྒྱུར།།

སྐད་ཅིག་བདེ་བར་སྙེག་པ་དེ་ཡི་གྲས།།

 

འདོད་པས་ཤིན་ཏུ་སྨྱོས་པས་ཡིན་ནམ་ཀྱེ།།

བདེ་བ་དཔག་མེད་ཐོབ་པས་ཡིན་ནམ་ལགས།།

མདང་དགོང་ཤིན་ཏུ་སྒེག་མ་ཆུང་མ་ཡིས།།

བདེ་བའི་དཔལ་ལ་ཡང་ཡང་བྱོན་དུ་བཅུག།

 

ན་ཚོད་སྟག་ཤར་གཞོན་ནུར་བསླེབས་གྱུར་པའི།།

ཁྱིམ་གྱི་བུ་ཕྲུག་གཞན་དུ་གནས་སྡོད་བགྱིས།།

ཁང་ཁྱིམ་གྲུ་བཞིའི་ལྷིང་འཇགས་དཀྲོག་མཁན་མེད།།

ཡོད་ཀྱང་ང་དང་ཆུང་མའི་འཁུན་སྒྲའོ།།

 

 

ན་ཟུག་ཁྲོད་ནས་འཁུན་སྒྲ་བསྒྲགས་ཀྱང་ཆོག།

བདེ་བ་ཐོབ་པས་གླུ་སྒྲ་ཤོར་ཡང་ཆོག།

མདང་དགོང་མཚན་མོའི་ལྷིང་འཇགས་དཀྲོགས་བྱས་པ།།

བརྙན་དང་སྙན་ངག་ལམ་ནས་ཕུལ་ཡིན་ལགས།།

 

ཐོ་ཐོས། ༢༠༢༡།༠༨།༠༢ ལ།

 

 

སེམས་ལུགས།

 

སེམས་འདིས་ཇི་ལྟར་ཚོར་བ་དེ་ལྟར་སྨྲ།།

སེམས་འདིར་ཅི་ཞིག་སྙམ་པ་དེ་ལྟར་བརྗོད།།

སེམས་འདིའི་བདག་པོ་རང་ལས་གཞན་ཡིན་སྤངས།།

རང་སེམས་རང་གིས་ཅི་འདོད་མངོན་པའི་ལུགས།།

 

ཕྲ་མོའི་ཕྲ་མོ་ཡོད་ཚད་སེམས་དང་འབྲེལ།།

སེམས་ཀྱི་ཟབ་ས་ཕྲ་སར་སེམས་ཕྱིན་ནས།།

ཡང་ནས་ཡང་དང་དུས་ནས་དུས་ལ་ནི།།

རང་སེམས་ཕྲ་རབ་རྡུལ་དུ་ཤེས་པས་འཐག།

 

ཤིན་ཏུ་ཚུལ་མཐུན་ཤིན་ཏུ་ཡ་རབས་ལུགས།།

ཡིན་པར་སྙམ་པ་ཡིན་པར་སྒྲུབ་བྱེད་དུ།།

གྲྭ་བར་ན་བཟའ་སྐྱ་བོར་ལྭ་བས་ཏེ།།

ཕྱི་ཚུལ་ཙམ་གྱིས་ཚིམས་པའི་རྨོངས་རྒན་མིན།།

 

གོས་དཀར་གོས་དམར་རྒྱན་ཆ་གང་ཡག་གིས།།

ལ་ཞེན་ཀླད་སྐོར་ཡིན་པའི་གཟུགས་བཞི་དེ།།

ཇི་ལྟར་མཛེས་པར་གཡོགས་ཀྱང་དེ་ཙམ་ཞིག།

བསམ་ན་རྣམ་ཤེས་མེད་པའི་བེམ་པོ་ཙམ།།

 

གསང་བ་ལྐོག་གྱུར་ཡིན་ཞེས་གདམས་ངག་མེད།།

བདེ་བའི་ཞིང་དུ་འདྲེན་པའི་མཐུ་སྔགས་མེད།།

མི་རིགས་སྣེ་ཁྲིད་བགྱི་བའི་བློ་ཁོག་མེད།།

རྒྱལ་ཁབ་བསྐྱར་འཛུགས་བྱེད་པའི་ནུས་པ་མེད།།

 

དེ་དག་ཡོད་ན་བསམས་ནས་འཆི་ལ་ཁད།།

དེ་དག་འཛོམས་ན་བསམས་ནས་སྨྱོ་ལ་ཁད།།

དེ་དག་རེ་རེ་བཞིན་དུ་ལྡན་གྱུར་ན།།

ཐོག་མར་ཚིག་རྐང་བཞི་བར་གཉེར་ཁོ་ཐག།

ཕྱི་ཡུལ་མགྲིམས་ནས་ཡང་ན་ལྡོམ་བྱས་ནས།།

འཁྱམ་པོ་ལྡོམ་པོའི་མིང་གི་ཁུར་པོ་དེ།།

རང་རིགས་སྤུན་ཟླའི་ཁ་ནས་ཁ་ཆུ་དང་།།

མཉམ་དུ་ཡང་ཡང་འདོར་བ་འཁུར་ཞོར་འགྲོ།།

 

རང་ཡུལ་རང་ལ་དབང་ཡོད་འདོད་དམ་ཀྱེ།།

ཡོད་ཚད་གཞན་དབང་ཡིན་པ་ཤེས་སམ་ཀྱེ།།

ལག་དམར་ཚང་གི་ལག་གཡོག་བྱེད་རྒྱུ་ལས།།

གོ་ལ་འདི་ཡི་འབངས་ལ་གྱུར་ན་དགའ།།

 

མི་ལོ་ལྔ་བཅུ་ལྷག་གི་ཡར་སྟོད་དུ།།

ངེད་ཅག་ཚང་གི་ཆོས་སྲིད་རིག་གཞུང་བཅས།།

ལྷག་ཏུ་མེས་པོས་ཤུལ་བཞག་མཛད་རྗེས་དག།

རྐུ་ཇག་འཕྲོག་གསུམ་བར་ནས་མེད་པར་བཟོས།།

 

ལྷ་སྐུ་དགོན་སྡེ་ཡོད་ཚད་རྩ་མེད་བཏང་།།

སྒྱུ་རྩལ་ཐད་ནས་གྱོང་གུན་ཆེ་ཆེར་རེག།

དད་པའི་ཕྱོགས་ལ་ཚད་མེད་མནར་གཅོད་བཟོས།།

དཔལ་འབྱོར་ཕྱོགས་ལ་སྔར་མེད་རྒུད་པ་ཐེབས།།

 

དེ་དུས་དེ་ཚང་ཁྲིམས་མེད་ལུགས་མེད་ཆགས།།

དེ་དུས་རྒྱལ་ཁབ་གང་ཚང་སྨྱོན་པར་བསྒྱུར།།

ངེད་ཅག་བོད་ཀྱང་སྨྱོན་པའི་ནད་ཡམས་ཀྱིས།།

བཟུང་ཟིན་བོད་མི་སྨྱོན་པ་མང་བོ་ཐོན།།

 

དེང་སང་དེ་ཚང་སྔར་བཞིན་མིན་ཞེས་སྐད།།

བདེན་རྫུན་དབྱེ་བ་འབྱེད་རྒྱུ་ཁག་པོ་ཞིག།

ཅི་སྟེ་དཔྱད་བརྗོད་བྱེད་རྒྱུའི་གོ་སྐབས་དེ།།

འབངས་ལ་ཐོབ་ཐང་མེད་པ་དོན་དངོས་ཡིན།།

 

དཔྱད་པའི་མཐའ་མར་བཟང་ཕྱོགས་ངན་ཕྱོགས་རིགས།།

གཅིག་གཅིག་གཉིས་གཉིས་བྱས་ནས་མངོན་སྲིད་མོད།།

ངན་རྒུ་ཚང་བའི་ཐོག་ལ་ངན་རྒུ་ཡི།།

གྲངས་ཀ་མང་དུ་འགྲོ་བར་དོགས་པས་འགོག།

 

འདྲེ་རྒན་བདུད་རྒན་དེ་ཚང་ཕམ་པར་ཤོག།

འབངས་དམག་གྱེན་བསླངས་ཁྲོད་ཀྱི་སྐད་རྒྱང་དེས།།

དམར་པོའི་ཁྲག་རྩ་ཁོད་ཆིགས་འགྱོད་བཤགས་སུ།།

རྒྱལ་ཁམས་བདག་པོར་སྤྲོད་ཆིགས་ཡུལ་ལྷ་ཀྱེ།།

 

འཁྱམ་ཡུན་རིང་ཡང་ཕ་ཡུལ་བརྗེད་ཀི་མིན།།

མི་རྣམས་མི་བཞིན་འཚོ་བའི་རྒྱལ་འབངས་ཀྱི།།

ཐོབ་ཐང་བརྒྱ་ཆའི་བརྒྱ་དེ་ཡོད་ས་འདིར།།

ཕ་ཡུལ་ཕྱོགས་ལ་གཞིགས་ཚེ་སྐྱོ་རྒྱུ་ཡོང་།།

 

སྙིང་རྗེ་རྒྱུ་འབྲས་མེད་པའི་སྤྱི་ཚོགས་ཁྲོད།།

ཡུན་རིང་ལྷ་ལ་མཆོད་ཅིང་ལྷའི་རིགས་གཉེར།།

འོན་ཀྱང་ད་ནི་འདྲེ་ཞིག་ཡིན་ན་འདོད།།

མི་རྣམས་སྔར་ནས་འདྲེ་རུ་བསྒྱུར་དང་གྱུར།།

ཕ་ས་དགྲ་བོས་འཕྲོགས་པས་ན་ཟུག་དེས།།

གཉིད་ཀྱང་སད་ཀྱང་རེས་མོས་མནར་གཅོད་གཏོང་།།

ལུས་པོ་རང་དབང་ལུང་པར་ཐོན་ཡོད་ཀྱང་།།

སེམས་འདི་ད་དུང་བཙོན་པའི་ཚུལ་དུ་གནས།།

 

ཐོ་ཐོས།༢༠༢༡།༠༨།༠༩

 

 

མཛེས་མ་ལ་ཆགས་པ།

 

ཁྱེད་སྐུ་སྐེ་ཡི་འདབ་ནས་ཕྲག་པའི་བར་དང་དཔུང་བ་བྲང་གཞུང་བཅས།།

མཐོང་མ་ཐག་ཏུ་གཉིད་དུ་འགྱེལ་བ་བདག་གི་སྤུན་ཆུང་གྱེན་དུ་འགྲེང་།།

རྒྱ་སེ་མེ་ཏོག་ཚུལ་དུ་ཁྱེད་སྐུའི་བྲང་གི་ནུ་མའི་ཉེ་འགྲམ་དུ།།

ཁབ་གཙགས་རི་མོ་ཇི་བཞིན་སྐད་ཅིག་འབྲལ་བར་མེད་ཅིང་འབྱར་ན་འདོད།།

 

ཐོ་ཐོས། ༢༠༢༡།༠༨།༡༣ ལ།

 

གོ་རེ་དང་མཛེས་མ།

 

དཀར་དམར་སྣུམ་བཙོས་གོ་རེ་ཁྱེད་སྐུའི་ཤ་མདངས་ཅན།།།

གོས་ལྗང་སྤང་གི་གདན་དུ་ཉི་མའི་འོད་ཀྱིས་འཁྱུད།།

ཇ་རྒོད་འོ་མའི་མཚེའུ་འགྲམ་དུ་མཛེས་པར་ཆགས།།

བདག་ནི་དེ་དག་རོལ་མཁན་ཡིན་ན་ཅི་མ་རུང་།།

 

ཐོ་ཐོས། ༢༠༢༡།༠༨།༡༣ ལ།

ཚ་བ་ཆེ་སའི་མཛེས་མ་གཉིས་ལ།

 

ཁྱེད་ནི་ཚ་བས་སྲེག་པའི་མེ་ཏོག་པདྨ་ཞིག།

ཁྱེད་ནི་མཚེའུ་ཁྱེད་ནི་པདྨའི་མེ་ཏོག་ཅིག།

ཁྱེད་ལ་ཉི་མ་ཆགས་པས་དགའ་མགུར་སྤྱད་པ་ལས།།

ཁྱེད་ཀྱི་མཚེའུ་དེ་ནས་འོ་མའི་བདུད་རྩི་འབབ།།

 

ང་ནི་ཟླ་བ་མིན་པས་ཟླ་བའི་གྲུབ་བསིལ་གྱིས།།

ང་ནི་ཉི་མ་མིན་པས་ཉི་མའི་འོད་ཀྱིས་ནི།།

ཁྱེད་སྐུ་ཚ་བས་གདུང་སྐབས་གྲང་དུ་བཟོ་ཐབས་བྲལ།།

ཁྱེད་སྐུ་གྲང་བས་མནར་སྐབས་ཚ་བོར་གཏོང་མ་ཐུབ།།

 

བསན་ན་རྟག་ཏུ་ཉི་མས་ཡང་ན་ཟླ་བས་བཞིན།།

ཁྱེད་སྐུ་གང་དུ་ཕྱིན་ཡང་དྲོད་དང་གྲིབ་བསིལ་གྱིས།།

རྟག་ཏུ་འབྲལ་མེད་ཁྱེད་སྐུར་འབྱར་བའི་གྲིབ་མ་བཞིན།།

ཁྱེད་ལ་དབང་བའི་ཉི་ཟླ་ཟུང་དུ་གྱུར་ན་འདོད།།

༢༠༢༡།༠༨།༡༥ ལ།

 

 

ཁྱེད་རང་གཉིས་དྲན་ཚུལ།

 

སེམས་འདི་བྲང་ནས་དམར་རྗེན་བཏོན་བྱས་ཏེ།།

འདོད་པའི་གཏམ་གྱི་མདའ་མོར་བཏགས་པའི་མཐར།།

སྙིང་རྩ་མདའ་སྐུད་ཕྲ་མོའི་ཁུག་པ་ནས།།

ཁྱེད་ཀྱི་ཕྱོགས་སུ་ཡང་ཡང་འཕེན་རྩིས་བྱས།།

ཁྱེད་ཀྱི་དཀར་འཇམ་བརླ་ཡི་ཡར་སྟོད་ཀྱི།།

ཤིན་ཏུ་བརླན་གཤེར་འཛོམས་པའི་མཚེའུའི་ནང་།།

བདག་ནི་ཁྱེད་ལ་ཆགས་པ་ཚ་བའི་མེས།།

ལུས་ཡོངས་སྲེག་པ་འཇོམས་ཕྱིར་མཆོང་འཇུག་ཀྱེ།།

 

སེམས་ཀྱི་གཏིང་དང་སྙིང་རྩའི་འཕར་ལྡིང་ཁྲོད།།

ཁྱེད་སྐུའི་ཆ་ཤས་རེ་དང་ལྷག་ཏུ་ནི།།

འཛུམ་གྱིས་ཁེངས་པ་སྤྱན་གྱི་སྐར་མདའ་དང་།།

པདྨའི་དབྱིབས་ཅན་བདེ་བའི་ཞིང་ཁམས་མངོན།།

 

ཐོ་ཐོས། ༢༠༢༡།༠༨།༢༧ ལ།

 

 

ཤ་ཚ་བའི་གཏམ།

 

བོད་རིགས་སྤུན་ཟླའི་ནང་དུ་དཔའ་ཡོད་མདོག།

རྒྱ་མིའི་གཞུང་ལ་གདོང་ནས་འཛུམ་སྟོན་མཁན།།

འདི་འདྲའི་ཕྱི་འཇམ་ནང་རྩུབ་སྐོར་ཞིག་གིས།།

མགོ་བོར་འདར་ཞོར་དྲྭ་འབུ་བྱེད་འདིར་སྐྱོ།།

 

དེ་འདྲའི་སྐད་ཆ་རྩུབ་པོ་མི་གསུང་རོགས།།

དེ་འདྲའི་འཇིགས་སྐུལ་བྱེད་རྒྱུ་གོམས་མ་འཇུག།

སྤྱི་དོན་སྒེར་དུ་བླངས་པའི་འཐབ་འཛིང་རིགས།།

ངེད་ཅག་བོད་པ་ཚང་ནི་ཕམ་པའི་རྒྱུ།།

 

དོན་གྱིས་དཔའ་བོ་སུ་ཡིན་བཤད་ཁག་པོ།།

བློ་བཟང་དཔལ་ལྡན་ཁོང་ཡང་འབུ་ཞིག་མིན།།

སྟག་དང་སེང་གེའི་བློ་ཁོག་ཁོང་ལ་ཡང་།།

མེད་ནི་མི་སྲིད་གཟབ་གཟབ་བྱས་ན་བཟང་།།

 

དཔའ་མདོག་སྐད་ཆ་རྫིག་པོ་སུ་ཡིས་ཀྱང་།།

དྲྭ་ཐོག་འདི་ནས་བཤད་ན་བཤད་ཆོག་ཆོག།

གྲི་དང་མེ་མདའི་ཁ་ནས་ཐར་འདོད་ན།།

གཅིག་གིས་གཅིག་ལ་དཔའ་མདོག་མི་སྟོན་རོགས།།

 

ལྷག་པར་སྒེར་གྱི་ཐད་ནས་ཅུང་ཙམ་རེ།།

ཕན་ཚུན་མི་སྐྱིད་བཟོས་ཚེ་ཞི་འཇམ་ངང་།།

སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་མི་གཏོང་བར།།

དངོས་སུ་མཇལ་ཏེ་ཁ་བརྡ་ལྷོད་ལྷོད་གནོངས།།

 

ཨ་རོ་ཁམས་པའི་གདོང་ནས་རྫིག་ཉམས་དང་།།

གྲི་མགོར་ལག་པས་འཆང་བའི་འཇིགས་སྟོན་ཚུལ།།

ཨ་མདོའི་ཕོ་རྒོད་དེ་ཚོར་འགྲོ་ས་མེད།།

རལ་གྲི་ཤུབས་ནས་བཏོན་ཚེ་ཁྲག་གིས་མགྲོན།།

 

དཔའ་བོ་མིན་ཡང་དཔའ་སྙིང་ཡོད་མདོག་གི།

རྒྱུན་ལྡན་མཐོང་བའི་རྫིག་ཉམས་བཅོས་མའི་འོག།

གྱོད་ཁ་གདངས་ནས་ཚིག་འཁྱོག་སྟ་རེས་གཡུག།

ཨ་རོ་ཁམས་པ་མང་ཕྱོགས་དེ་འདྲའི་རིགས།།

 

དཔའ་བོ་ཡིན་ལ་བོད་ལ་ཤ་ཚ་བའི།།

ཨ་རོ་ཁམས་པའི་བུ་རྒོད་ཡོད་ཤག་ཤག།

ང་ཚོས་ཤེས་པའི་སྤྲུལ་སྐུ་བསྟན་འཛིན་ལགས།།

མདོ་དབུས་ཁམས་ཀྱི་ཕོ་རྒོད་གྲས་སུ་འགྲོ།།

 

དཔའ་བོ་ངོ་མ་ཨ་མདོའི་ཡུལ་ན་མང་།།

བོད་དང་བོད་མིའི་བདེ་སྡུག་རྒྱལ་འབངས་ཕྱིར།།

སྐུ་གཟུགས་མེ་ལ་མཆོད་ནས་མེ་དང་ལྷན།།

དགྲ་བོ་རྒྱ་དམར་ཚང་ལ་ཁ་གཏད་རྒྱག།

 

ལྔ་བརྒྱད་ལྔ་དགུའི་རྒྱ་དམག་བཙན་འཛུལ་ལ།།

ཨ་མདོའི་ཡུལ་ནས་དཔའ་བོ་གང་མང་བྱུང་།།

དཔའ་བོ་ཁེར་རྒྱུག་ཁེར་མཆོང་ཁེར་འཐབ་ཀྱི།།

ལོ་རྒྱུས་ཡིད་སྨོན་འཆོར་ས་གང་མང་ཡོད།།

 

འོན་ཀྱང་སྐབས་སུ་བབས་པའི་བརྗོད་གཞི་ནི།།

སུ་ཞིག་དཔའ་བོ་ཡིན་ནམ་སྡར་མ་ཡིན།།

དེའི་རིགས་མིན་ལ་ལྷག་ཏུ་བོད་མིའི་བར།།

དེའི་རིགས་གླེང་རིན་མེད་ཅིང་ཉན་རིན་མེད།།

 

དྲི་བཀུམ་གསར་སྐྱེས་ནས། ༢༠༢༡-༠༨-༡༥ ལ།

 

 

 

 

 

光的相反

 

ང་ཚོས་ཉི་མར་འཁྲེང་བར་ཡེ་ཤུ་བས།།

འོད་ཀྱི་མཆོག་ཏུ་འདོད་པ་བསྙོན་མེད་ཅིག།

འོན་ཀྱང་མོངས་པ་光的相反།།

འོད་དེར་གདངས་པས་མུན་པའི་ཀློང་དུ་མནར།།

 

ང་ནི་ཉི་ཟེར་ཁྲོད་ན་ལྷོད་ཤུག་ཤུག།

ཤིན་ཏུ་དྲོད་ཁོལ་ལྡན་པ་ཉི་མའི་འོད།།

སྲིད་འདིའི་མུན་པ་འཇོམས་པའི་གཉེན་པོ་ལགས།།

གོ་ལ་ཞི་བདེའི་ཀློང་དུ་འཇུག་མཁན་ལགས།།

 

ད་ནི་སློབ་གྲཱར་འགྲོ་བའི་ལམ་ཞིག་ན།།

མཁས་པར་གྱུར་ན་འདོད་ཕྱིར་མ་ཡིན་ཏེ།།

རྒྱུས་མེད་སྐད་དང་ཡི་གེ་མི་འདྲ་སའི།།

བོད་ཁམས་མིན་པའི་ཡུལ་འདི་འཚོ་ཕྱིར་ཙམ།།

 

རྒས་ནས་ལུས་སྤུ་གཙོ་གསུམ་དུང་གི་མདོག།

རྒུད་ནས་རྐང་ལག་ཆུ་ཤིང་སྐམ་པོའི་ཟླ།།

ཉམས་ནས་ཆུང་མས་གྱོད་གཞིར་གླེང་བའི་ཉེས།།

ངས་ནི་ད་དུང་འདི་ན་སློབ་མ་བྱེད།།

 

ས་མཐར་གནམ་ནས་ལྷུང་བ་གང་ལ་ཡིན།།

ས་མཐར་བྲོས་ནས་ཕྱིན་པ་བསྙོན་མེད་ཅིག།

ས་མཐར་འབྲོ་དོན་ཕྱོགས་ལ་གླེང་ཚུལ་མང་།།

གང་ལྟར་ས་མཐའི་ལྡོམ་པོའི་མིང་དེ་ཐོགས།།

 

དུས་ཡུན་ཐུང་བའི་སློབ་གྲྭའི་བར་སང་འདིར།།

ཚོམས་འདིའི་དྲྭ་གྲོགས་བོད་རིགས་སྤུན་ཟླ་ཚོར།།

འཚམས་འདྲའི་དར་ཆ་དཀར་ལྗང་དམར་སེར་དེ།།

ཐེངས་ཤིག་ཨ་སྔོན་དགུང་དུ་བསྒྲེངས་ཡིན་ལགས།

 

ཁྱེད་ཚོའི་ཁ་རླངས་རླུང་ཤུགས་དྲག་པོ་ཡིས།།

ནམ་མཁའི་མཐོངས་ཀྱི་དར་དེ་སྐྱོད་ཅིག་ཀྱེ།།

བོད་ཁམས་གཞི་བདག་ཡོངས་ཀྱིས་སྡོང་གྲོགས་འོག།

ནམ་ཞིག་གྲུ་འཛིན་རི་བོའི་རྩེ་རུ་གཡོ།།

 

ང་ཚོའི་རྨི་ལམ་དེའང་གཞན་དབང་དུ།།

སོ་པའི་ཚོགས་དང་མྱུལ་མའི་ཚོགས་ཀྱིས་ནི།།

ཉིན་མཚན་དབྱེར་མེད་ང་ཚོར་སོ་ལྟ་བགྱི།།

ང་ཚོའི་མི་ཚེ་འདི་འདྲའི་དམ་དྲག་ཁྲོད།།

 

མཚམས་འདྲིའི་མེ་ཏོག་ཚོམས་ཀྱི་ལྡུམ་ར་ན།།

དམར་རྡོག་བྱུར་ཕྲེང་སྒེག་མོའི་མགུལ་ན་བཞིན།།

འཛུམ་གྱི་སོ་ཕྲེང་གངས་རི་བསྟར་བའི་མདངས།།

མེ་ཏོག་འབུལ་ཞོར་བསྟན་ཡོད་འདིར་བཞུགས་གྲོགས།།

 

རིག་པས་དཔྱད་སྡུར་མེད་པའི་གཏམ་ཉོག་འདམ།།

རང་རྒྱལ་རང་རློམ་ཡར་བྱུགས་མར་བྱུགས་བྱ།།

ལུང་ཚན་གྲུབ་མཐའི་འདམ་ཆུས་སྦགས་བྱས་པ།།

ཁ་བའི་ལྗོངས་ཀྱི་གངས་རིའི་མདངས་དེ་ལགས།།

 

ཐོ་ཐོས།༢༠༢༡།༠༨།༢༠ལ།

 

 

ཁོང་ཚོར་ཁག་མེད།

 

འདི་དག་གང་ལྟར་མི་རུ་སྐྱེས་ཟིན་པས།།

འདི་དག་གདུལ་བྱ་ཡིན་ཏེ་གདུལ་བྱར་སོམས།།

འདི་ནས་བཞུགས་རོགས་འདི་དང་མི་འབྲལ་རོགས།།

འདི་དག་མི་རུ་སྐྱེས་ཀྱང་མི་གཤིས་བརླགས།།

བདག་ཀྱང་དེ་བཞིན་ཁྱེད་ཀྱི་གདུལ་བྱའོ།

 

འདི་དག་ལྷ་དང་ལྷ་མོ་མ་ཡིན་པས།།

འདི་དག་སྙིང་རྗེས་བསྐྱང་བྱ་གྲོལ་བྱ་སྟེ།།

ཉོན་མོངས་དུག་གསུམ་ཁོང་ཚོའི་ཁ་ཟས་བཞིན།།

རྟག་ཏུ་བརྩེ་བའི་ཐུགས་ཀྱིས་སྐྱོངས་ཤིག་ཀྱེ།།

བདག་ཀྱང་དེ་བཞིན་ཁྱེད་ཀྱིས་བསྐྱང་བྱའོ།

 

འདི་དག་འདྲ་མཉམ་མེད་པའི་འཇིག་རྟེན་འདིར།།

མི་རིགས་གཞན་གྱིས་དྲག་པོའི་མནར་གཅོད་འོག།

རྒྱལ་ཁམས་གཞན་དུ་འགྲིམ་པའི་ཐོབ་ཐང་མེད།།

རང་ས་གཞན་དུ་ཤོར་བའི་སྡུག་བསྔལ་ཡོད།།

ཁྱེད་ཀྱིས་བཟོད་རོགས་ཅི་འདོད་སྨྲས་ཀྱང་རུང་།།

 

ཐོ་ཐོས། ༢༠༢༡།༠༨།༢༠ ལ།

མི་འདྲ་བའི་ཟླ་བ་གཉིས།

ངའི་ངོ་དེབ་དྲྭ་གྲོགས་ཚེ་རིང་རྡོ་རྗེ་ལགས་ཀྱི་ཚིག་རྐང་དང་པོ་དེ་ཚུར་འདི་ལ་བཤུས་ཏེ་ངས་བྲིས་པ་ནི་འདི་འདྲ་ཞིག

 

དགུ་ཚིགས་ཀློང་ན་ཉ་གང་ཟླ་བ་གྲང་གིས་འདར།།

མལ་ཁྲིའི་དཀྱིལ་དུ་ཁྱིམ་གྱི་ཟླ་བ་འདོད་པས་སྲེག།

ཚ་བ་འཇོམས་ཕྱིར་སོར་མོའི་བར་གྱི་རླུང་གཡབ་དེ།།

འགྲེང་རྒྱུ་མ་བྱུང་གཡུག་ཞོར་འདྲུད་ཞོར་མཚེའུ་འགྲམ་སྙེག།

 

ཐོ་ཐོས། ༢༠༢༡།༠༨།༢༡ ལ།

 

ལོ་རྒྱུས་སྨྲ་བ་ཚོར།

 

མཁས་པ་ཡིན་པ་བསྙོན་མེད་ཅིག།

ལོ་རྒྱུས་སྨྲ་བའི་ལྕེ་ཡང་ལྡན།།

ལོ་རྒྱུས་ཀློག་པ་རྒྱལ་འབངས་ཕྱིར།།

སྔ་མས་ཕྱི་མ་བསྒྲུབ་ཕྱིར་ལགས།།

 

ལོ་རྒྱུས་གང་ཞིག་ཕྱོགས་ཞེན་དབང་།།

ཡང་ན་མཁས་པའི་མཚན་ཐོབ་ཕྱིར།།

ནག་བསུབ་བཏང་ན་རུང་ངམ་ཀྱེ།།

བོད་ལ་ཕན་ན་ལོ་རྒྱུས་ཡིན།།

 

སྔ་མས་ལོ་རྒྱུས་བསྐྲུན་པ་གང་།།

ཕྱི་མའི་མདའ་གྲི་མདུང་གསུམ་ཏེ།།

རྒྱལ་ཁམས་རྩོད་པའི་གཡུལ་ས་ནས།།

དེ་དག་ཁྱེད་ཀྱི་མཚོན་ཆའོ།།

 

ལོ་རྒྱུས་དྲང་བདེན་ཡིན་དགོས་ཚུལ།།

བོད་པས་སྨྲས་པར་གྲངས་ཀ་མེད།།

གཞན་གྱིས་དེ་ལ་བཀུར་མི་བྱ།།

བོད་པའི་ལོ་རྒྱུས་ཡོད་ཚད་འཁྱོགས།།

 

འོད་ཏོག ༢༠༢༡-༠༨-༢༦ ལ།

 

 

 

 

环境造就我的思想,思想造就我的人生。浪子

 

༄༅།། དགའ་མ་དང་མཚམས་སྤྲིན། 

 

རྒྱ་མཚོའི་རྦ་རླབས་གཡོ་བའི་ཐང་ཆེན་སྟེང་།།

དཀར་ནག་སྤྲིན་པའི་སྦྲ་གུར་ཕུབ་པའི་དཀྱིལ།།

ང་ནི་འདོད་པས་དྲག་ཏུ་སྨྱོས་བྱས་པར།།

མཚམས་སྤྲིན་དགའ་མས་འདོམས་ཀྱི་དམར་ས་སྦྱར།།

 

ཐོ་ཐོས། ད་ལོའམ་2022 ལོའི་ཟླ་དགུ་བའི་ནང་དུ་ཁཱུ་ལཱོ་ཏེས་ཡཱའམ་རྒྱུའི་སྐད་དུ་克罗地亚ཟེར་བའི་རྒྱལ་ཁབ་དེའི་རྒྱ་མཚོ་དང་གླིང་ཕྲན་སོགས་སུ་འདོད་པའི་གར་ལ་རོལ་མྱོང་བྱས་པ་དག་བསྐྱར་དུ་ཚོར་བས་བསྙེགས་ཏེ་བྲིས་པ་ཞིག

 

༄༅།། སེམས། བཙོན་མ། བཙོན་ར།

 

འཁོར་བ་བཙོན་ར་ཡིན་པ་ཤེས་བཞིན་དུ།།

བཙོན་དུ་འཇུག་མཁན་ཉོན་མོངས་དུག་དུག་གསུམ་དང་།།

སྐད་ཅིག་འབྲལ་བར་མི་བྱེད་བདག་འཛིན་སེམས།།

དྲྭ་འབུའི་ཚོགས་ན་དམྱལདངོས་སུ་བ་མྱོང་།།

 

ནམ་ཞིག་ཉོན་མོངས་ཀྱིས་བཅིངས་བདག་འཛིན་སེམས།།

རྟ་ཕོས་ལྕགས་སྒྲོག་གཏོར་བ་ཇི་བཞིན་དུ།།

དུག་གསུམ་རིང་དུ་སེམས་འདིས་སྤངས་བགྱིས་ཚེ།།

ང་ཚོ་འཁོར་བའི་བཙོན་ནས་ཐར་འགོ་བརྩམས།།

 

སེམས་འདི་བཙོན་མ་ཡིན་ལ་བཙོན་ར་ཡང་།།

སེམས་འདིས་རང་གིས་རང་ལ་བསྐྲུན་པ་ཞིག།

གཞན་གྱིས་སྟ་རེ་དང་ནི་མེ་སྒྱོགས་ཀྱིས།།

གསེས་དང་གཏོར་བར་མི་ནུས་ཆོས་ཉིད་དོ།།

 

འདྲེ་ཐོ་ཐོས། ༢༠༢༢-༠༡-༢༦ ལ།

 



༄༅།། ཐོ་ཐོས་ཐོ་ཐོ་རང་གི་བསམ་ཚུལ་ལ་འགྲེལ་བརྗོད། 

 

བསྒྲུབ་མི་ནུས་པར་འདོད་པ་ཞིག་འགོ་བརྩམ་མ་ཡོང་ན། བསྒྲུབ་ཐུབ་མ་སོང་ཟེར་བའི་སྐད་ཆ་དེ་འབྱུང་མི་སྲིད་པ་ཞིག་དང་གཅིག་མཚུངས་སུ།བསྒྲུབ་མི་ཐུབ་པར་སྙམ་པ་གང་ཞིག་འགོ་བརྩམས་ནས་སྒྲུབ་ཡོང་ཚེ།བསྒྲུབ་ཐུབ་མ་སོང་ངམ་བསྒྲུབ་ཐུབ་ཀི་མ་རེད་ཅེས་པའི་སྐད་ཆའི་རིགས་ཀྱང་རིམ་གྱིས་ཧ་ལམ་འབྱུང་རྒྱུ་ཇེ་ཉུང་དུ་འགྲོ་སྲིད་པ་ཞིག་ཡིན་རྒྱུ་རེད་འདོད་པའི་བསམ་ཚུལ་འདིས་རང་བློ་ལ་རམ་མདེགས་ཀྱིས་ཚུལ་དུ། ངས་ཀྱང་ང་ཚོས་མི་རབས་ནས་མི་རབས་སུ་བསྒྲུབ་དགོས་པ་གང་ཞིག་བསྒྲུབ་བྱར་བསམས་ཤིང་དུས་ནམ་ཡང་དེའི་སྐོར་ལ་བསམ་བློ་གཏོང་གིན་ཡོད་ལགས་ཞེས་ཐེངས་ཤིག་བརྗོད་ན་འདོད་སོང་དང་། རྒྱུ་མཚན་དེ་འདྲའི་དབང་གིས་ངའི་བསམ་ཚུལ་དང་ངས་བྲིས་པ་དག་རྨི་ལམ་དང་སྟོང་བསམ་ལྟ་བུར་འདོད་མཁན་མང་ཤས་ཆེ། འོན་ཀྱང་སྐབས་རེར་རྨི་ལམ་དང་དོན་དངོས་གཉིས་ཀྱི་བར་ཐག་ནི་མཚན་མོ་ནས་ཉིན་མོའི་བར་མ་གཏོགས་སོང་མེད་པའི་དུས་ཡུན་བྱུང་མྱོང་ཡོད་པ་དེའང་ཤེས་པར་གྱིས་ཤིག་ཅེས་བཤད་ན་འདོད་སོང་ལགས།  ཐོས།

 

༄༅།། གངས་སེང་སྐོར་གླེང་བ།

 

གངས་སེང་ཟེར་བ་ཞིག་དངོས་སུ་ཁ་བ་གངས་ཅན་གྱི་ཡུལ་དུའམ་དེ་ལ་གནས་པའི་གངས་རི་དེ་དག་གི་ཁྲོད་དུ་ཡོད་ཀྱང་མེད་ཀྱང་། གཙོ་བོ་དེ་ནི་བོད་མི་རེ་རེའི་སེམས་ཁོང་དུ་གངས་སེང་རེ་དང་། གངས་སེང་དང་འབྲེལ་བའི་ལོ་རྒྱུས་དེ་དག་དང་། ལོ་རྒྱུས་དང་འབྲེལ་བའི་ཆགས་འཇིག་སྣ་ཚོགས་ཤིག ལྷག་པར་དུ་འཇིག་པའམ་ཉམས་རྒུད་དུ་གྱུར་པའི་བོད་མིའི་ད་ལྟའི་གནས་སྟངས་དཔྱིད་ཀའི་བ་མོ་ལྟ་བུའི་རྣམ་པ་དེ་གངས་རིར་འགྱིང་བའི་སེང་གེ་ཇི་བཞིན་དུ་འགྱུར་ནའམ་བསྒྱུར་ཐུབ་ན་སྙམ་ཏེ། སེང་གེ་དང་སེང་གེའི་ལོ་རྒྱུས་ལ་དུངས་ན། ད་གཟོད་དོན་སྙིང་ལྡན་པ་ཞིག་རེད་འདོད། ངའི་བུ་ཆུང་ཤོས་དེའི་མིང་ལ་གངས་བུ་འབྲུག་རྒྱལ་ཞེས་འབོད་ཅིང་། དེ་ནི་ངའི་བུ་འདི་མ་འོངས་པར་འབྲུག་ལས་རྒྱལ་ཐུབ་པ་ཞིག་ཡིན་པར་སྨོན་ཞེས་པའི་སྐད་འབོད་ཅིག་སྟེ། ངས་ཁོ་ཉིད་ཀྱི་མིང་དེ་འབོད་ཐེངས་རེ་ལ་རྒུད་འདུག་པའི་མི་རིགས་འདི་ཉིད་ཉམས་འཇུག་མཁན་གྱི་རིགས་དེ་ལས་རྒྱལ་བར་ཤོག་ཅེས་སྐད་འབོད་རེ་རེ་བྱེད་བཞིན་པར་བསམས་ཡོད། ཐཽས།  ༢༠༢༢-༠༩-༢༦ ལ།

 

༄༅།། ཚན་རིག་ཟེར་བ་དེ།

 

དེ་ནས་ཚན་རིག་ཟེར་བ་དེ་ནི་འགྲོ་བ་མིའི་དཔལ་ཡོན་ཡར་རྒྱས་ལ་གཏོང་ཕྱིར་དང་། འགྲོ་བ་མིའི་དཀའ་ངལ་བསེལ་ཕྱིར་བཅས་ལ་ཞེས་དང་།ཚན་རིག་ཆེས་དར་བར་ངོས་འཛིན་བྱེད་སྟངས་རིགས་གཅིག་ནི་བར་སྣང་གི་ཟླ་བ་ལ་སོགས་པའི་སྟེང་དུ་འཕུར་ནས་འགྲོ་ཐུབ་པའི་མེ་ཤུགས་འཕུར་མདའི་རིགས་སུ་གྱུར་པ་དག་ལ་མཛུབ་མོ་འཛུགས་ཀི་ཡོད་པ་དེའི་རིགས་ནི་ཡོངས་གྲགས་ཀྱི་ཚན་རིག་ལ་ངག་བརྗོད་བྱེད་སྟངས་དང་།ཚན་རིག་ཡ་མཚར་བ་ཡིན་ཚུལ་གྱི་བཤད་སྟངས་དང་མཛུབ་སྟོན་བྱེད་སྟངས་ཤིག་ཆགས་ཡོད་པ་ནང་བཞིན། སངས་རྒྱས་ཆོས་ལུགས་དེའང་འགྲོ་བ་མིའི་ཚེ་འདི་ཕྱི་གཉིས་ལ་ཕན་པའི་ཆོས་ལུགས་རབ་ཏུ་མཆོག་པ། སྐྱོན་གྱི་དྲི་མ་མེད་པ་བཅས་སོགས་ཡིན་རབས་ཡིན་ཚུལ་ཞེས་མང་བོ་ཞིག་གིས་གནའ་ནས་ད་བར་དུ་བཤད་དང་འཆད་བཞིན་པ། གསུངས་དང་གསུང་བཞིན་པ་ཞིག་རེད། 

འོན་ཀྱང་། ཚན་རིག་ལས་གྲུབ་པའི་མེ་ཤུགས་འཕུར་མདའ་བེད་སྤྱད་དེ་དམག་འཁྲུག་རེ་རེའི་ཁྲོད་དུ་འགྲོ་བ་མི་ག་ཚོད་ཅིག་བསད་སོང་། ཚན་རིག་མ་དར་ན། མེ་ཤུགས་འཕུར་མདའ་ཟེར་བ་ཞིག་འབྱུང་སྲིད་དམ། དེ་བཞིན་ཆོས་དང་ཆོས་ལུགས་པ་ཞེས་པ་ལས། ནང་ཆོས་ཟེར་བ་ཞིག་བོད་ལ་མ་དར་ན། ནང་བའི་ཆོགས་ལུགས་པ་ཟེར་བ་ཞིག་འབྱུང་སྲིད་དམ། གལ་ཏེ་བྱུང་རྒྱུའི་དབང་དུ་བཏང་ཡང་། དེ་འདྲའི་གྲངས་ཀ་མང་བོ་ཞིག་འབྱུང་སྲིད་དམ། རྒྱལ་ཁབ་ཞིག་གི་དམག་ཤུགས་དང་དཔལ་འབྱོར་ཡར་རྒྱས་ལ་གཏོང་བའི་རྩ་བ་དེ་མིའི་གྲངས་ཀ་ལ་རག་ལས་པའི་བཙན་པོ་དག་གི་དུས་རབས་དེ་ལྟ་བུའི་སྐབས་སུ། དམག་དང་གྲྭ་བ་གཉིས་ལས་གང་གི་རིགས་དེས་རྒྱལ་ཁབ་བསྲུང་བར་ཕན་པ་ཡོད། སུའི་རིགས་དེས་རྒྱལ་ཁབ་དེ་ལ་དང་། རྒྱལ་ཁབ་དེའི་དམག་སྡེ་དང་དམག་སྡེ་ལ་མཁོ་བའི་ལག་ཆ་སོགས་ཀྱི་ཕྱོགས་ལ་དཔལ་འབྱོར་བསྒྲུབ་ཐུབ་དང་བསྒྲུབས་མྱངས་ཡོད། དེ་ནས་རྩེ་མཚར་གྱི་ཚུལ་དུ་སྐད་ཆ་རེ་བཤད་ན། སྐབས་དེའི་གྲྭ་བཙུན་དག་ལ་བུ་རྒྱུད་འབྱུང་སྲིད་དམ། ཡོད་དམ།མེད་ཚེ་མི་འབོར་ཡར་རྒྱས་གཏོང་བར་བར་ཆད་ཡོད་དམ། དེ་ནས་སྐབས་དེའི་རྒྱལ་ཁབ་ཞིག་ལ་མཚོན་ན། དམག་ཤུགས་ཀྱི་ཆེ་ཆུང་དེ་མིའི་གྲངས་ཀ་དང་ཧ་ཅང་འབྲེལ་ཡོད་པ་ཞིག་མ་ཡིན་ནམ།  སྨྱོན་པ་ཐོ་ཐོས།

 

༄༅།། དྲ་ཐོག་གི་དམག་འཁྲུག

 

བཙན་པོས་དམག་དར་བསྒྲེངས་སའི་གཡུལ་ས་ན།།

ས་གཞི་རལ་གྲིས་གཤགས་པའི་རྒྱལ་མཚམས་ཡོད།།

ལོ་རྒྱུས་འཁྱོག་བརྗོད་བྱེད་པར་དོགས་བགྱིས་པས།།

བསྙོན་མེད་འཆིང་ཡིག་བཀོད་པའི་རྡོ་རིང་ཡོད།།

 

དངོས་སུ་དམག་འཁྲུག་མིན་ཡང་དམག་འཁྲུག་ཅིག།

ཕ་རོལ་སེམས་ངོའི་དགྲ་བོར་བཟུང་བྱས་ཏེ།།

རྒྱང་རྒྱག་མེ་མདའི་མདེའུ་རེ་རེ་ལ།།

རྒྱལ་ཁབ་འཕྲོགས་པའི་ཞེ་འཁོན་བཏགས་ཤིང་འཕངས།།

 

མེ་མདའི་ཁ་ན་བོའུ་སྐད་ལྷང་ལྷང་གྲགས།། 

དགྲ་ལ་འཐབ་པའི་འདུ་ཤེས་བཟུང་ཡོད་ཀྱང་།། 

དངོས་སུ་གཡུལ་སའི་དགྲ་བོར་འཐབ་མིན་པས།། 

འཐབ་སའི་དགྲ་དེ་དོན་གྱིས་རང་སེམས་ཉིད།།  

 

རང་སེམས་རང་གི་དགྲ་སྟེ་རྒྱལ་བར་དཀའ།། 

མེ་མདའ་ཐོགས་པའི་དགྲ་བོ་མིན་ཡང་རུང་།། 

འདི་ཉིད་ཕམ་པར་དཀའ་ལ་གདུལ་རྒྱུ་དཀའ།། 

ནམ་ཞིག་གཤེགས་པའི་ཚེ་ན་གྲོལ་ཡིན་སྙམ།། 

 

ང་ཚོ་བོད་པ་ཚང་ལ་དགྲ་ཡོད་དམ།། 

ཕ་མེས་ཡང་མེས་ཁྲག་ལ་སྦྱར་མྱངས་ཤིང་།། 

ཕ་ཁྱིམ་མ་ཁྱིམ་བཙན་གྱིས་འཕྲོགས་མྱངས་པའི།། 

དགྲ་བོ་དེ་འདྲ་ཡོད་དམ་ཁ་བ་ཅན།། 

 

—- འདྲེ་ཐོས། ༢༠༢༢-༠༩-༡༧

 

༄༅།། ཀྱེ། གངས་ཅན་པའི་ཡུལ་ལྷ་རྣམས།

 

སྙིང་སྟོབས་དང་རིགས་ཞེན་གྱིས་ཁེངས་པའི་གདུག་རྩུབ་ཞིག

རྒྱལ་ཁ་དང་གཟི་བརྗིད་ཅིག་ཏུ་བསྒྱུར་ཐུབ་ན།

ཀི་ཀི་སྭོ་སྭོ། ལྷ་རྒྱལ་ལོ།

ང་ལ་དེ་རིང་ནས་བཟུང་།

བཙན་ཤེད་ཀྱིས་གདུག་རྩུབ་ཆེ་རུ་ཆུགས་ཤིག 

 

ཀྱེ། གངས་ཅན་པའི་ཡུལ་ལྷ་རྣམས།

 

ངས་ང་ལ་ཡོད་བསྡད་པའི་བྱམས་བརྩེ་འདི།

གདུག་རྩུབ་དང་བརྗེ་བོ་བརྒྱབ་ནས།

ད་ལྟ་ཉིད།

ངའི་ཁྱིམ་མིས་མི་ལོ་མང་བོར་སྦས་པའི་རྨ་ཁ་དེ།

ཕྱི་ལོགས་སུ་དམར་རྗེན་དུ་མངོན་ན་འདོད།

ངའི་ཁྱིམ་མིས་བརྗེད་མི་སྲིད་པའི་ཤ་འཁོན་དེ།

མི་ལོ་ནས་མི་ལོར་རྩོད་རྒྱུ་ཡིན་པའི་དམ་བཅའ་ཞིག

སའི་གོ་ལ་ཡོངས་སུ་བསྒྲག་ན་འདོད།

 

ལ་རྒྱལ་ལས་ཐོན་པའི་གདུག་རྩུབ་དེ།

རིགས་ཞེན་དང་ཤ་འཁོན་གྱི་སྙིང་ཁྲག་གིས་ཆེ་རུ་གཏོང་ཐུབ་ན།

ད་ལྟ་ཉིད་ངས་ང་ལ་ཡོད་བསྡད་པའི་བྱམས་བརྩེ་འདི་དོར་ཆོག

 

གདུག་རྩུབ་ཀྱི་ཕ་རོལ་ན།

རྒྱལ་ཁམས་དང་གཟི་བརྗིད་ཀྱིས་བསྒུག་ཡོད་ན།

ངས་ནི་ད་ལྟ་ཉིད་བྱམས་བརྩེ་འདི་སྤང་ན་ཆོག

 

ཐཽས། ༡༨-༠༦-༢༠༢༢

 

 

 

༄༅།། ཕུང་བོ་དང་བསམ་བློ།

 

ང་ཚོའི་ཕུང་བོ་འདི་གནས་སའི་གླིང་མི་འདྲ་ནའང་། ང་ཚོ་རེ་རེ་ལ་ཡོད་བསྡད་པའི་སེམས་ཞེས་པ་དང་། ཡང་ན་བསམ་བློ་ཟེར་བ་དེ་གླིང་གཅིག་ཏུ་གནས་པར་བྱེད་ཐུབ་དགོས། སའི་ཕྱོགས་ནས་གླིང་དེ་ནི་བོད་ཁམས་ཏེ། བསམ་བློའི་ཕྱོགས་ནས་༧ གོང་ས་ཡིན་བཞིན་ནོར་བུ་ཚང་གི་ཐུགས་དགོངས་དང་བསྟུན་དགོས་པ་དེ་ཡིན་ནོ། ཐཽས། 

 

 

 

 

༄༅།། ཟླ་བ་ང་ཚོའི་ཟླ་བ།

 

ཟླ་བ་བསྒྲུབས་དང་མ་བསྒྲུབ་ཚོར་རམ་ཀྱེ།། 

ཟླ་བ་དངོས་དེ་འཛམ་གླིང་སྤྱི་ལ་དབང་།། 

དེ་ནི་བསྒྲུབས་ཀྱང་མ་བསྒྲུབ་སྤྱི་དོན་ཞིག། 

ང་ཚོས་གླེང་བྱ་ང་ཚོའི་ཟླ་བ་ལགས།། 

 

ཐོས། ༠༩-༡༡-༢༠༢༢

 

ཟླ་འཛིན།

 

དཀར་གསལ་ཟླ་བའི་ཞལ་ངོ་།། 

མུན་པའི་ནང་དུ་བསྟུམས་སོང་།། 

ཟླ་བ་མེད་པའི་ཡུལ་ཁམས།། 

མུན་པའི་ཁྲོད་ན་མནར་འདུག། 

 

མུན་པས་སྡེར་འབྲད་དྲག་པོས།། 

ཟླ་བ་ཁྲག་གིས་བསྒྲིགས་བཅུག། 

ཟླ་འཛིན་ལག་དམར་གཟའ་དེ།། 

ཁྲག་དང་མུན་པར་སྲེད་འདུག། 

 

ཐོ་ཐོས། ༠༨-༡༡-༢༠༢༢

 

རྒྱལ་ཁབ་ཆེ་ཆུང་གཉིས་ཀས་མེ་མདའ་དང་མེ་ཤུགས་འཕུར་མདའ་བཅས་བེད་སྤྱོད་བཏང་སྟེ་སོ་སོའི་རྒྱལ་ཁབ་ཆེད་དུ་སྟེ། གཅིག་དེས་རྒྱལ་ཁམས་ཆེ་རུ་གཏོང་ཕྱིར་གཞན་ལ་བཙན་འཛུལ་དང་། གཅིག་དེས་རང་གི་རྒྱལ་ཁམས་བསྲུང་ཕྱིར་བཙན་འཛུལ་པར་རྒོལ་ལན་སྤྲོད་ཀྱིན་པའི་དུས་འདི་འདྲ་ཞིག་ལ། ངེད་ཅག་བོད་པ་ཚང་གིས་ཁ་ལྕེའི་མདའ་གྲི་མདུང་གསུམ་ལྟ་བུ་བེད་སྤྱོད་བཏང་སྟེ། གྲུབ་མཐའ་དང་ཆོལ་ཁའི་བར་དུ་ཚིག་རྩུབ་དང་ཟུར་ཟ། ངན་སྨྲས་བཅས་ཀྱི་རལ་གྲི་དང་མདུང་སོགས་གཡུག་རེས་དང་སྣུན་རེས་བྱེད་བཞིན་ཡོད་དོ། ཐོ་ཐོའི་བསམ་ཚུལ་ཙམ་སྟེ། རྩེ་མཚར་ཡང་ཡིན་ནོ། 

 

གངས་སེང་ཟེར་བ་ཞིག་དངོས་སུ་ཁ་བ་གངས་ཅན་གྱི་ཡུལ་དུའམ་དེ་ལ་གནས་པའི་གངས་རི་དེ་དག་གི་ཁྲོད་དུ་ཡོད་ཀྱང་མེད་ཀྱང་། གཙོ་བོ་དེ་ནི་བོད་མི་རེ་རེའི་སེམས་ཁོང་དུ་གངས་སེང་རེ་དང་། གངས་སེང་དང་འབྲེལ་བའི་ལོ་རྒྱུས་དེ་དག་དང་། ལོ་རྒྱུས་དང་འབྲེལ་བའི་ཆགས་འཇིག་སྣ་ཚོགས་ཤིག ལྷག་པར་དུ་འཇིག་པའམ་ཉམས་རྒུད་དུ་གྱུར་པའི་བོད་མིའི་ད་ལྟའི་གནས་སྟངས་དཔྱིད་ཀའི་བ་མོ་ལྟ་བུའི་རྣམ་པ་དེ་གངས་རིར་འགྱིང་བའི་སེང་གེ་ཇི་བཞིན་དུ་འགྱུར་ནའམ་བསྒྱུར་ཐུབ་ན་སྙམ་ཏེ། སེང་གེ་དང་སེང་གེའི་ལོ་རྒྱུས་ལ་དུངས་ན། ད་གཟོད་དོན་སྙིང་ལྡན་པ་ཞིག་རེད་འདོད། ཐཽས། ༢༠༢༢-༠༩-༢༦ ལ།

 

༄༅།། དགེ་རྩ།

 

གལ་སྲིད་དེ་ལྟར།

ཁྱེད་ཉིད་བུད་སོང་ཡོད་ན།

ངས་ཁྱེད་ཀྱི་དགེ་རྩ་ལ།

གསལ་བྱེད་སུམ་ཅུ་དེ་ཐེངས་འགར་བཀླག་ཆོག

 

གལ་སྲིད་སྐབས་དེར།

ཁྱེད་ཀྱི་རྣམ་ཤེས་དེ་བར་དོ་རུ་ཐོན་ཡོད་ཚེ།

ངས་ཀློག་བཞིན་པའི་གསལ་བྱེད་སུམ་ཅུ་ལས།

ཡི་གེ་གང་རུང་ཞིག་ཏུ།

ཁྱེད་ཀྱི་རྣམ་ཤེས་དེ་གཞུག་རོགས་ཞུ།

 

གལ་སྲིད་ཁྱེད་ནི་དེ་ལྟར།

སོང་ཚར་བ་དེ་བདེན་ན།

གསལ་བྱེད་སུམ་ཅུ་ལ་བདག་པོ་ངས་རྒྱག

འོན་ཀྱང་མི་འགྱང་བར་ངའང་འགྲོ་སྲིད་པས།

ཞོར་དུ་གཞོན་སྐྱེས་ཚོར་སྐུལ་མ་བྱེད་ཐག་ཆོད་ཡིན་ལགས།

 

གལ་སྲིད་ཁྱེད་ཚང་དངོས་གནས་བུད་སོང་ཚར་ན།

ངས་ཅི་ཐུབ་གང་ཐུབ་ཀྱིས།

དབྱངས་གསལ་སོ་བཞི་ལ་བདག་པོ་རྒྱག་ཆོག

དེ་ནི་ངའི་དམ་བཅའ་ཞིག་ཡིན་ལ།

ཁྱེད་ལ་བསྒྲུབ་འདོད་པའི་དགེ་རྩའང་ཡིན་ལགས།

 

གལ་སྲིད་ཁྱེད་ཉིད་དེ་ལྟར།

སེམས་འཁྲལ་དང་མཉམ་དུ།

སྙན་ངག་དང་མཉམ་དུ།

མིག་ཆུ་དང་མཉམ་དུ།

བུད་སོང་ཚར་བ་དེ་བདེན་ན།

ངས་དབྱངས་ཡིག་བཞི་བོ་དེ་དག

གསལ་བྱེད་རེ་རེ་ཡི་ཞྭ་དང་ལྷམ་ཡིན་བསམས་ཤིང་།

བདག་པོ་ཡག་པོ་རྒྱག 

ཉར་ཚགས་ཡག་པོ་བྱེད།

 

ངས་བསམས་ན་དང་བལྟས་ན།

གལ་སྲིད་ང་ཚོ་ལ་སྐད་དང་ཡི་གེ་གཉིས་མེད་ཚེ།

ལུས་ན་གྱོན་གོས་མེད་པའི་ལྐུག་པ་རྐྱང་རྐྱང་ལས་ཅི།

 

གང་ལྟར། ངས་ནི་སྔ་མོ་ཞིག་ནས།

སྙན་ངག་དང་མཉམ་དུ་དགའ་རོགས་བསྒྲིགས་ཏེ།

མཉམ་དུ་ཐེངས་མང་བོར་ཉལ་མྱོང་ཡོད་ལ།

བཟི་མྱོང་ཡོད།

སྨྱོས་མྱོང་ཡང་ཡོད།

 

ད་རུང་མང་བོ་ཞིག་བྲི་རྒྱུ་དང་བཤད་རྒྱུ་ཡོད་མོད།

གལ་སྲིད་ཁྱེད་ཉིད་བུད་སོང་ཚར་བ་དེ་བདེན་ན།

གོང་དུ་བཤད་པ་ལྟར།

ངས་ཁྱེད་ཀྱི་དགེ་རྩ་ལ།

གསལ་བྱེད་སུམ་ཅུ་དང་།

དབྱངས་བཞི་དེ་ཐེངས་འགར་བཀླག་དགོས།

 

ཀ་ཁ་ག་ང་། ཅ་ཆ་ཇ་ཉ།

ཏ་ཐ་ད་ན། པ་ཕ་བ་མ།

ཙ་ཚ་ཛ་ཝ། ཞ་ཟ་འ་ཡ།

ར་ལ་ཤ་ས། ཧ་ཨ།

 

ཨི་ཨུ་ཨེ་ཨོ། 

 

གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ།

 

ཨོཾ་མ་ཎི་པདྨེ་ཧཱུྃ། 

ཨོཾ་མ་ཎི་པདྨེ་ཧཱུྃ། 

ཨོཾ་མ་ཎི་པདྨེ་ཧཱུྃ།

 

འདྲེ་ཐོ་ཐོས། ༢༠༢༢-༠༩-༢༠ ལ།

 

༄༅།། མིས་མི་ཡི་སྐྱོན་ཁོ་ན་འཚོལ་པ།

 

མི་ཞིག་གིས། རྟག་ཏུ་ཕར་རོལ་བའི་སྟེང་དུ་སྐྱོན་ཡོད་ཀྱང་མེད་ཀྱང་། སྐྱོན་ཡོད་པར་སྙམ་སྟེ། དཔྱད་པའི་ཚུལ་དུ་སྐྱོན་རྐྱང་རྐྱང་འཚོལ་བཞིན་པ་ནི། མི་དེས་ཉིན་ནས་ཉིན་དུ་སྐྱག་ཁང་རྐྱང་རྐྱང་བཙལ་ནས་རང་ཉིད་མི་གཙང་བ་དང་། མི་སྐྱིད་པ། མི་མཛེས་པའི་མི་སྣ་ཞིག་ཏུ་བསྒྱུར་པའམ་བཞེངས་བསྐྲུན་བྱས་པ་ལས་གཞན་དོན་སྙིང་ཅི་ཡང་མི་འདུག་སྙམ་མོ། ཐཽས་སམ་ཡང་ན་འདྲེ་ཐོ་ཐོས། ༡༩-༠༩-༢༠༢༢

 

༄༅།། ཡོད་དམ།

 

བཙན་པོས་དམག་དར་བསྒྲེངས་སའི་གཡུལ་ས་ན།།

ས་གཞི་རལ་གྲིས་གཤགས་པའི་རྒྱལ་མཚམས་ཡོད།།

ལོ་རྒྱུས་འཁྱོག་བརྗོད་བྱེད་པར་དོགས་བགྱིས་པས།།

བསྙོན་མེད་འཆིང་ཡིག་བཀོད་པའི་རྡོ་རིང་ཡོད།།

 

དངོས་སུ་དམག་འཁྲུག་མིན་ཡང་དམག་འཁྲུག་ཅིག།

ཕ་རོལ་སེམས་ངོའི་དགྲ་བོར་བཟུང་བྱས་ཏེ།།

རྒྱང་རྒྱག་མེ་མདའི་མདེའུ་རེ་རེ་ལ།།

རྒྱལ་ཁབ་འཕྲོགས་པའི་ཞེ་འཁོན་བཏགས་ཤིང་འཕངས།།

 

མེ་མདའི་ཁ་ན་བོའུ་སྐད་ལྷང་ལྷང་གྲགས།། 

དགྲ་ལ་འཐབ་པའི་འདུ་ཤེས་བཟུང་ཡོད་ཀྱང་།། 

དངོས་སུ་གཡུལ་སའི་དགྲ་བོར་འཐབ་མིན་པས།། 

འཐབ་སའི་དགྲ་དེ་དོན་གྱིས་རང་སེམས་ཉིད།།  

 

རང་སེམས་རང་གི་དགྲ་སྟེ་རྒྱལ་བར་དཀའ།། 

མེ་མདའ་ཐོགས་པའི་དགྲ་བོ་མིན་ཡང་རུང་།། 

འདི་ཉིད་ཕམ་པར་དཀའ་ལ་གདུལ་རྒྱུ་དཀའ།། 

ནམ་ཞིག་གཤེགས་པའི་ཚེ་ན་གྲོལ་ཡིན་སྙམ།། 

 

ང་ཚོ་བོད་པ་ཚང་ལ་དགྲ་ཡོད་དམ།། 

ཕ་མེས་ཡང་མེས་ཁྲག་ལ་སྦྱར་མྱངས་ཤིང་།། 

ཕ་ཁྱིམ་མ་ཁྱིམ་བཙན་གྱིས་འཕྲོགས་མྱངས་པའི།། 

དགྲ་བོ་དེ་འདྲ་ཡོད་དམ་ཁ་བ་ཅན།། 

 

—- འདྲེ་ཐོས། ༢༠༢༢-༠༩-༡༧

 

༄༅།། འདི་ལ་མཁས་པ་ཟེར།

 

སུ་ཞིག་མཁས་སམ་གང་ཞིག་མཁས་མིན་ཞེས།།

མཁས་བླུན་ཁྱད་པར་འབྱེད་རྒྱུའི་རྣམ་དཔྱོད་དེ།།

འདྲེ་ཐོའི་བློ་ལ་ངེས་ཀྱང་དཔྱད་གཞི་མིན།། 

རང་གི་རིགས་ལ་དུངས་ཚེ་མཁས་པར་སྙམ།། 

ཐཽས། 

 

༜གོང་དུ་བགྲོ་གླེང་གནང་མཁན་གྱི་ཚོགས་མི་ཡོད་དོ་ཅོག་ལ་འཚམས་འདྲི་ཡོད། བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་ཚོར་སྐུ་ཚེ་རིང་བར་ཤོག

 

༄༅།། རང་དམའ་སར་འཇོག་སྟངས།

 

རང་གིས་གང་ཞིག་སྨྲས་པར་རང་ཉིད་ཀྱིས།། 

མཇུག་ཏུ་དགག་སྒྲུབ་ཚུལ་ལམ་ཐེ་ཚོམ་ཡུལ།།

ཡང་ན་རང་ཉིད་ཧ་ལམ་སྨྱོས་ཡིན་ཞེས།།

སེང་གེའི་གད་རྒྱང་འབའ་སྒྲར་སྙམ་ཕྱིར་ཀྱེ།།

ཐོ་ཐོས། 

 

༄༅།། རྨ་ཆུ་དང་རྒྱ་མཚོ།

 

རྨ་ཆུ་བོད་མིའི་འཐུང་ཆུ།

བཞུར་ས་རྒྱ་མཚོ་ཡིན་ཡང་།

མགོ་ཁུངས་བོད་ཁམས་ཡུལ་རེད།

བོད་པ་ཚང་གི་ཆུ་རེད།

རྒྱ་མཚོའི་ནང་གི་བཅུད་རེད།

 

ཐཽས།

 

༄༅།། སྔོན་མར་འབྲོག་ན་ཡོད་དུས།

 

མཚན་མོའི་སྨག་རུམ་གཏོར་བའི་རྟ་ཕོའི་འཚེར་སྐད་ཀྱིས།། 

རི་སྡེའི་ལྷིང་འཇགས་དཀྲོགས་ཤིང་སྒོ་ཁྱི་ཟུག་ཏུ་བཅུག། 

འབྲོག་མོ་ཡིད་དབང་འཕྲོག་མའི་སྐུ་ཡི་ཀུད་མུ་ད།། 

སེམས་གྲོགས་ཟླ་བ་བྱོན་པས་བརླན་ཞིང་ཚ་བོར་བཞད།། 

 

ཐཽས། ༢༠༢༢-༠༧-༡༩ འདི་ན་ཉིན་མོའོ།

 

༄༅།། སྙན་ངག་ནི་་་

 

མི་རིགས་ཤིག་གི་སེམས་ཤུགས་དང་སྙིང་སྟོབས་ཀྱི་བསང་མེ་འབར་དགོས་ན། སྙན་ངག་ནི་དེ་དག་འབར་བྱེད་ཀྱི་མེ་ཁྱད་པར་བ་ལྟ་བུ་ཡིན་ཏེ།ཕྱིའི་རྒྱལ་ཁབ་མང་བོ་ཞིག་གི་སྲིད་ཕྱོགས་ཀྱི་འཕོ་འགྱུར་ཆེན་མོ་མི་ཉུང་བ་ཞིག་སྙན་ངག་པའི་སྙན་ངག་དང་སྙན་དག་ཀློག་མཁན་གྱི་ཚོར་བ་གཉིས་གཏིང་ཟབ་ས་ནས་ཕྲད་པ་ལས་བྱུང་བ་ཡིན་ཞེས་བརྩམས་ཆོས་དཔྱད་བརྗོད་པ་དེ་ཚོས་དུས་རབས་མི་འདྲ་བའི་ནང་གི་སྙན་ངག་མི་འདྲ་བ་མང་བོ་དྲངས་ཏེ་བདེན་དཔང་བྱས་ཡོད་པ་ཞིག་རེད། འོན་ཀྱང་མི་རིགས་ཤིག་གི་ལ་རྒྱ་དང་རྒྱུལ་ཁབ་ཞིག་གི་དར་རྒུད་བཅས་ལ་ཚོར་བ་ཉམས་པའམ་སྤྱིར་ཚོར་བ་ཟེར་བ་ཞིག་མེད་པ་ལྟ་བུའི་ཆགས་པའི་ཅོལ་ཆུང་གི་མི་རིགས་ཤིག་ལ་མཚོན་ན། གོང་དུ་འགའ་རེས་གླེན་བཤད་བྱེད་ཀི་ཡོད་པ་ནང་བཞིན། སྙན་ངག་ནི་ཅི་ཡང་མ་རེད་དང་སྙན་ངག་ལ་རིན་ཐང་གང་ཡང་མེད་ཚུལ་དང་། འབའ་སྲས་ལགས་ཀྱིས་སྙན་དེབ་ཁང་བ་གང་བརྩམས་ཀྱང་སྙིང་བོ་མི་འདུག་ཅེས་གླེན་གཏམ་སྤེལ་ཆོག 

སྙན་ངག་ནང་དུ་ལྟ་བ་དང་ལངས་ཕྱོགས་མེད་ཀི་ཟེར་བ་དེའི་རིགས་ཀྱིས་སྙན་ངག་བཀླག་མ་ཤེས་པའི་རྐྱེན་གྱིས་ཏེ། ཆོས་དཔེ་མང་བོ་ཞིག་ཀྱང་སྙན་ངག་ནང་དུ་བྲིས་ཡོད་ལ། དེ་དག་གི་ནང་དུ་ལྟ་བ་མེད་ཚེ། གྲུབ་མཐའ་ཟེར་བ་ཞིག་ཀྱང་ཡོད་མ་ཡིན་ཏེ། གྲུབ་མཐའ་མེད་ཚེ། ནང་ཆོས་མེད་སོང་བ་ལྟ་བུའི་ཆགས་སོང་བ་ཞིག་མ་ཡིན་ནམ། དེ་བས་གཞུགས་ཤོས་ནས་གོང་ལྟར་གླེན་བཤད་མི་བྱེད་རོགས་ཞུ། སྐུ་མཁྱེན།གསུང་མཁྱེན། འོན་ཀྱང་རང་ཉིད་གློས་ཡིན་པ་དེ་ཕྱི་ལོགས་སུ་མངོན་དུ་འཇུག་འདོད་ན། མུ་མཐུད་དུ་སྐད་ཆ་དེའི་རིགས་ཤོད་དང་། ང་ཚོས་ཅི་ཡང་མི་སྨྲ་བར་འདུག་ངེས།ཐཽས། ༡༣-༠༧-༢༠༢༢ ལ། སྐད་འཕྲིན་ཚོགས་པ་ཞིག་ན་མི་འགའ་རེས་སྙན་ངག་སྐོར་གླེང་གིན་འདུག་ལ།འགའ་རེས་སྐད་ཆ་ཉན་མི་སྤྲོ་བ་དེ་འདྲ་རེ་བཤད་ཡོང་གི་འདུག དེའི་སྐོར་ལ་རང་གི་སྐབས་དེའི་སྐད་ཅིག་གི་ཚོར་བ་ཙམ་ཞིག་ཡིག་ཐོག་ནས་སྤེལ་བ་དེ་དག་འདི་ལ་བཀོད་ཡིན། ངའང་ནོར་ཡོད་རྒྱུ་རེད། ་་་ ཐཽས།

 

མཆན་དུ་དྲ་གྲོགས་@གཡག་རྒོད་ཀྱིས། 

 

ལྟ་བ་དང་རྟོགས་པ། ཡོན་ཏན་ཁྱད་པར་བ་གང་ཞིག་ཡིན་ནའང་ལུས་ངག་ནས་ཕྱི་ལོགས་སུ་ཐོན་དགོས། དེ་མིན་སེམས་ནས་ཅིག་ཡོད་མདོག་མདོག་བྱེད་མཁན་དག་ནི་དད་པ་དང་དག་སྣང་བྱེད་མཁན་རྣམས་རེད།  འདིའི་རིགས་ནི་བྱེ་བྱག་གི་བཤད་དགོས་པ་ལས་མཐུན་མོང་གིས་ཁས་ལེན་བྱེད་ཐུབ་པའི་ཤེས་བྱ་ཞིག་མིན། སྙན་ངག་དང་རྩོམ་རིགས་གང་ཡིན་ནའང་ངག་རིགས་ཤིག་རེད། འདི་ལ་ནུས་པ་མེད་ཀི་ཟེར་མཁན་དག་གིས་ངག་སྒོའི་ནུས་པ་དང་ཡོན་ཏན་མ་ཤེས་པའི་སྐྱོན་རེད་སྙམ།

 

སེམས་ཀྱི་ནུས་པ་ཡོན་ཏན་གང་ཡིན་རུང་།། 

ལུས་ངག་གཉིས་ནས་ཕྱི་ལ་ཐོན་དགོས་པས།། 

སྙན་ངག་ཡོན་ཏན་ཡོད་མེད་གླེང་མཁན་ལ།། 

རིགས་པའི་རྒྱབ་ལྗོངས་ཡོད་མེད་བརྟག་ན་ཤེས།།

 

༄༅།། ཕྱི་རོལ་རང་བྱུང་ཁམས་ན་ཐོ་ཐོ་སྐྱིད།

 

ལུས་ལ་སྐྱི་སེར་རླུང་གིས་འཇམ་པོས་ཕུར་མཉེ་མཛད།།

སེམས་ལ་མེ་ཏོག་འདབ་མས་མཛེས་སྣང་སྐྱིད་སྣང་བསྟེར།།

ལུས་སེམས་ཚེགས་ཀྱིས་མནར་མེད་ཉིན་དེའི་འགྲུལ་བཞུད་ཁྲོད།།

ཚེ་ལོ་རིང་དུ་བསྲིངས་པའི་ཚོར་བས་བདག་ཉིད་ཚིམས།།

 

ཐཽས། ༢༠༢༢-༠༥-༡༣ ལ།

 

༄༅།། དམག་འཁྲུག་དང་འབྲེལ་བའི་བསམ་ཚུལ།

 

དམག་འཁྲུག་གི་མཇུག་འབྲས་ནི་གྲངས་ཀ་བརྗོད་དཀའ་བའི་བེམ་པོའི་ཚོགས་ཏེ། བཙན་འཛུལ་གྱི་ཁ་གཏད་ལ་འགོག་རྒོལ་ལས་གདམ་ཀ་གཞན་ཞིག་ཡོད་སྲིད་དམ། མགོ་སྒུར་དང་འདྲ་མཉམ་མིན་པའི་གྲོས་ཆོད་ནི་ཕ་རོལ་པ་དེ་ལ་དུས་ཡུན་རིང་བོ་ཞིག་གི་ནང་དུ་དྲག་གནོན་དང་མི་བསད་ཁྲག་སྦྱོར་བྱེད་རྒྱུའི་མཐུན་རྐྱེན་འཇིགས་སུ་རུང་བ་ཞིག་བསྐྲུན་པ་མ་ཡིན་ནམ། གང་ལྟར་ད་ནི་སྔར་ལས་མི་སྐྱིད་པའི་ཚོར་བ་ཞིག་གིས་གདུག་པོ་གཏོང་བཞིན་པའི་ཐོ་ཐོ་ངའི་སེམས་འདི་ནི་ཇེ་སྐྱོ་དང་སྡུག་བསྔལ་ཇེ་ཆེའོ། ཐཽས། 

 

༄༅།། གྲོག་མའི་སེམས་ཚོར།

 

སྲིན་འབུ་གྲོག་མའི་ལུས་ལ་སྐྱེས་པ་སྐྱོ།།

གནས་ཚང་བོད་ན་ཡོད་རྐྱེན་སྐྱོ་དགོས་མེད།།

མཉམ་གནས་ཆིག་སྒྲིལ་ཐོབ་པའི་གནས་སྟངས་འདི།།

ཁ་ཐོར་བོད་མིར་བསྡུར་ཚེ་སེམས་ཤུགས་འབར།།

 

ཐཽས། ༢༠༢༢-༠༧-༡༡

 

༄༅།། གཡང་ལུག

 

བཀའ་དྲིན་ཤིན་ཏུ་ཆེའོ་གཡང་ལུག་ཀྱེ།།

ཁྱེད་ཅག་བོད་མིའི་སྒོ་ཕྱུགས་ཡིན་པར་མཆོད།།

བལ་དཀར་སྤྲིན་པའི་མེ་ཏོག་བཞད་པའི་མདངས།།

བོད་དུ་ལོངས་སུ་མ་སྤྱད་གཅིག་ཀྱང་མེད།།

 

ཐཽས། ༢༠༠-༠༧-༡༢ 

 

༄༅།། འདྲེ་ཐོའི་རེ་བསྐུལ།

 

འཇིགས་རུང་གཡུལ་སའི་གསར་འགྱུར་ཚ་བོ་ཁྲག་དྲོན་རྒྱ་མཚོའི་རླབས།། 

འདྲེ་ཐོའི་སྨྲ་ལྕེའི་རྩེ་ནས་རེ་རེ་ཁྲག་ཐིགས་འཛག་པའི་ཚུལ།། 

རྣ་བ་སྟོང་གི་གསེར་གྱི་སླ་ངར་འཛེམས་མེད་ཟགས་བཅུག་པར།། 

མ་ཎི་ཡིག་དྲུག་བསླངས་ཡིན་བྱམས་བརྩེའི་འོ་མས་བཀྲུས་ཤིག་ཀྱེ།།  

 

ཐཽས། ༢༠༢༢-༠༦-༣༠ ལ།

 

༄༅།། གང་ན་ནོར་འདུག

 

ལྷ་རྣམས་ལྷ་མོར་འཁྱུད་པར་མ་བྱས་ན།།

ལྷ་ཡི་རིགས་རྒྱུད་སྤེལ་བར་གེགས་མིན་ནམ།།

ལྷ་ཡིས་ལྷ་མོར་འཁྱིད་ཅིང་གར་རྩེན་པ།། 

ཅི་ཞིག་མི་འགྲིག་གང་ཞིག་ནོར་འདུག་ཀྱེ།།

 

ལྷ་མཆོད་ཀླུ་མཆོད་བྱེད་སའི་ཡུལ་སྟོང་ཚེ།།

རིགས་རྒྱུད་དངོས་གྲུབ་གནང་མཁན་སུ་ཞིག་ཀྱེ།།

རྡུང་ལེན་ཟློས་གར་ཁོ་ནས་བཟི་གྱུར་པའི།།

བཙུན་པ་བཙུན་མོར་རིགས་རྒྱུད་ཡོད་དམ་ཀྱེ།།

 

གདོང་དམར་བོད་པའི་མི་འབོར་ཇེ་ཉུང་ལགས།།

མི་རིགས་ཆེ་དང་བསྡུར་ཚེ་འགྲན་ཐབས་མེད།།

སྐྱ་སེར་ཡོད་དོ་ཅོག་གིས་ཕ་དང་མའི།།

མཛད་འཕྲིན་གནང་ཡང་ད་དུང་ཉུང་འདུག་ཀྱེ།།

 

བོད་ཁམས་གྲྭ་བ་ཡོངས་ཀྱི་གྲངས་འབོར་དེ།།

ད་ལོའི་དམག་འཁྲུག་ཁྲོད་ནས་སྟོབས་ལྡན་གྱི།།

ཨུར་དམག་ཕམ་པར་རྒྱག་མཁན་ཡཱོ་རེཎ་གྱི།།

དམག་མིའི་གྲངས་ཀའི་ཚད་ལས་བརྒལ་འདུག་བརྗོད།།

 

འདྲེ་ཐོས། ༠༢-༠༦-༢༠༢༢ རྩེ་མཚར་ཡིན། 

 

 

 

烟花与黑暗

 

谁在干缺德之事? 你自己? 我? 或者是他? 那位一心想着点燃烟花的的大人物?

这个世界上有两种烟花!一种只是为提醒人们,美不是永恒的存在,是一瞬,是一刹那间的绽放,如花,如星星,如烟花它本身。而另一种烟花,是为生存而制作的毁灭,利用毁灭来提醒生存的价值。若有人点燃了它,绽放等同于黑暗与毁灭。

……雪山浪子 2022515

 

༄༅།། དུག་སྤང་སྟངས།

 

རང་ལུས་ལྷ་སྐུ་བཞེངས་སའི་དགོན་སྡེར་བསྐྲུན།། 

རང་སེམས་ལྷ་གང་དགོངས་པའི་ཐུགས་སུ་སྙམ།། 

རང་ཉིད་རང་གིས་བདེ་བའི་ཞིང་ཁམས་སུ།། 

རང་སྟེང་ཉོན་མོངས་དྲེག་པ་སྤངས་ཤིང་ཁོད།། 

 

ཅེས་འདྲེ་ལི་ཐོ་ཐོས། བདེ་བ་དང་ལྷང་འཇགས་འཚོལ་བའི་ཐབས་ལམ་དེ་མི་རྣམས་ལ་ཕན་ཕྱིར་ཚིགས་སུ་བཅད་དེ་འདི་ལ་བཀོད་པ་དགེའོ། 

 

༄༅།།  ཕན་ས་སུ།༽

 

ཁྱོད་ཀྱི་ཁ་དེ་ཆེ་དྲགས་ཞེས། 

ཁོ་ཡི་སྣ་དེ་ལེབ་དྲགས་ཞེས། 

དེ་ཡི་ངོ་དེ་བཙོག་དྲགས་ཞེས། 

འཛིང་རེས་མ་བྱེད་གྲོགས་གཅེས་ཚོ། 

 

ང་བཟང་ཁྱོད་ངན་དེ་ཡང་ངན། 

ང་ཡག་ཁྱོད་བཙོག་དེ་ཡང་བཙོག 

ང་མཁས་ཁྱོད་བླུན་དེ་ཡང་བླུན། 

རང་ལྟ་མཆོག་འཛིན་དོར་རྒྱུ་བྱོས། 

 

ཡག་ཀྱང་བཙོག་ཀྱང་པགས་པ་ཙམ། 

མཁས་ཀྱང་བླུན་ཡང་རྒྱལ་འཇིགས་བྲན། 

བཟང་ཡང་ངན་ཡང་རིགས་གཅིག་སྤུན། 

ནང་ཁུངས་འཁྲུགས་ན་སུ་ལ་ཕན། 

 

བླ་མ་དེ་དང་གྲུབ་མཐའ་འདི། 

ཆོལ་ཁ་འདིའམ་དེ་ཞེས་ནས། 

གཅིག་གིས་གཅིག་ལ་དམའ་འབེབས་དང་། 

ནག་བཟོ་བྱས་ན་ཕན་ས་སུ། 

 

ཐཽས། གསར་འགྱུར་གླིང་དུ་བྲིས་པ་ཞིག 

༢༠༢༢.༠༥.༡༠ ལ།

 

༄༅།། ར་ཞིག་ཡིན་ཡང་བདེ་བར་འདོད།

 

ང་ཚོས་དུད་འགྲོ་ཞེས་ནས་སེམས་ཅན་རིགས

ཤིན་ཏུ་དམའ་སར་འཇོག་ཅིང་དམའ་འབེབས་བྱེད།།

ཁོང་ཚོའི་མིག་ལ་ང་ཚོ་དུད་འགྲོ་སྟེ།།

ཤ་ཟ་ཁྲག་འཐུང་བྱེད་པའི་སྲིན་པོའི་ཚོགས།།

 

མ་གྱུར་འགྲོ་བ་སེམས་ཅན་བཟླས་བརྗོད་ཞོར།།

རང་ལྟ་མཆོག་འཛིན་རང་རྒྱལ་གཞན་ཕམ་གྱི།།

གཤིས་ཀ་རྩུབ་མོ་བསམ་སྦྱོར་ཐ་ཤལ་བར།།

གོ་ལ་ཟླུམ་པོས་དགའ་བསུ་ཐོབ་མི་བྱ།།

 

མི་ཞིག་ཡིན་པས་ལྷག་བསམ་ཐན་ཐུན་རེ།།

ཅིའི་ཕྱིར་ཁྱེད་ལ་རི་བོང་རྭ་ལ་ཆགས།།

ར་ཞིག་ཡིན་ཡང་བདེ་བ་འདོད་པ་དེ།།

མི་ཞིག་ཡིན་པས་གོ་བར་གྱིས་ཤིག་ལགས།།

 

ཞེས་ཐོ་ཐོས་རྩེ་མཚར་གྱིས་དྲྭ་གྲོགས་ར་མའི་སྐོར་གླེང་མཁན་དེ་ལའོ། ༢༠༢༢-༠༥-༠༤ ལ།

 

༄༅།། ཁྱེད་ནི་བར་དོར་གནས་ཀྱང་ཕྱིར་ཕེབས་རོགས།།

 

ཤར་གྱི་ལྕགས་རིར་བརྒལ་བའི་དྲག་རླུང་གིས།།

ཁྲག་དང་ཁྲག་དྲིར་བརྔན་པའི་དྲག་ཆར་དེ།།

ང་ལ་བཙན་འཛུལ་བྱེད་དུ་བཏང་བའི་མཐར།།

ང་ནི་མཐོ་སྒང་འདི་ནས་ཕམ་སོང་ཀྱེ།།

 

ང་ཡི་ཚེ་སྲོག་དང་ནི་བེམ་པོ་བཅས།།

ངེད་ཅག་མཐོ་སྒང་འདི་དང་བྲལ་བཅུག་ཀྱང་།།

ངས་ནི་མགོ་རུས་རྭ་རྩེའི་བར་དབུས་སུ།།

ང་ཚོའི་རྒྱལ་ཁམས་ཆ་ཤས་བསྲུངས་བཅུག་ཡོད།།

 

ང་ནི་མཐོ་སྒང་འདི་ཡི་བདག་པོ་ལགས།།

ཁྱེད་ཀྱང་དེ་བཞིན་འདི་ཡི་བདག་པོ་སྟེ།།

འདི་ཉིད་བསྲུང་ཕྱིར་རྒྱལ་ཕྱིར་སླར་གསོའི་ཕྱིར།།

ཁྱེད་ནི་བར་དོར་གནས་ཀྱང་ཕྱིར་ཕེབས་རོགས།།

 

ཐཽས། ༢༠༢༢-༡༡-༡༡ ཉིན།

 

Slava Ukraine 

 

当记忆在蹒跚的步伐下

掉进时间的皱纹里时

也只能拿一些往日的图片来

提醒自己曾经年轻过一段时间

 

只是曾经和现在

依旧是个胆小怕事的懦夫

 

脚下依然是异乡的土地

心里仍旧是满满的希望

头发与满脸的胡须

白的再也不能白

 

俄乌局势依然紧张

很多保家卫国的英雄

正在用生命换取自由

她与他们活的潇洒

死的光荣 Slava Ukraine 

 

浪子 2022-11-24

 

༄༅།། མདེའུ་དང་ཁ་བའི་ཟེགས་མ།

 

ཁ་བ་ཁ་བ་ཅན་གྱི་ཁ་བ་བཞིན།།

ཁྲག་གི་ཐིགས་པས་ཀྱེ་ཧུད་མི་འཛིན་རོགས།།

ཁྱེད་ཚོའི་ཁ་བའི་ཟེགས་མ་རེ་རེ་དེས།།

མདེའུ་རེ་རེའི་ངར་ཤུགས་འཇོགས་པར་སྨོན།།

 

 

ཐཽས། 2022-11-23

 

༄༅།། སེམས་ཚོར་དང་མཚན།

 

སེང་གེས་འབྲུག་ལ་རྩེན་པའི་འདུན་པ་བརླགས།།

གངས་བུ་འབྲུག་ལས་རྒྱལ་བར་རེ་སྒུག་བྱས།།

ཤེས་བྱའི་རྒྱ་མཚོར་མཁྱེན་དཔྱོད་ལྡན་པ་ཞིག།

བཀྲ་ཤིས་དར་རྒྱས་གཙོ་བྱས་བྱོན་པར་སྨོན།།

 

ཐོ་ཐོས།

 

༄༅།། སེང་གེ་དང་དཔྱིད་ལུག

 

གངས་སེང་དཀར་མོ་ཡོད་ཀྱང་མེད་ཀྱང་རུང་།། 

ད་ལྟའི་དཔྱིད་ལུག་ལྟ་བུའི་གནས་སྟངས་འདི།། 

སེང་གེ་གངས་རིར་འགྱིང་བ་ཇི་བཞིན་གྱི།། 

རྣམ་པ་དེ་འདྲར་གྱུར་ན་དགའམ་ཀྱེ།།

 

རང་ཉིད་མི་རིགས་གང་གི་ཁུངས་གཏོགས་སམ།། 

ཡང་ན་རྒྱལ་ཁབ་སུ་ཡི་འབངས་ཡིན་མིན།། 

བསམ་བློ་གཏོང་མྱོང་ཡོད་དམ་དྲ་འབུའི་ཚོགས།། 

ངེད་ཅག་འཁྱམས་པོ་ཡིན་མོད་གཡོག་ཁྱུ་མིན།།

 

གཙང་བོའི་མགོའམ་འབྱུང་ས་ནམ་ཞིག་བྱུང་།། 

གཙང་བོ་ཁོ་ནར་དཔྱད་ཚེ་དཔྱད་གཞིའི་ཡུལ།།  

གང་ལྟར་ཀུན་གྱིས་གཙང་བོ་བསྲུང་བྱས་ནས།། 

རྒྱ་མཚོའི་དཀྱིལ་དུ་འབབ་པར་བརྩོན་རྒྱུ་གཙོ།།

 

སྐད་དང་ཡི་གེ་མེད་སའི་མི་རིགས་ཉུང་།། 

ཡི་གེ་ནམ་ཞིག་དར་བ་ཡིན་མིན་སྐོར།། 

སྐབས་རེར་གླེང་བར་བྱ་བའི་ཡུལ་གྱུར་ཀྱང་།། 

གཙོ་བོ་རང་སྐད་རང་ཡིག་སྦྱང་རྒྱུ་ལགས།།

 

 

ཐཽས།

 

 

༄༅།། ད་ལོའི་ཡོང་འབབ་ལེགས།

 

ངས་ཀྱང་རྩིས་འཕྲུལ་མཛུབ་གནོན་གར་སྟེགས་སྟེང་།། 

སོར་མོ་གར་ལ་རྩེན་པའི་འཁྲབ་རྩལ་དེས།།

འཛམ་གླིང་ཚོང་ར་དྲྭ་རྒྱའི་དངུལ་མཛོད་དུ།།

གྲངས་གནས་དྲུག་ཅན་དབང་དུ་བསྡུས་པ་མང་།།

 

ངས་ཀྱང་གཟུགས་པོའི་ཆ་ཤས་མཛུབ་མོ་ལ།།

རིག་པའི་དབང་རྩས་རམ་འདེགས་བྱས་པར་བརྟེན།།

དངུལ་ལོ་སྟོན་གྱི་སྡོང་ལོ་ཟགས་པ་བཞིན།།

ད་ལོའི་སྟོན་དུས་ཡོང་འབབ་ཤིན་ཏུ་ལེགས།།

 

ཐཽས།

 

༄༅།། ཐོ་ཐོས་བུམ་པའི་སྐོར་གླེང་བ།

 

བུམ་པ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར།  

 

འདིར་བྱས་པ་སྟེ། ཡུལ་གང་རུང་བ་ཞིག་གམ་རྒྱུ་གང་རུང་བ་ཞིག་ལ་བརྟེན་ནས་དེའི་རྣམ་པ་བསྒྱུར་པའམ། དེ་ལས་ཆོས་གསར་པ་ཞིག་འབྱུང་བར་བྱེད་པའམ་འབྲས་བུ་གང་རུང་ཞིག་སྨིན་པར་བཅུག་ཡོད་པ་དེ་ལ་བྱས་པ་སྟེ། རྒྱུ་རྐྱེན་སྣ་ཚོགས་རང་བཞིན་གྱིས་འདུས་ནས་དང་། རང་བཞིན་གྱིས་མ་ཡིན་པར། མིའི་རིགས་གཙོ་བོ་བྱས་པའི་སེམས་ཅན་རིགས་མི་འདྲ་བའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་སྟེ། བྱ་བ་དེ་ཉིད་བྱེད་པའི་ཡུལ་ལས་བྱུང་བའི་བྱས་པའམ་འདུས་བྱས་ཀྱི་ཚོགས་ལས་གྲུབ་པའི་ཕུང་བོ་དེར་ཧ་ལམ་བྱས་པའམ་འདུས་བྱས་ཞེས་བརྗོད་ཀི་ཡོད་པ་དེ་ང་ཚོས་ནམ་རྒྱུན་མ་ཎི་བགྲེང་བཞིན་མཁས་པ་ཡིན་མིན་ཆ་ཚང་གིས་སྨྲ་བཞིན་པ་ཞིག་མ་རེད་དམ། དེས་ན། བྱས་པ་མ་ཡིན་པའམ་རྟག་པའི་ཡུལ་དུ་གང་ཞིག་བཞག་ཡོད་ནི་རེད་ཅེས་སྐད་ཆ་དྲི་བ་ཞིག་འདྲི་འདོད་སོང་།གལ་སྲིད་རྒྱུན་ལྡན་དུ་བཤད་ཀི་ཡོད་པ་ནང་བཞིན། རྟག་པ་ཡོད་དེ། ནམ་མཁའ་ལྟ་བུའོ་ཞེས་འཆད་ཡོང་ཚེ། ནམ་མཁའ་ཟེེར་བ་དེ་ནི་རྟག་པ་བཀོད་པའི་མཚན་ཉིད་ཇི་བཞིན་དེ་ནི་འཇིགས་པ་མེད་ཅིང་རྟག་ཏུ་བརྟན་པ་ཞིག་དང་། རྒྱུའམ་རྐྱེན་གང་རུང་ལ་བརྟེན་ནས་ཆགས་པའམ་གྲུབ་པ་མིན་པ་ཞིག་ཡིན་དགོས་པ་ཞིག་མ་རེད་དམ། འོན་ཀྱང་ནམ་མཁའ་ལ་བསྒྲིབ་རྒྱུ་ཡོད་པ་དེ་དཔེར་ན། མི་ཁྱེད་རང་ཉིད་ཀྱི་གཟུགས་དེའི་འགུལ་སྐྱོད་ཀྱི་ཁྲོད་ན། ལྟོས་བཞག་གིས་བར་སྟོང་ངམ་སྟོང་ཁམས། ཡང་ན་ཁྱེད་ཉིད་གནས་སའི་གོ་ལ་དང་འབྲེལ་ཚེ། ནམ་མཁའ་ཡིན་པའི་ཆ་ཤས་རེ་ཁྱེད་ཀྱི་གཟུགས་པོས་སྒྲིབ་བཞིན་དང་བསྒྲིབས་ནས་བར་སྟོང་དེ་འགྱུར་པའི་རང་བཞིན་ཅན་དང་རྟག་བརྟན་དུ་སྟོང་ཁམས་ངང་གནས་མི་ཐུབ་པ་ཞིག་ཡིན་པ་དེ་མཚོན་ཡོད་པ་ཞིག་མ་རེད་དམ། དེ་དེ་བཞིན་གཟུགས་ཕུང་གི་ཆེ་ཆུང་ཙམ་ཞིག་གིས་ནམ་མཁའ་ཞེས་པའི་སྟོང་ཁམས་དེ་བསྒྲིབ་ཐུབ་མིན་གྱི་ཁྱད་པར་ཙམ་ལས། ནམ་མཁའ་དེར་བསྒྲིབ་རྒྱུ་ཡོད་པ།འཇིགས་རྒྱུའང་ཡོད་དེ། གོ་ལ་གསར་པ་རེ་བྱུང་ཚེ། དེའི་རྒྱ་ཁྱོན་དང་འདྲ་མཚུངས་ཀྱི་མཁའ་བར་དེ་འཇིགས་སོང་བ་དང་གཅིགས་མཚུངས་སུ་འདོད་དོ། ཐོ་ཐོའི་བསམ་ཚུལ། གཞན་མི་སུས་ཀྱང་མ་

བསམས་པའི་བསམ་ཚུལ་ཞིག་བརྗོད་འདོད་སོང་། གང་ཡིན་ཞེ་ན། ང་ཚོས་མཐོང་བསྡད་པའི་དང་། ཚན་རིག་པ་ཚོས་རྒྱང་ཤེལ་ལས་མཐོང་གིན་ཡོད་པའི་བར་སྣང་། ཡང་ན་ནམ་མཁའ། ཡང་ན་སྟོང་ཁམས་དང་། དེ་ལ་གནས་པའི་གོ་ལའམ་སྐར་རྡོ་སྣ་ཚོགས་པ་དེ་དག་ཡོངས་སུ་རྫོགས་པའི་མཐའ་འཁོར་ན་ནམ་མཁའ་གཞན་ཞིག་ཀྱང་ཡོད་སྲིད་པ་རེད་ཅེས་དང་། ང་ཚོ་དང་ཚན་རིག་པ་དེ་ཚོས་རྒྱང་ཤེལ་ལས་མཐོང་བ་ཡོངས་རྫོགས་ཀྱི་མཐའ་དེ་ནུས་ཤུགས་ཤིན་ཏུ་ནས་ཤིན་ཏུ་ཆེ་བའི་སྟེ། གློག་གི་ཤུགས་དང་བསྡུར་ནས་བཤད་ན། གྲངས་མེད་པའི་Wattage瓦数ཚད་ལ་བསྙེགས་པའི་དབུགས་སྒང་ཁྱད་པར་བ་ཞིག་གིས་བསྟུམས་ཡོད་ཤས་ཆེ། གང་ལྟར་ནམ

མཁའ་རྟག་པ་ཡིན་དང་རེད་ཅེས་རྟག་བརྟན་དུ་འཇོག་གི་ཡོད་པ་དེ་ནི། ང་ཚོས་ནམ་མཁའ་མ་མཁྱེན་པའི་རྒྱུ་མཚན་གྱིསོ། ཞེས་ཧབ་ཆ་ཐེངས་ཤིག་འདོད་སོང་། ཐོ་ཐོས། 2022-12-20

 

 

 

༄༅།། ཁོང་ཚང་ཧ་ལམ་འདི་འདྲ་ཡིན་པ་འདྲ། 

 

ཁོང་གིས་སྒྱུ་རྩལ་ལ་ལྟ་སྟངས་ནི་ང་ཚོས་ཡོངས་གྲགས་སུ་བཤད་ཀྱིན་ཡོད་པའི་སྒྱུ་རྩལ་ལ་རྒྱལ་མཚམས་མེད་ཟེར་བའི་སྒྱུ་རྩལ་དེ་ཙམ་མ་ཡིན་པར། སྒྱུ་རྩལ་དེ་མི་རིགས་སུའི་ཡིན་པ་གང་ཞིག་ལ། དེ་ཉིད་ཀྱིས་མི་རིགས་དེ་ལ་ཞབས་ཞུ་བསྒྲུབ་དགོས་པ་གཙོ་བོར་དགོངས་ཡོད་ཅིང་།དེ་ལྟར་བསྒྲུབས་ཀྱང་ཡོད་ལ། དེ་ལྟར་སྒྲུབ་ཞོར་དུ་ཁོང་གི་མི་ཚེའི་མཇུག་དེའང་དེ་ལྟར་རྫོགས་སོང་བ་ཞིག་ལགས། ཁོང་གིས་མི་རིགས་འདི་ལ་དང་ཁོང་ལ་དགའ་མོས་ཡོད་པའི་རྒྱལ་ཁབ་གཞན་དང་མི་རིགས་གཞན་མང་བོ་ཞིག་ལ། མི་རིགས་འདིའི་རྡུང་ལེན་སྒྱུ་རྩལ་གྱི་ལམ་ནས་མི་རིགས་འདིའི་འདས་མ་ད་གསུམ་དང་འབྲེལ་བའི་དར་རྒུད་དང་མ་འོངས་པར་བཅངས་པའི་རེ་བ་དང་ཚོད་དཔག་བཅས་སྦ་གསང་མེད་པར་རྡུང་ལེན་སྒྱུ་རྩལ་དང་སྦྱར་ཏེ་དམར་རྗེན་རྗེན་དུ་མངོན་དུ་བཅུག་ཡོད་དོ།

ཁོང་ཚང་འདས་རག་བར་དུ་པི་ཝང་དང་འབྲལ་མྱོང་མེད་ཅིང་། ཁོང་ལ་མཚོན་ན་པི་ཝང་ནི་མི་རིགས་འདི་ཉིད་དེ། པི་ཝང་སྟེང་གི་སྐུད་པ་རེ་རེ་ནི་མི་རིགས་འདིའི་ཁྲག་རྩ་རེ་རེ་དང་། མི་རིགས་འདིའི་སྐྱིད་སྡུག་དང་གནས་སྟངས་བཅས་རྗོད་བྱེད་ཀྱི་ངག་སྒོ་རེ་རེར་དགོངས་ཡོད། ཁོང་གི་ཐུགས་ལ། ཁོང་རང་ཉིད་བཟི་བའི་སྐབས་སུ་མི་རིགས་འདི་སད་ཡོད་པ་འདྲ། ཁོང་སད་པའི་དུས་དེར་མི་རིགས་འདི་བཟི་ཡོད་པ་དང་གཉིད་ཡོད་པ་འདྲ་བའི་ཚོར་སྣང་ཆེན་པོ་ཞིག་གིས། ཁོང་གི་མི་ཚེའི་མཇུག་དེ་སྒྱུ་རྩལ་དང་ཨ་རག་གཉིས་ཀྱི་བར་ནས་ཕན་ཚུན་རམ་འདེགས་ཀྱིས་ཚུལ་དུ་རྫོགས་བཅུག་ཡོད་ལ། ཁོར་ཡུག་བཙན་པོ་ཞིག་གི་དབང་གིས་ཀྱང་སྐབས་རེ་ལ་བཟི་མེད་ཀྱང་བཟི་མདོག་དང་། སྨྱོས་མེད་ཀྱང་སྨྱོ་རྟགས་དང་། སད་ཡོད་ཀྱང་ཉལ་ས་ལྷུང་བསྡད་པའི་ཉམས་དང་རྣམ་འགྱུར་བཅས་བསྟན་ཏེ། འཚོ་དགོས་པ་དེའང་མི་རིགས་འདིའི་ད་ལྟའི་ལས་དབང་ཞིག་ཡིན་པ་འདྲའོ། ཐཽས། 2022-12-25

 

《牧民与草原》

 

牧民从草原赶到城市或城镇后,等于是给牲口判了刑,也给草原切断了养育新生命的来源及肥料。草原和牲口是相互依赖的。主人被赶出之后,牲口也被赶到饲养场。饲养场对牲口来讲,就是监狱了。进了饲养场的每一个牲口都是被判了死刑的囚犯。囚犯的伙食就成了饲料,就是没有选择。

有一天,为了让人类有肉吃,饲养场里的牲口被一一执行死刑,然后把它们的被塑料养肥的肉带到市场上,让人们去品尝。我认为人类是食尸族,活着的被变成尸体之后,在进行切割后,销售到市场或自己来吃。

但因为自从牲口的主人被赶到城市或城镇之后,人类就是吃不到有机肉食。但人类必须要吃肉吗?不吃不行吗?或者是少吃一点不行吗?你吃到嘴里的每一块肉片几乎都是一个个体的生命,你难道没有想过吗?…….   浪子 2022-12-27

 

༄༅།། བོད་མིས་རྩམ་པ་ཟ་སྟངས།

 

ཁ་འདོད་རྔམས་དང་མཉམ་དུ་ཆེ་ཆེར་གདངས། མིག་ཧང་སང་མདོག་གིས་ཅེར། ཡང་ན་ཆ་རྒྱུས་ཆེན་པོ་ཡོད་མདོག་གིས་བལྟས། འོན་ཀྱང་ཁས་རོལ་མྱོང་ཙམ་བྱས་ལས། དེའི་སྔ་རོལ་དུ་གཤོག་པ་ཐོགས་ཏེ། འཕུར་ཚར་བ་ནི་བསམ་བློ་དང་དཔྱོད་ཤེས། ཟས་རིགས་གཞན་གྱི་སྟེང་། ཟ་མ་གཞན་ཞིག་ཟ་བར་འདོད་པའི་འདོད་རྔམས་དང་མཉམ་དུ། ཡིན་ནའང་ཟ་མ་གཞན་དེ་ཚོའི་བྲོ་བ་དང་རིགས་རྩམ་པ་དང་མི་འདྲ་བ་དེའི་སྐོར་ཤེས་བ་ཙམ་ལས།དེ་དག་གི་ཕན་ནུས། གྲུབ་སྟངས། འབྱུང་ཚུལ། འབྱུང་ཡུལ་བཅས་རྩ་བ་ནས་ཤེས་ན་འདོད་ཀི་མེད་ཅིང་། དེ་དག་ཀྱང་ཁ་གདངས་མིག་ཅེར་ནས་ཟ་རྒྱུ་ཙམ་ལས་དེ་དག་གི་སྐོར་ལ་དཔྱོད་ཤེས་ཀྱི་བསམ་བློ་ཅི་ཡང་མེད་པ་དེ་ལྟ་བུ་ཞིག་སྟེ། དཔེར་ན་བོད་མི་ཚོས་རྩམ་པ་ཟོས་པ་ལྟར། ལོ་བརྒྱ་ལོན་ཡང་རྩམ་པ་དེ་ཁ་གདངས་མིག་ཅེེར་ནས་ཟ་རྒྱུ་ཙམ་ལས་ དེའི་ནང་དུ་ལུས་ཁམས་གསོ་བྱེད་ཀྱི་བཅུད་གང་གང་ཡོད་པ་སྟེ། རྩམ་པའི་ཕན་ནུས་དང་ཇི་ལྟར་ཕན་ཕན་གི་ཡོད་པ། ཅིའི་ཕྱིར་ཕན་པ། ཡང་ན་རྩམ་པ་ལ་ནས་རྩམ་དང་སྲན་རྩམ་མ་གཏོགས་པའི་འབྲུ་རིགས་གཞན་པ་བརྔོས་ནས་ཡོངས་གྲགས་ཀྱི་རྩམ་པ་ལྟར་ཟ་ཆོག་མིན་བཅས་ཀྱི་སྐོར་ལ་བསམ་བློ་ནས་འབྲུ་ཙམ་ཡང་གཏོང་གི་མེད་པའམ

གཏོང་རྒྱུར་གོམས་གཤིས་མེད་པ། གཏོང་རྒྱུར་སྤྲོ་བ་མེད་པ། གཏོང་དགོས་པ་དེ་མི་ཤེས་པའམ་བློ་ལ་མི་འཆར་བ། ཡང་ན་ལེ་ལོའི་དབང་དུ་འགྲོ་བཅུག་སྟེ་ཡིད་ནས་དོར་བར་བྱེད་པ་བཅས་ནི་ང་ཚོ་བོད་མི་རིགས་འདིའི་རྩམ་པ་ཟ་སྟངས་ཤིག་མ་རེད་དམ། དེ་དེ་བཞིན་དུ་ང་ཚོའི་མི་རིགས་འདི་དེང་རབས་ཀྱི་འཚོ་བ་དང་འབྲེལ་ཚེ། གཞན་གྱིས་གང་བསྐྲུན་པ་དེ་ལ་ལོངས་སྤྱོད་བྱེད་རྒྱུ་ཁོ་ན་མ་གཏོགས། དེ་དང་འབྲེལ་བའི་ཤེས་ཡོན་ལ་སྣང་མེད་དང་། དེ་དག་སྦྱང་བྱ་ཞིག་ཏུ་མི་འདོད་པ་དང་མི་ཤེས་པར། ང་དང་ངའི་མི་རིགས་ཀྱི་རིག་གཞུང་ལ་དེང་རབས་དང་འབྲེལ་བ་མེད་མདོག་མདོག་གི་རྣམ་འགྱུར་བསྟན་ཏེ། རང་ཉིད་རྗེས་ལུས་དང་གླེན་རྟགས་ཀྱི་བསམ་བློ་ཤིག་གིས་བཅིངས་ཡོད་པ་ལས་ཐར་ཐུབ་ཀི་མེད་པ་དེ་ཚོར་མེད་ཡིན་པ་འདྲ། སཱ་ལམ་གྱི་ཁ་བརྡ་དང་འབྲེལ་བའི་ཐོ་ཐོའི་བསམ་ཚུལ།  2022-12-29  

 

༄༅།། ཁྲིམས་ཟེར་བ་དེ་་་་

 

གན་ངྷིས་དབྱེན་ཇིའི་ཁྲིམས་དེ་ཁྲིམས་འགལ་དུ་དགོངས་ཏེ། ཁྲིམས་དེས་བཅིངས་པའི་མི་སེར་བྱེད་མ་འདོད་ན། ང་ཚོའམ་ཡཱོཁཱུརེཎ་རྒྱལ་ཁབ་ཀྱི་འབངས་མིས་ཀྱང་ཨུ་རུ་སི་ལྟ་བུའི་སྒེར་གཅོད་དང་མི་སེར་རིག་གཞུང་བཅས་རྫ་རྫོགས་བྱེད་རྒྱུར་དམིགས་ཤིང་གཏན་འབེབས་བྱས་པའི་ཁྲིམས་དང་སྲིད་ཇུས་སྣ་ཚོགས་དེ་དག་འདྲ་མཉམ་དང་དྲང་བདེན་མེད་པའི་ཁྲིམས་ལ་བསམས་ཤིང་དེ་ལས་འབྲལ་བར་འདོད་ན་ནོར་སོང་བའི་བསམ་བློ་ཞིག་གིས་བསྐུལ་མའི་འོག་ནས་འཁྱོགས་བསྡད་པའི་ལམ་ཁ་ཞིག་ཏུ་གོམ་པ་སྤོས་སོང་རེད་དམ། བྱ་སྤྱོད་དེ་དང་བསམ་བློ་དེ་ལྟར་ལྡན་ཚེ། ཁྲིམས་མེད་ལུགས་མེད་ཅན་གྱི་མི་ལ་ཆགས་ཚར་བ་ཞིག་རེད་དམ། ང་ཚོས་ཁྲིམས་ཟེར་བ་དེ་བསྲུང་རྒྱུ་ཡིན་ནམ། ཁྲིམས་དེ་ལ་སྲུང་བརྩི་བྱེད་མཁན་གྱི་འགྲོ་བ་མིའི་རིགས་བཅས་ཁྲིམས་དེས་བསྲུང་བྱའི་ཡུལ་དུ་ཆགས་པའི་བསྲུང་བྱ་དེ་དག་བསྲུང་རྒྱུ་ཡིན། ཆུང་ས་ནས་རྩི་ཤིང་དང་འབའ་འབུ། དེ་ནས་སེམས་ཅན་དུད་འགྲོའི་རིགས་དང་མིའི་རིགས། དེ་ནས་ང་ཚོ་གནས་སའི་གོ་ལ་འདི་ཉིད་དང་གོ་ལ་འདིའི་བར་སྣང་གི་བདེ་འཇགས་བཅས་བསྲུང་རྒྱུ་ཡིན། ང་ཚོས་བསྲུང་དགོས་པ་དེ་གཏན་འབེབས་བྱས་ཚར་པའི་དྲང་བདེན་དང་འདྲ་མཉམ་མིན་པའི་ཐོག གནོད་པ་དང་ཕམ་ཁ། གྱོང་རྒུད་བཅས་བཟོ་བཞིན་པའི་སྒེར་གཅོད་པས་སྒེར་གཅོད་ཕྱིར་བཟོས་པའི་ཁྲིམས་དེའི་རིགས་ཡིན་ནམ། ང་ཚོ་ཁྲིམས་ཀྱིས་བསྲུངས་མྱོང་ཡོད་དམ། སྲུང་བཞིན་ཡོད་དམ། ཁྲིམས་ལ་གཏན་འབེབས་བྱས་པའི་ཁྲིམས་ལུགས་དེའི་སྐོར་འབངས་ཡོངས་ཀྱི་བསམ་ཚུལ་དང་གནས་སྟངས་བཅས་ལ་བསམས་ཤིང་བཟོས་པ་ཞིག་རེད་དམ། ཡང་ན་མི་གྲངས་ཉུང་ཉུང་ཞིག་གིས་མི་གྲངས་མང་བོ་ཞིག་ལ་དབང་སྒྱུར་དང་གཉའ་གནོན་ཕྱིར། སྒེར་གཅོད་རང་བཞིན་ཅན་གྱི་གཡོ་སྒྱུས་ཁེངས་པའི་ཐབས་ལམ་བཙན་པོ་ཞིག་ལ། སྲིད་དབང་དང་ནག་ཚོགས་ལྟ་བུའི་དྲག་ཆས་ལྡན་པའི་དམག་དཔུང་དང་ཉེན་རྟོག་སྡེ་ཁག་བཅས་བེད་སྤྱད་དེ་ཁྲིམས་ཀྱི་རྣ་ཙོར་བཏགས་པ་ཞིག་རེད། ང་ཚོས་ཁྲིམས་བསྲུང་དགོས་པ་ཞིག་རེད་དམ། ཁྲིམས་ཀྱིས་ང་ཚོ་བསྲུང་དགོས་པ་ཞིག་རེད། ང་ཚོས་སྲུང་བརྩི་བྱེད་བཞིན་པའི་ཁྲིམས་དེས་ང་ཚོ་དང་ང་ཚོའི་བསྲུང་བྱ་ཡིན་པའི་བསམ་བློ་དང་དངོས་པོ། གང་ཟག་བཅས་སྲུང་གི་ཡོད་དམ། བསྲུངས་མྱོང་ཡོད་དམ། སྲུང་ཚུལ་དེ་འགྲིག་གམ།སྲུང་སྟངས་དེས་ཕན་ནམ། འདི་དག་དྲི་བ་ཡིན་ལ་བསམ་གཞིགས་བྱེད་སའི་ཡུལ་དུའང་ཉར་ཆོག གལ་སྲིད་ཁྱེད་ནི་ཁྲིམས་ཟེར་བར་དོ་སྣང་ཡོད་དང་དོ་སྣང་བྱེད་རྒྱུ་ཡིན་ཟེར་ན། ད་བདེ་མོ། ཐོ་ཐོའི་བསམ་ཚུལ། 2022-12-29 

 

《圣诞树与俄乌战争》

 

俄罗斯方面,依然像去年一样(2019),美丽的圣诞树被千万种灯泡的点缀下,在他们国家的很多城市闪闪发光。但人们的情绪好像不是特别好,多数人在对战争的越来越厌恶和在战争中的很多失败场面下,人心惶惶。

乌克兰方面,那些去年在地上的圣诞树,今年不得不搬到地下。但这些圣诞树像在俄乌战场上的那些站着的同时让敌人倒下去的英雄们那样,正在撕破着每一寸土地上的每一层黑暗。他们既是乌克兰人民的圣诞树,也是保护乌克兰国家的屹立不倒的军人,警察和民众本人和来自各个国家的志愿者。 光荣属于乌克兰!浪子 2022-12-19

 

 ༄༅།། དཀྲོག་གཏམ་ཟེར་བ།

 

མི་རིགས་ཤིག་གི་རང་དབང་དེ་མེ་མདའི་ཁ་ནས་ཤོར་བའམ་མེ་མདའི་ཁ་གཏད་དེ་འཕྲོགས་སོང་བ་དེ་ལ་བཅངས་པའི་ཞེ་འཁོན་དེ་མེ་མདའ་ཁོ་ན་སྤྱད་དེ་ཕྱིར་ལེན་དགོས་པ་ཞིག་མ་ཡིན་པར། དཀྲོག་གཏམ་དང་དོན་དངོས་གཉིས་དུས་མཉམ་དང་དུས་སྔ་ཕྱིའི་ངང་སྒྲག་བཟོ་བྱེད་ཐུབ་ན། དེའི་རིགས་ལ་སྐབས་སྐབས་སུ་དགྲ་ཕྱོགས་ལ་མེ་ཤུགས་འཕུར་མདའ་གཅིག་བརྒྱབ་པ་ལས་ཀྱང་འབྲས་བུ་ཐོན་ཐུབ། དེ་ཡིན་པས་ན།གང་ན་ཞེ་འཁོན་དང་གང་ལ་སྡང་སེམས་ཡོད་ཚེ། དེ་ན་དཀྲོག་གཏམ་དང་དོན་དངོས་གཉིས་ཀྱིས་ཕན་ཚུན་ལ་རམ་འདེགས་ཀྱི་ཚུལ་དུ་ཡོད་སྲིད་ལ་ཡོད་དགོས་ཤིག་ཀྱང་ཡིན་ནོ། མདོར་ན་བསམ་ཚུལ་ཙམ་འདི་ནི་གོང་གི་པར་དེ་དང་འབྲེལ་ཏེ་ཐོན་པ་ཞིག གང་ལྟར་དཀྲོག་གཏམ་ཟེར་བ་འདི་ནི་བསམ་བློ་ལ་ཁ་གཏད་བྱེད་པའི་ལག་ཆ་ཞིག་སྟེ། མེ་མདས་མི་རྒྱོབ་ས་དང་མི་འགྲོ་མི་ཐུབ་ཡུལ་དང་མི་ཚོགས་ཁྲོད་བཀོལ་རིན་ཡོད་པའི་ལག་ཆ་སུས་ཀྱང་བཟོ་ཐུབ་པ་ཞིག ཐཽས། 2022-12-17

评论

此博客中的热门博文

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

If I were Trump, I would say something like this: