Gyalpo Tamding A collection of poems སྙན་ངག་ཕྱོགས་བསྒྲིགས། 诗歌集 page 03
རྩེད་མཚར་གྱིས་སྤྲད་པའི་ལན་གཉིས།
ཡོད་ཚད་ཆོས་དང་ཆོས་ཅན་ཏེ།།
ཆོས་མེད་མིན་པ་གཅིག་ཀྱང་མེད།།
ཆོས་མེད་རེད་ཅེས་ཆོས་ཅན་ལ།།
སྨྲ་བའི་ངག་དེ་ཆོས་དང་འགལ།།
སྤྱད་པའི་མཐར་ཐུག་སེམས་ནས་ཏེ།།
རུས་རྒྱུད་གསེར་ལས་གྲུབ་ནའང་།།
རྫས་ངན་བསྲེས་བས་གསེར་མིན་པའི།།
གཞན་དུ་བསྒྱུར་དང་འགྱུར་བ་མང་།།
འདྲེ་གཡོན་ལག་གིས ༢༠༡༦།༠༣།༡༡ ལ།
ང་ནི་དེ་རིང་གློས་ངོ་གློས་ངོ་ཞིག་ཡིན་འདུག
དེ་རིང་ང་། ཐམ་མེ་ཐོམ་མེ་ཞིག་ཡིན་ལ།
རྩེ་འདོད་དང་ཟ་འདོད། གང་ཡང་ཡོད་མི་འདུག
འཁོར་བ་འདི་ནི། ཅི་འདྲའི་ཡ་མཚན་ཞིག་རེད།
མི་ཚེ་འདི་ནི། ཅི་འདྲའི་དཔག་དཀའ་བ་ཞིག
ང་ནི་དེ་རིང་། ཐམ་མེ་ཐོམ་མེ་ཞིག་ཡིན་འདུག
དེ་རིང་གི་ང་། གློས་ངོ་གློས་ངོ་ཞིག་ཡིན་ལ།
ཉལ་ན་ལངས་ན། འགྲིག་རྒྱུ་གཅིག་ཀྱང་མི་འདུག
ལུས་པོ་འདི་ནི། ཅི་འདྲའི་ཉོབ་རྒྱུ་ཞིག་དཀའ་ལ།
བདེ་ཐང་འདི་ནི། ཅི་འདྲའི་མི་རྟག་པ་ཞིགརེད་ཡ།
ང་ནི་དེ་རིང་། གློས་ངོ་གློས་ངོ་ཞིག་ཡིན་འདུག
དེ་རིང་ང་། སུན་ནི་སུན་ནི་ཞིག་ཡིན་ལ།
བསྡད་ན་སོང་ན། སྐྱིད་རྒྱུ་གཅིག་ཀྱང་མི་འདུག
སེམས་པ་འདི་ནི། ཅི་འདྲའི་ལྐོག་གྱུར་ཞིག་རེད།
བསམ་བློ་འདི་ནི། ཅི་འདྲའི་རྙོག་འཛིང་ཅན་ཞིག
ང་ནི་དེ་རིང་། སུན་ནི་སུན་ནི་ཞིག་ཡིན་འདུག
ཅེས་གླུ་འདི་བླངས་བ་ཡིན་ལ། དེ་ནི་དེ་རིང་གི་ངའོ།
༢༠༡༦།༠༣།༡༣ལ།
སྐར་མ་གནམ་མཚོ།
གནམ་ན་སྐར་མ་མང་བ་ཀུན་གྱིས་ཤེས།།
སྐར་མའི་ཚོགས་ལ་ཡང་ཡང་བལྟ་ནི་མང་།།
འོན་ཀྱང་ཇ་ཁང་ནང་ན་སྐར་མ་གཅིག།
སྐར་མ་གཞན་ལ་བལྟས་ན་གཟི་འོད་འབར།།
སྐར་མའི་མུ་ཏིག་བཀྲམས་པའི་ཉི་ཟླའི་བདག་པོ་སྟེ།།
གནམ་དེ་ལྗང་མདོག་མཚོ་མོ་ཇི་བཞིན་བཀྲ་བའི་ནང་།།
མཛེས་ཤིང་གཟི་འོད་འབར་བའི་སྐར་ཆེན་གཅིག་ཡོད་པ།།
བདག་གི་མིག་དང་སེམས་ན་ཉར་བའི་སྐར་མཚོ་ལགས།།
ཞེས་ཇ་ཁང་ ༥༨ ནང་གི་ཞི་མོ་སྐར་མཚོ་ལ། ཇ་མ་ནས།
དཔའ་ཐོའི་སྐྱིད་ཟིག་མེད།
གངས་རིའི་ལྗོངས་ན་ལྷ་མོ་ཞིག།
མེ་ཏོག་ནང་བཞིན་མཛེས་སྡུག་ལྡན།།
ལྷ་མོའི་མཛེས་སྐུ་ལོངས་སྤྱོད་མཁན།།
ཚེ་དཔལ་དཔའ་ཐོའི་སྐྱིད་ཟིག་མེད།།
མེ་ཏོག་ནང་བཞིན་མཛེས་སྡུག་ལྡན།།
ལྷ་མོ་ནང་བཞིན་བྱམས་སེམས་ལྡན།།
གངས་ལྷ་མེ་ཏོག་བུད་མེད་མཆོག།
ཚེ་དཔལ་དཔའ་ཐོར་བསོད་ནམས་ཆེ།།
སེང་གེའི་འགྲམ་ན་ཚེ་དཔལ་དཔའ་ཐོ་འགྱིང་།།
སེམས་ལ་འཆང་བ་གངས་སེང་དཀར་མོ་ཡིན།།
རྒྱ་སྟག་དམར་པོའི་སྡེར་འགོའི་ཁྲག་ཐིགས་ཀྱིས།།
དཔའ་ཐོའི་དཔའ་ཉམས་ཅུང་ཙམ་ཞུམ་དུ་བཅུག།
ཡིན་ཡང་སེང་གེ་མེད་སར་སེམས་ལ་སེང་གེ་བཅངས་།།
ནུ་བོ་ཁྱེད་ལ་མཚོན་ན་དཀའ་མོ་དཀའ་མོ་ཞིག།
འོན་ཀྱང་བསམ་པ་དཀར་པོ་འོ་མའི་འོ་ཁ་ཡིས།།
སེང་གེའི་ཡུལ་ལྗོངས་ཕྱུགས་འདི་ནུ་བོ་ཁྱེད་ཀྱི་རྒྱན།
ཞེས་འདྲེ་ལག་གཡོན་པས།
ཉ་ཤ་ཟ་བ།
མེ་ཐོག་སྣུམ་ཁོལ་ནང་ན་འཆི་མ་ཤི།།
མེ་དང་སྣུམ་ཀྱིས་ལུས་ཡོངས་སྲེག་པའི་ཉ།།
ཚ་བའི་སྡུག་བསྔལ་འཇིགས་སྐྲག་འབུམ་ཕྲག་ཅིག།
ལྷན་དུ་ཁྱེད་ཁོག་བཅུག་འདི་ནད་ངན་རྒྱ།།
སྐྱེས་བ་འདི་ལ་དེ་ནི་ཉ་དང་ཁྱེད་ནི་མི།།
ཁྱེད་ཀྱིས་ཉ་ཤ་མཆོད་ཅིང་ཉ་དེ་ལས་ཅན་འདོད་།།
སྐྱེས་བ་གཞུག་མ་རང་ཡང་ཉ་རུ་འགྲོ་ནི་སྲིད།།
སྐབས་དེར་རང་ཡང་ལས་ཅན་ཡིན་པར་འདོད་ཐུབ་བམ།།
ཞེས་ཇ་མ་རྒད་པོ་ནས། དྲ་ཐོག་གི་གྲོགས་མོ་ཞིག་གིས་ཉ་ཤ་ཟ་ཞོར་ཏུ་ཟ་བཞིན་པའི་ཉ་དེ་མོའི་ཟས་སུ་གྱུར་བ་ནི་ཉ་དེ་ལས་ཅན་ཞིག་ལ་འདོད་ཡོད་པའི་ལན་དུ། རྩེད་མཚར་དང་སྙིང་རྗེ་གཉིས་བསྲེས་ཏེ་བྲིས་བ་ཡིན།
སོག་བོད་ནས་བོད་སོག
དྲྭ་གྲོགས་ག་གེ་མོ་ཞིག་ལ་རྩེད་མཚར་དུ་བྲིས་བ།
བོད་ཁམས་ཡུལ་ནས་བོད་པའི་ཚུལ་དུ་གནས།།
བོད་ལྭ་གྱོན་ཏེ་བོད་ཡིག་བོད་སྐད་སྦྱངས།།
དེང་སང་རྒྱ་དམག་ཐོན་དུས་སོག་པོར་བརྫུས།།
ཁུ་སིན་དམར་གསོད་སེམས་ནས་མི་བརྗེད་རོགས།།
གསར་སྐྱེས་ནས།༢༠༡༦ལོ་ལ།
ཁྱེད་རང་དྲན་གི་འདུག
ཁྱེད་རང་དྲན་གི་འདུག
ཁྱེད་རང་བསམ་གི་འདུག
ཁ་བརྡ་བྱས་ན་འདོད།
དགོད་སྒྲ་ཐོས་ན་སྐྱིད།
ཁྱེད་རང་གང་དུ་ཕྱིན།
ད་ལྟ་གང་ན་བཞུགས།
ཉིན་མོའི་དུས་ཡིན་ན།
རྨི་ལམ་ནང་དུ་ཕེབས།
ས་ཐག་ག་འདྲ་རིང་རུང་།
རྨི་ལམ་ནང་ནས་ཐུག་ན།
རིང་ནས་ཚོར་བ་མེད་ཀི།
སྐྱིད་པོ་ཡོད་ཚད་བྱེད་ཆོག
ཉི་ཟླ་སྐར་གསུམ་འཁོར་ན།
ངེད་གཉིས་རྣམ་ཤེས་ཕྲ་མོ།
ཉིན་མཚན་རེས་མོས་བར་ན།
ངེད་གཉིས་གཅིག་ལ་གཅིག་འཁྱུད།
(ཅེས་ཡུན་རིང་ལ་སྐད་ངག་དེ་ཐོས་མེད་ཅིང་། འཚབ་མཚོན་གྱི་རི་མོ་མཚོ་ཁ་ན་གྱོན་གོས་དཀར་པོ་ཅན་དེའང་མཐོང་ཐུབ་མེད་རྐྱེན། དེ་རིང་འདིར་འཚམས་འདྲི་ཞིག་གི་ཆེད། གོང་གི་ཤོ་ལོ་ཀ་ཐུང་ཐུང་འདི་གཏོང་སའི་ཡུལ་དེ་ལ། ཐེ་ཚོམ་ལས་མཆོངས་ཏེ་ཁོ་མོ་བཞུགས་སའི་སྐད་འཕྲིན་ཚོགས་པ་དེའི་ནང་དུ་བཏངས་ཡིན།) གསར་སྐྱེས་ནས། ༢༠༡༦།༠༣།༡༨ ལ།
ཆང་།
ང་ཡི་ཤེས་པ་ཆང་གི་ནང་དུ་བཅུག།།
ངའི་སེམས་རྟོགས་པ་ཆང་ལས་གཞན་མ་ཡོད།།
ཆང་དེས་ང་ཡི་ཤེས་པ་བརླན་ནས་འདུག།
སེམས་འདི་ཆང་དང་འབྲེལ་ནས་སྙན་ངག་འཚོལ།།
ཆང་ལ་དཀར་དམར་སེར་གསུམ་ཁ་དོག་ཡོད།།
མི་ལ་དཀར་ནག་སེར་གསུམ་རིགས་རྒྱུད་ཡོད།།
སོ་སོར་སོ་སོའི་ལུགས་དང་བསྟུན་པ་ཡི།།
ཆང་དེ་འཐུང་ཚུལ་རེ་དང་བཟི་ཚུལ་རེད།།
ང་ལ་མཚོན་ན་ཆང་གིས་བཟི་རྒྱུ་དང་།།
ཆང་གི་ཁ་དོག་གོང་ཚད་གཙོ་བོ་མིན།།
ཆང་ནི་ཐིགས་པ་གཅིག་ལས་འཐུངས་མེད་ཀྱང་།།
སྙན་ངག་ཚིག་གཅིག་འབྲི་རྒྱུ་གཙོ་བོ་ཞིག།
འདྲེ་ལག་གཡོན་པ་ནས། ༢༠༡༦།༠༣།༡༨ ལ།
ང་བདུད་བྷེ་ཆང་གིས་ཤི་རུ་བཅུག
ང་དང་བདུད་བྷེ་ཆང་ལ་དགའ་ནི་རེད།
ངས་འཐུང་རྒྱུ་ཆང་མིན་སྡུག་བསྔལ་ཡིན།
ངས་འཐུང་བ་བོད་པའི་སྡུག་བསྔལ་ཡིན།
ངས་སྡུག་བསྔལ་འཛམ་གླིང་འདི་ལ་བསྒྲགས།
ང་དང་བདུད་བྷེ་ཆང་ལ་འབྲལ་མ་ཐུབ།
ངེད་བོད་པ་རྒྱ་ལས་ཐོན་མ་ཐུབ།
ངའི་སྡུག་བསྔལ་ཡོད་ཚད་དེ་ན་ཡོད།
ཆང་མི་འཐུང་གཅིག་གི་རང་འཐུང་ཆགས།
ང་དང་བདུད་བྷེ་ཆང་གིས་ཤི་རུ་བཅུག།
ཆང་ཡོད་ཚད་བོད་པའི་མིག་ཆུ་ཡིན།
ངས་ད་ལྟའི་བར་དུ་མིག་ཆུ་འཐུང་།
ངས་མིག་ཆུ་འཐུང་ནས་ཤི་དགོས་སོང་།
(ཞེས་གྲོགས་བརྩེ་བ་ལ་འདྲེ་ལག་གཡོན་པས་གླུ་ཚིག་གི་ཚུལ་དུ་འབུལ་ཡིན།) འདྲེ་ལག་གཡོན་པ་ནས། ༢༠༡༧།༠༢།༢༨ ལ།
ཚོགས་གཙོ་ལགས་ལ།
ཚོགས་གཙོའི་སེམས་ཁམས་དྭངས་པའི་སྨན་དེ་གང་།།
འཇིག་རྟེན་འདི་ན་མེད་ཀྱང་བློ་མ་ཕམ།།
འཛམ་གླིང་འདི་ཡི་ཉི་ཟླ་སྐར་གསུམ་བར།།
ཚོགས་གཙོ་ཁྱེད་རང་བསམས་ཤིང་འཚོལ་དུ་འགྲོ།།
ཚོགས་གཙོ་ཁྱེད་རང་བདེ་ན་ཚོགས་པ་བདེ།།
ཚོགས་པ་བདེ་བར་འདོད་འདི་ཚོགས་མིའི་ཕྱིར།།
ཚོགས་མི་བདེ་བར་གནས་ན་རྒྱལ་ཁབ་བཙན།།
ང་དང་ཁྱེད་ལ་ད་དུང་རྒྱལ་ཁབ་མེད།།
རྒྱལ་ཁབ་ཡོད་པ་གང་ཞིག་ཚོགས་པས་གྲུབ།།
ཚོགས་པ་མེད་པའི་རྒྱལ་ཁབ་ཉུང་ཉུང་ཡིན།།
རྒྱལ་ཁབ་མེད་ཀྱང་ཚོགས་པ་ཡོད་གྱུར་ན།།
རྒྱལ་ཁབ་འཛུགས་དང་སླར་གསོའི་ཀ་བ་ཡིན།།
འདི་འདྲའི་བསམ་གཞིག་ཁྲོད་ནས་སེམས་ལྷོད་ཆུགས།།
མི་རིགས་གཞན་དང་ཚོགས་པ་གཞན་དག་གིས།།
རང་རིགས་རང་གི་རྒྱལ་ཁབ་བརྟན་ཕྱིར་དུ།།
ཉིན་དང་མཚན་བྱས་ཕན་པའི་བགྲོ་གླེང་མཛད།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༣།༢༧ ལ།
རྒྱལ་ཁབ་དང་ཚོགས་པ།
ཀོ་རི་ཡ་དེས་ཁྱིམ་མཚེས་རྒྱལ་ཁབ་འགད་དགོས་ཟེར།།
འུ་གོ་ཚང་གིས་རང་གི་ཁྱིམ་འདི་གཏོར་རྒྱུ་ཟེར།།
གཅིག་དེས་གཞན་དག་བཀད་ན་རང་ཉིད་བརྟན་ཡོང་སྙམ།།
གཅིག་འདིས་རང་ཉིད་སྤངས་ན་གཞན་དག་བདེ་ཡོང་སྙམ།།
རྒྱལ་ཁབ་རེ་ལ་རང་དང་འཚམས་པའི་གནས་སྟངས་ཤིག།
ཚོགས་པ་རེ་ལ་རང་རང་ཐད་ན་རིན་ཐང་ཞིག།
སྒེར་བ་རེ་ལ་རང་གི་ཚོད་ཀྱི་བསམ་བློ་ཞིག།
ང་དང་ཁྱེད་ནི་ལྷ་ཡི་མངགས་པའི་བྱ་མ་རྟ།།
བགྲོ་གླེང་ཁྲོད་ན་རྩོད་གླེང་མེད་པའི་བགྲོ་གླེང་མེད།།
རྒྱལ་ཁབ་རེ་ལ་རང་རང་ཐད་ན་གནས་ལུགས་ཤིག།
ཚོགས་པ་རེ་ལ་རང་རང་ཕྱོགས་ན་ལངས་ཕྱོགས་ཤིག།
སྒེར་བ་རེ་ལ་རང་རང་སེམས་ན་དམིགས་ཡུལ་ཞིག།
འདུས་བྱས་ཐམས་ཅད་འདུས་པའི་མཐའ་མར་འབྲལ་དགོས་ལྟར།།
འཇིག་རྟེན་འདི་ན་བརྟན་དུ་བརྟན་བྱ་བརྙེད་དཀའ་བས།།
རྒྱལ་ཁབ་དང་ནི་ཚོགས་པ་གང་ཡིན་རྟག་བརྟན་ཞིག།
མེད་འདི་བསམ་ན་འབྲལ་དང་འཐོར་བའི་སྡུག་བསྔལ་བསལ།།
འདྲེ་ཐོ་ཐོ་ནས། ༢༠༡༧ །༠༣།༢༨ལ།
གོ་ལ་ཟླུམ་པོ་འཇིག་རྒྱུ་ཉེ་རུ་བཏང་།
རྡུལ་ཕྲན་མཚོན་ཆའི་སྐོར་དེ་ཤར་ཙམ་གྱིས།།
བསམ་བློའི་གླག་རྒོད་ཀོ་རི་ཡ་ལ་འཕུར།།
རང་གི་ཕ་ཡུལ་ངོ་སོ་བསྟོད་རྒྱུ་དེར།།
དུག་གིས་ཁེངས་པར་བྱས་དེ་ཚོར་གྱི་མེད།།
རྒོད་པོའི་མིག་ལ་གྲུ་ལས་འཛུམ་དམུལ་བཙན།།
རྒོད་པོའི་སེམས་ལ་སྡང་ལས་བྱམས་བརྩེ་བཙན།།
རྒོད་པོ་གང་ཞིག་དགྲ་རུ་མཐོང་བ་ལས།།
ཞི་བདེ་བསམས་ཏེ་ཞི་འཇམ་བསྟན་ན་བཙན།།
གཅིག་གིས་གཅིག་ཕྱོགས་ཕམ་འདོད་དྲག་པོའི་སེམས།།
རྡུལ་ཕྲན་མཚོན་ཆར་བརྒྱུད་དེ་མངོན་བྱེད་པའི།།
འཛམ་གླིང་འདི་ན་འགའ་རེས་སྨྱོ་རྟགས་སྟོན།།
འཇིགས་སྐུལ་སྐྲག་འཇིགས་འོག་ན་འབངས་རྣམས་མནར།།
གཅིག་གིས་གཅིག་དེ་ཟོས་ནས་སྲོག་འཚོ་མཁན།།
གཅན་གཟན་རིགས་ལ་མཚོན་ན་མིའི་རིགས་དམན།།
མི་རྣམས་གཅན་གཟན་མིན་པས་གང་ལེགས་ཚོར།།
གཅན་གཟན་གཅན་གཟན་ཡིན་པས་སྲོག་གིས་སྲོག།
གཅིག་གིས་གཅིག་དེ་བསད་ནས་རྒྱལ་འདོད་པའི།།
མི་ཡི་རིགས་འདིས་རང་རིགས་གསོད་རེས་མཐར།།
རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ངོམ་རེས་ཁྲོད།།
གོ་ལ་ཟླུམ་པོ་འཇིག་རྒྱུ་ཉེ་རུ་བཏང་།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༣།༢༩ལ།
རྒྱལ་དབང་ཡིད་བཞིན་ནོར་བུ་རྒྱལ་གྱུར་ཅིག
ས་སྒང་དེ་ཡིས་སྔོན་པོའི་ཁ་དོག་མཚོན།།
ཐུགས་ལ་འཛམ་གླིང་བཅངས་པ་རི་མོས་བསྟན།།
ཡི་གེའི་མདངས་ན་དཀར་དམར་སེར་གསུམ་སྟོན།།
ངེད་ཅག་བོད་པ་ཚང་གི་རྒྱལ་དར་བཞུགས།།
མ་རིག་ཉོན་མོངས་མུན་པའི་འཇིག་རྟེན་འདིར།།
ཉི་མ་འདྲ་བའི་བླ་མ་ཡ་མཚན་གང་།
འཚེ་མེད་ཞི་བའི་ཕུག་རོན་དཀར་པོ་སྟེ།།
ས་སྒང་འདི་ཡི་ཀུན་གྱི་གཅེས་ཕྲུག་ལགས།།
ཉི་མའི་ཁྱིམ་རྒྱད་མཐའ་ཡས་སྟོང་ཁམས་སུ།
རྩེ་ཕུད་རིག་པ་རྣོ་བའི་འདུ་ཤེས་དེ།
ཁོང་གིས་བསམ་གཞིག་ཁྲོད་ན་བཞུད་ཅིང་དཔྱད།།
རྒྱལ་དབང་ཡིད་བཞིན་ནོར་བུ་རྒྱལ་གྱུར་ཅིག།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༣།༢༩ ལ།
འདྲེ་ཐོ་ཐོའི་ཁ་ཆེམས།
ང་ཡི་ཚེ་འདིའི་ཚེ་ཚད་རྫོགས་ཉིན་དེར།།
ང་ལ་ལྟ་མཁན་ཡོད་དང་མེད་ཟེར་བ།།
ད་ལྟའི་དུས་འདིར་ཐག་གིས་མི་ཆོད་ཀྱང་།།
ང་ནི་གཅིག་པུར་འགྲོ་ན་འདོད་ཀི་ཡོད།།
འགའ་རེར་ཕེབས་རྒྱུའི་མདུན་པ་སྐྱེས་ཡོང་ན།།
མ་ཤིའི་སྔོན་ལ་གདམ་ག་བྱེད་དགོས་སོང་།།
རྡི་ཏཱེ་ཀོང་གི་གྲོགས་པོ་གྲོགས་མོ་དག།
ཡོང་འདོད་ཡོད་ཚེ་ཕེབས་ན་ཆོག་པ་ལགས།།
གཞན་པ་སུ་དང་གང་ཞིག་མི་ཕེབས་རོགས།།
ཁྱེད་དག་མིག་གིས་མཐོང་ན་ངས་མི་འདོད།།
ཁ་ཁོག་མི་གཙང་རྒྱུ་མའི་ལག་ཆར་གྱུར།།
ལྷག་བསམ་ཡོད་མདོག་ཁྲོད་ནས་བོད་འབངས་དཀྲུགས།།
ལྷག་པར་དྲྭ་འབུ་ཀླད་སྟོང་རྩྭ་མིའི་རིགས།།
ང་ཡི་བེམ་པོའི་འགྲམ་དུ་མི་གཅར་རོགས།།
ང་ལ་མཚོན་ན་ཁྱེད་ཚོར་སྡིག་གྲིབ་ཕོག།
ཕྱི་མའི་ཡུལ་དུ་གྲིབ་དེ་འཁྱེར་མི་འདོད།།
འཇིག་རྟེན་འདི་ན་ང་ནི་སྐྱིད་ནས་ཡོད།།
གྲོགས་པོའི་ཚོགས་ཀྱིས་ང་ནི་སྐོར་ནས་ཡོད།།
བརྩེ་བའི་བུ་ཕྲུག་དང་ནི་ཆུང་མ་ལགས།།
ང་ནི་འགྲོ་ཉིན་ཁྱེད་ཚོས་སྐྱེལ་མ་བྱོས།།
བོད་ཅིག་ཡིན་པས་མ་ཎི་འགའ་རེ་ཆོས།།
མཆོད་མེ་འགའ་རེ་ཐེངས་ཤིག་སྦར་རྒྱུ་བྱོས།།
དེ་འདྲ་ཙམ་གྱིས་ང་ཡི་སྡིག་སྒྲིབ་འདགས།།
ང་ནི་སྐྱོན་ཅན་མིན་ལ་ངའི་སེམས་གཙང་།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༠༡་ལ།
མེ་ཏོག་པདྨ།
དོན་གྱིས་སེམས་ལ་བརྒོལ་ཡང་སེམས་ཙམ་ཏེ།།
རང་གིས་དམིགས་པའི་སྐྱབས་མགོན་གང་ཡིན་པ།།
དེ་ཉིད་སྐད་ཅིག་ཙམ་དུ་ཤར་བྱས་ནས།།
ཁོང་གི་བྱིན་རླབས་བསམས་ཤིང་རང་སེམས་འདུལ།།
མེ་ཏོག་པདྨ་ཡག་རུང་།།
རྩ་བ་འཛུགས་ས་ནོར་འདུག།
ཕོ་བྲང་དཀར་པོ་བཞག་ནས།།
པེ་ཅིན་མཁར་ལ་བཙུགས་འདུག།
པད་མའི་མེ་ཏོག་བསམ་ན།།
ཕོ་བྲང་དཀར་པོའི་ལྡུམ་ར།།
པད་མར་དབང་མིན་མི་ཤེས།།
པད་མར་དགོངས་དག་ཞུས་ཡིན།
ང་དང་པད་མའི་ལས་དབང་།།
པེ་ཅིན་མཁར་གྱིས་འཕྲོགས་སོང་།།
པད་མ་བཞད་ནས་བཞུགས་རོགས།།
ང་ཚོ་མྱུར་བར་མཇལ་ཡོང་།
འདྲེ་ཐོ་ཐོ་ནས།༢༠༡༧།༠༤།༢ལ།
བླུན་པོ་རེད་ཟེར་ན།
མི་ཞིག་ལ་མཚོན་ན། ཆེས་མཁོ་བའི་སེམས་ཀྱིས་འཛིན་སྟངས་གཙོ་བོ་ཞིག་ནི། གཞན་ཞིག་གིས་ཁྱེད་ཉིད་བླུན་པོ་རེད་ཅེས་བཤད་ཡོང་ན། རང་གི་ཡིད་ལ། འོ། ཡིན་སྲིད་རྒྱུ་རེད་སྙམ་པའི་བསམ་བློ་དེ་འཆར་ཐུབ་དགོས་པ་དེ་རེད། མི་ཟེར་བ་དེ་གཅིག་མ་རེད། གྲངས་ཀ་མེད་པ་ཞིག་རེད། མི་གཅིག་གིས་ཁྱེད་ཉིད་བླུན་པོ་རེད་ཟེར་བ་དེས་ཁྱེད་ཉིད་བླུན་པོ་ཡིན་པར་བསྒྲུབ་མི་ཐུབ།
གལ་སྲིད་བླུན་པོ་ཡིན་པའི་དབང་དུ་བཏང་ཡང་། ཁྱེད་མི་གཅིག་དེ་བླུན་པོ་ཡིན་པས། འཇིག་རྟེན་འདི་ལ་མཚོན་ན་གྱོང་གུད་ཅི་ཡང་མེད་པས། ཁྱེད་ཀྱི་སེམས་ལྷོད་ལྷོད་ངང་དང་ལེན་བྱེད་ཐུབ་ན་རྩོད་གླེང་དང་དམར་འཛིང་སོགས་མི་འབྱུང་བར་ཕན་ཐོགས་ཡོད།
མི་དང་མིའི་བར་གྱི་རྩོད་གླེང་དང་ཞེ་འཁོན། གྱོད་གཞི་སོགས་ཡོང་སའི་གཞི་གཏེ་བོ་དེ་ནི། ཕ་རོལ་བའི་བསམ་བློའི་འཛིན་སྟངས་དང་སྐད་ཆ་བཤད་སྟངས་དེ་དག་འགྲིག་གི་མི་འདུག་བསམས་པའི་རྒོལ་ལན་དེ་ཡིན། ངས་འདི་ལྟར་བསམ་ཞིང་དེ་ལྟར་འཚོ་བས། ངའི་ཐོག་ལ་ཞེ་འཁོན་ཡོད་པའི་མི་ནི་ཤིན་ཏུ་ནས་ཤིན་ཏུ་ཉུང་ཉུང་ཡིན་སྙམ་མོ།
འདྲེ་ཐོ་ཐོ་ནས། ༢༠༡༧ །༠༤།༠༢་ལ།
སྲུ་མོའི་མིང་གི་འབོད་ན་འདོད།
ལྷ་བྱ་འཕུར་ཐེངས་ཤིག་གིས་ཁྱེད་ཀྱི་མཁའ་དབྱིངས་ན།།
ཁ་བའི་ཁྲོད་ཀྱི་ཁྱེད་ལ་ཡང་ཡང་ལྡིང་སྐོར་བྱེད།།
རྨ་ཆུའི་འགྲམ་ངོགས་སྒར་ན་དགེ་རྒན་ལས་མཛད་པའི།།
སྲུ་མོ་སྙིང་ལ་རྗེ་བོར་འཚམས་འདྲའི་མགྲིན་སྐད་འབྱིན།།
རྨ་ཆུར་ཁྲུས་དང་ཆུ་དེ་འཐུངས་མྱོང་ཁྱེད་དང་ང་།།
ལས་དབང་ཞིག་གིས་ཁྱིམ་ཚང་གཅིག་གི་བཟའ་མིར་གྱུར།།
ད་ལྟའི་དུས་འདིར་ཁྱེད་ནི་རྨ་ཆུའི་འགྲམ་ངོགས་དང་།།
ང་ཡིས་རྒྱལ་ཁམས་གཞན་གྱི་ཆུ་ལ་རོལ་དགོས་ཆགས།།
མདང་དགོང་རྨི་ལམ་ནང་ནས་ངེད་གཉིས་བསྐྱར་དུ་འཕྲད།།
དེ་རིང་དྲན་གྱིན་ཡོད་པས་སེམས་ཚོར་སྤེལ་བྱས་འདུག།
རྨ་ཆུའི་གཙང་བོ་ངས་ཀྱང་མཉམ་དུ་འཐུང་ན་འདོད།།
རྨི་ལམ་ཕྱི་ནས་སྲུ་མོའི་མིང་གི་འབོད་ན་འདོད།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༠༦་ལ།
ངའི་ཚེ་སྲོག་སྙི་མོ་སྙི་མོ་འདི།
ངའི་སེམས་པའི་དཀྱིལ་ན་རྨ་ཁ་ཞིག།
རྨ་དེ་ཉིད་སང་དྲག་མ་ཡོང་བར།།
ངའི་ཚེ་སྲོག་སྙི་མོ་སྙི་མོ་འདི།།
རྣོ་ཇི་བཞིན་སྲ་ཞིང་འཐས་པར་ཤོག།
ངའི་སེམས་པའི་དཀྱིལ་ན་རེ་བ་ཞིག།
ངའི་རེ་བ་མངོན་སུམ་མ་འགྲུབ་བར།།
ངའི་རྣམ་ཤེས་ཕྲ་མོ་ཕྲ་མོ་འདི།།
ལུས་འདི་ནས་ཡུན་རིང་བཞུགས་རྒྱུ་བྱོས།།
ངའི་སེམས་པའི་དཀྱིལ་ན་རྨི་ལམ་ཞིག།
ངའི་རྨི་ལམ་མངོན་འགྱུར་མ་ཡོང་བར།།
ངས་རྨི་ལམ་ནང་གི་ང་དེ་ལ།།
སྐྱབས་སངས་རྒྱས་འཚོལ་བར་སྐུལ་མ་བྱེད།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༦་ལ།
མ་འོངས་པའི་འཛམ་གླིང་སྟེང་ཆེས་རིན་ཐང་ཅན་གྱི་རི་མོ།
བོད་ཁམས་ཀྱི་རི་མོ་བ་རེ་རེས་༧ གོང་ས་ཡིད་བཞིན་ནོར་བུ་ཚང་གི་སྐུ་པར་རེ་འབྲི་ཐུབ་ན། མ་འོངས་པར་བོད་ཀྱི་རི་མོའི་རིན་ཐང་དེ་འཛམ་གླིང་གི་ཆེས་མཐོ་སར་འཇོག་ཐུབ་པའི་རེ་བ་ཡོད། དེ་བཞིན་དུ་འཛམ་གླིང་འདི་ན་སྐུའི་རི་མོ་མང་ཤོས་དེའང་༧ གོང་ས་ཡིད་བཞིན་ནོར་བུ་ཆགས་སྲིད། དེས་ན་བོད་ཕྱི་ནང་གཉིས་ན་ཡོད་པའི་རི་མོ་བ་དེ་ཚོས་དེའི་སྐོར་ལ་བསམ་གཞིག་རེ་གཏོང་ཐུབ་ན། ཧ་ཅང་ཡག་པོ་འདུག་སྙམ།
སྐབས་སྐབས་སུ། བསམ་ཚུལ་འདིའི་རིགས་ཁྱེད་ཚོར་བཤད་པ་ལས། བོད་དང་འབྲེལ་བ་ཆེན་པོ་མེད་པའི་བསམ་བློ་བ་དེ་དག་ལ་བཤད་ན་རིན་ཐང་ཆེ་སྙམ། ཡིན་ཡང་ལག་འདུག་མ་ཐུབ་པར་འདི་ལ་ངའི་བསམ་ཚུལ་དེ་བྲིས་ནས་བསྐུར་སོང་བར་དགོངས་དག་ཞུ།
ཨོ་མ་ཎི་པདྨེ་ཧཱུ།
འཆི་བ་ནམ་ཐོན་མི་ཤེས་བཤད་ཀྱང་རུང་།།
འགའ་རེས་ཐོན་པ་སེམས་ཀྱིས་ཚོར་བྱས་ཏེ།།
མ་ཤིའི་སྔོན་དུ་ཁ་ཆེམས་བཞག་པ་མང་།།
ཤི་བའི་རྗེས་སུ་མཐོ་རིས་ཕྱོགས་སུ་བཞུད།།
འཆི་བ་མི་རྟག་བརྗོད་ཅིང་འཆི་བར་སྒུག།
མང་བོའི་དུས་སུ་འཆི་རྒྱུ་ཡོད་པ་བརྗེད།།
འཆི་བདག་རྒད་པོའི་ཐག་སྣེ་བསྲིངས་ཚར་རྗེས།།
ཐག་སྣེ་དེ་ནས་ཐར་བ་ཉིན་མོའི་སྐར།།
གློ་བུར་ཡིན་པས་སེམས་ཀྱིས་བཟོད་པར་དཀའ།།
མགྲོན་བརྡ་མེད་པས་འཇིགས་སུ་རུང་བར་མཐོང་།།
ཤི་ཡང་རྣམ་ཤེས་དེ་ཉིད་ཤི་མེད་པས།།
འཇིག་རྟེན་འདི་ནས་གཞན་དུ་མགྲོན་ལ་ཕེབས།།
འདྲེ་ཐོ་ཐོ་ནས། ༢༠༡༧ །༠༤།༠༧ལ།
རྩོད་གླེང་བར་གྱི་སེམས་ཚོར་གླེན་རྟགས་ཅན།།
སེམས་ཀྱིས་ཤེས་པ་སེམས་ཙམ་ཏེ།།
སེམས་ངོར་གྲུབ་པ་འཇའ་གཟུགས་ཤིག།
དོན་གྱིས་ཡོད་ཀྱང་དེ་དག་གནས།།
གཟུགས་མེད་ཁམས་སུ་གཏོགས་པས་ལོང་།།
ངས་ནི་ལྷག་མཐོང་སྤྱད་པས་གཞན་དག་མཐོང་ནའང་།།
ཁྱེད་ལ་ལྷག་མཐོང་མེད་པས་བསྟན་ཡང་མེད་དུ་མཐོང་།།
མེད་དང་ཡོད་དེ་མི་ལ་ཐ་དད་ཡིན།།
གཟུགས་ཅན་གཟུགས་མེད་འཇིག་རྟེན་ཁ་ཁར་འགྲོ།།
ཉི་མའི་རང་བཞིན་འོད་གསལ་བ།།
སྤྲིན་པ་ནག་པོས་གློ་བུར་གཡོགས།།
རླུང་དང་བཅས་པའི་གཉེན་པོའི་ཁྲོད།།
ཉི་མ་དེ་ནི་སླར་ཡང་གསལ།།
སེམས་ཀྱི་འོད་དེ་སེམས་དང་འབྲེལ།།
ཉི་མའི་འོད་བཞིན་འཕྲོ་མིན་ཡང་།།
ཉོན་མོངས་བཅས་སོགས་གློ་བུར་བས།།
སེམས་དེའི་རང་བཞིན་གཞན་དུ་བསྒྱུར།།
གངས་རི་ཡིན་པར་གཉིས་ཕྱོགས་མཐུན།།
ཁ་དོག་ཆ་ནས་ཐ་དད་སྣང་།།
རང་སྣང་གང་མཐོང་ཇི་བཞིན་བརྗོད།།
ལོང་བའི་མིག་ལ་ནག་པོ་མཐོང་།།
མགོ་ལ་རྡོ་ལོག་བརྒྱབ་པས་མིག་གིས་མེ་རྟགས་མཐོང་།།
དོན་གྱིས་ཡུལ་དུ་མེ་རྟགས་འདི་ཞེས་འཇོག་རྒྱ་མེད།།
དེ་བཞིན་གངས་རིའི་ཁ་དོག་སེར་པོར་མཐོང་ནའང་།།
དབང་བོ་རྒྱན་ལྡན་མིན་པས་གཞན་ལས་ཐ་དད་མཐོང་།།
གསེར་བུམ་སེར་པོར་འདོད་པའི་དུས་དེ་རྫོགས།།
གསེར་ལ་དཀར་པོའི་ཁ་དོག་ཡོད་ཇི་བཞིན།།
གངས་རིའི་ཁ་དོག་དཀར་པོ་ཡིན་མོད་ཀྱང་།།
དབང་བོའི་དབང་གིས་སེར་པོར་མཐོང་མཁན་ཡོད།།
གངས་རིའི་ཁ་དོག་གང་ཡིན་མི་གཙོ་སྟེ།།
གངས་ཆུ་གཙང་མ་ཉར་རྒྱུ་གཙོ་བོའི་གཙོ།།
བུམ་པའི་གཟུགས་དེ་ཇི་ཡིན་མི་གཙོ་སྟེ།།
བུམ་པར་གངས་ཆུ་གཙང་མ་བླུག་རྒྱུ་གཙོ།།
འདྲེ་ཐོ་ཐོ་ནས།༢༠༡༧།༠༤།༠༥་ལ།
ཙི་ཙི་དང་བྱི་ལ།
རང་ཉིད་ཙི་གུ་ཡིན་དུས་བྱི་ལ་མེད།།
གཞན་དག་ཙི་གུར་མཐོང་དུས་བྱི་ལ་ཡོད།།
འདི་འདྲའི་ལྷག་མཐོང་ལྡན་པའི་མི་བུ་ཁྱེད།།
ནམ་ཞིག་སྟག་གི་གྱུར་ན་མཇུག་འབྲས་ཅི།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༡༡ལ།
སངས་རྒྱས་གོ་ཏ་མ་ལ་ཕྱག་འཚལ་ལོ།
རྣམ་ཤེས་ཡོད་དང་མེད་ཅེས་བརྩད་ཀྱང་རུང་།།
སངས་རྒྱས་མིན་པས་རང་ཉིད་མ་ཤི་བར།།
རྣམ་ཤེས་གཞན་པ་མཐོང་དང་རྟོགས་དཀའ་བས།།
ཤེས་པར་འདོད་ན་མྱུར་ཏུ་སངས་རྒྱས་སྒྲུབས།།
སངས་རྒྱས་སྐུ་དེ་ནམ་ཡང་ལུས་རྟེན་གཅིག།
དེ་ཡི་ཡིད་ཀྱིས་གྲུབ་པའི་ཕུང་བོའི་ཚོགས།།
བརྒྱ་འགྱུར་སྟོང་འགྱུར་ཡོང་བར་སྐད་ཅིག་ཙམ།།
ཁམས་གསུམ་རྟོགས་པའི་ཚད་ཀྱང་སྐད་ཅིག་ཙམ།།
སངས་རྒྱས་གོའུ་ཏ་མ་ལ་ཕྱག་འཚལ་ལོ།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་ངོ་མཚར་བས།།
ད་ལྟའི་གནས་སྟངས་སྐྱོ་བའི་བོད་ཁམས་འདི།།
དུས་ལ་བབས་སོང་དགོངས་ཤིང་སྐྱབས་རོགས་མཛོད།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༡༣་ལ།
ལས་དང་སོ།
དེ་རིང་བུ་ཆུང་དུང་སོ་ལྷུང་རྒྱུའི་ལས།།
ཁོང་གི་ལུས་ལ་དངོས་སུ་སྨིན་བྱས་པས།།
ལས་ལ་ཟློག་ཐབས་མེད་ཅེས་གསུང་བ་ལྟར།།
དུང་སོ་ཁ་ནས་འདུག་རྒྱུའི་ལས་དབང་བྲལ།།
འདྲེ་ཐོ་ཐོ་ནས་།༢༠༡༧་༠༤།༡༤ལ།
དཔྱིད་དུས་བག་མ་འདྲ་མ།
དགུན་འཁྱག་རྒན་མོ་འགྲོ་ཚར་སོང་།།
དཔྱིད་དུས་བུ་མོ་བསླེབས་བཞག་ཐལ།།
མེ་ཏོག་ནང་ན་ཁྱེད་ནི་མཛེས།།
ཁྱེད་སྐུའི་ཤོམ་ལྭ་མེ་ཏོག་ཡིན།།
མཛེས་པའི་ཡུལ་ལྗོངས་ངོ་མཚར་མ།།
མིག་གི་རྒྱན་དུ་བསམ་ཞོར་བལྟས།།
མེ་ཏོག་ཚོགས་ཀྱིས་བརྒྱན་བཅུག་པ།།
དབྱར་ལྷའི་བག་མ་བྱེད་འདོད་བསྟན།།
ཡང་ན་འདི་ལྟར་བྲིས་ན།
དགུན་འཁྱག་རྒན་མོ་འགྲོ་ཚར་སོང་།།
དཔྱིད་དཔལ་བུ་མོ་བསླེབས་བཞག་ཐལ།།
མེ་ཏོག་ཚོགས་ཀྱིས་སྤྲས་བྱས་ཏེ།།
དབྱར་ལྷའི་བག་མར་ཕེབས་ཡིན་ནམ།།
མཛེས་པའི་ཡུལ་ལྗོངས་དཔྱིད་དཔལ་མ།།
ཁྱེད་ལ་ཆགས་པས་ཡང་ཡང་གཟིགས།།
མེ་ཏོག་ནང་ན་ཁྱེད་ཉིད་མཛེས།།
ཁྱེད་སྐུའི་ཤོམ་ལྭ་མེ་ཏོག་ཡིན།།
འདྲེ་ལག་གཡོན་པས། ༢༠༡༧།༠༤།༡༦ ལ།
སྐུ་ཞབས་བོང་རྫི་ལགས་ལ་བྲིས།
ཁྲིམས་ཀྱི་འདུ་ཤེས་བརྟན་པོ་མེད་པ་འདི།།
ཁྲིམས་དེ་ཁྲིམས་བཞིན་སྐྱོང་གི་མེད་པས་ཏེ།།
ཁྲིམས་ལ་ཁྲིམས་ལྟར་བརྩི་སྲུང་བྱེད་གྱུར་ན།།
ཁྲིམས་དེའི་འོག་ལ་བོད་འབངས་ཞུགས་ཀྱང་ཆོག།
ཁྲིམས་ཞེས་ཡི་གེའི་གཟུགས་སུ་བཀོད་ཡོད་ཀྱང་།།
ཁྲིམས་དེའི་བདག་པོ་ཁྲིམས་ལ་མི་དབང་བས།།
ཁྲིམས་ལྡན་མིན་པའི་རྒྱལ་ཁབ་གང་ཞིག་གི།།
ཁྲིམས་ལ་ཡིད་ཆེས་བྱེད་པ་རང་གི་གྱོང་།།
རང་ཉིད་དམར་དམར་ཡིན་པ་ཚིག་གིས་བསྒྲུབས།།
གཞན་དེ་དམར་དམར་མཐོང་བ་རང་གི་སྡུག།
དེ་ལས་དཀར་ཕྱོགས་དགེ་བའི་ལས་བསམས་ཏེ།།
བོད་མི་གཙང་མ་བྱས་ན་ཀུན་གྱིས་བསྔགས།།
རང་ཉིད་མཁས་པར་བརློམས་པའི་འཕྲུལ་སྣང་དེས།།
བསམ་བློ་ཀུ་ཡངས་མེད་པའི་སྡུག་ལ་སྦྱར།།
དོན་གྱིས་སྡུག་བསྔལ་ནང་དུ་རང་ཉིད་ཚུད།།
ཁྱེད་ལ་སྐྱེད་ཅིག་ཡོད་པ་ངས་མ་ཚོར།།
མང་བོས་ལྟས་ངན་མཐོང་ཞིང་རྣམ་རྟོག་ཡུལ།།
མང་བོས་བཀུར་བ་མེད་ཅིང་སྨྱོས་འདོད་པས།།
ཁྱེད་ཀྱིས་ཅི་གསུངས་རྒྱ་མཚོར་ཆུ་ཐིགས་བཞིན།།
ཚོར་མཁན་གླེང་མཁན་ཉུང་འདི་རང་གི་སྐྱོན།།
བོང་རྫིའི་གཟུགས་དེ་རྟ་རྫིའི་གཟུགས་སུ་སྒྱུར།།
རྟ་མཆོག་འཚོ་མཁན་བོང་རྫིའི་ཡན་ན་ཡོད།།
རང་གི་མི་གཤིས་སྐད་ཆ་བཤད་སྟངས་བཅས།།
ཅུང་ཙམ་འགྱུར་བ་བཏང་ན་རྗེས་འཇུག་མང་།།
ཁྱེད་ཀྱིས་དགྲ་རུ་འདོད་པའི་དམར་པོ་དེ།།
ང་ཚོས་དགྲ་བོ་ཡིན་པར་འདོད་དགོས་ན།།
ཐོག་མར་རང་ཉིད་ང་ཚོའི་མིག་ལམ་དུ།།
“དགྲ་བོ”མིན་པ་ཞིག་ལ་བཟོ་རྒྱུ་གཙོ།།
འདྲེ་ཐོ་ཐོ་ནས། ༢༠༡༧ །༠༤།༡༦ལ།
སེམས་གཏམ་མར་ཁུ་མ།
མའོ་ཡི་གསུང་རྩོམ་ཡོད་ཚད་བཀླགས་བྱས་ཏེ།།
མའོ་ཡིས་སྨྱུ་གུ་མེ་མདར་བསྒྱུར་བྱས་ནས།།
བོད་མི་འབུམ་ཕྲག་བསད་དེའི་གསུང་རྩོམ་ཞིག།
བོད་མི་རང་གིས་བྲིས་ན་ཅི་མ་རུང་།།
བོད་ལ་མཚོན་ན་མའོ་ནི་གདོན་འདྲེར་མཐོང་།།
གཞན་དེས་མགོན་སྐྱབས་ལྟ་བུར་མཐོང་མྱོང་ཡོད།།
མའོ་ཡི་དུས་རབས་རྫོགས་ནས་ཡུན་རིང་སོང་།།
“བློ་མཐུན”མའོ་དེ་ང་ཚོས་བཞག་ན་བདེ།།
གསར་རྙིང་བར་ན་ང་ཡིས་རྩོད་ཀྱི་མེད།།
གང་ལ་ཡོན་ཏན་མཆོག་གྱུར་ལྡན་པ་ན།།།
དེ་ཉིད་དམིགས་སུ་བཀུར་བྱའི་ཡུལ་ལ་སོམས།།
དེ་ཡི་ཡོན་ཏན་ཕུན་སུམ་ཚོགས་པར་སྦྱངས།།
ཕན་ཚུན་གཅིག་གིས་གཅིག་དེ་དགྲ་རུ་མཐོང་།།
ཞེ་སྡང་ཁོང་ཁྲོས་ཚིག་ལ་རམ་འདེགས་བྱེད།།
འདི་འདྲའི་བགྲོ་གླེང་བར་ནས་གནས་ལུགས་ཤིག།
འཚོལ་རྒྱུ་ཟེར་ན་རང་སེམས་ལྷོད་དུ་ཆུགས།།
བཟང་ངན་ཆ་ནས་བླངས་དོར་ཆོག་པ་བཞིན།།
གསར་རྙིང་ཆ་ནས་བླངས་དོར་ཆོག་སྲིད་ཅིང་།།
རྙིང་པ་རེད་ཅེས་དོར་དགོས་སྐད་ཆ་མེད།།
གསར་པ་ཡིན་ཞེས་འཛིན་དགོས་སྐད་ཆ་མེད།།
གང་དེས་བོད་ཁམས་འདི་ལ་ཕན་གྱུར་ན།།
དེ་ནི་གསར་རྙིང་གང་ཡིན་འཛིན་རྒྱུའི་ནོར།།
གང་དེས་བོད་འབངས་འདི་ལ་གནོད་བྱེད་ན།།
དེ་ནི་གསར་རྙིང་གང་ཡིན་དོར་ན་ཆོག།
ནུབ་ཕྱོགས་རིག་པའི་གཞུང་དེ་ངོ་མཚར་ཡང་།།
ཤར་ན་ཡོད་པའི་བོད་པའི་རྒྱལ་ཁམས་དེར།།
འཕྲོད་དང་མི་འཕྲོད་འགྲིག་དང་མི་འགྲིག་ཡོད།།
གང་ལྟར་འབངས་ནི་གཙོ་དང་རྒྱལ་ཁམས་གཙོ།།
གནས་ལུགས་བརྩི་མིན་ཁྲེལ་མེད་སྒེར་གཅོད་ཅན།།
གང་གི་སྒྲིག་གཞི་ཁྲིམས་དང་སྲིད་ཇུས་སོགས།།
བོད་པ་ཚང་གིས་སྦྱངས་ཀྱང་མ་སྦྱངས་ཀྱང་།།
གཏོར་ན་འདོད་དུས་བདག་པོ་ཚང་གི་ལག།
དེ་ལས་རྩ་བར་བསམས་ཏེ་བོད་ཞེན་ཆོངས།།
བོད་ཀྱི་སྐད་ཡིག་རིག་གཞུང་གང་ཡོད་སྦྱོངས།།
ཆོལ་གསུམ་ཆིག་སྒྲིལ་བསམ་ཏེ་སྐད་ཆ་ཤོད།།
ཕྱི་ནང་ཆ་མཐུན་བསམ་ཏེ་བགྲོ་གླེང་བྱོས།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༡༧ ལ།
སྙན་ངག་ཁུ་ཚུར་བའི་ལན།
མིག་གིས་རྒྱང་རིང་བོད་ཁམས་ཕྱོགས་སུ་ལྟ།།
འཚོ་སའི་རྒྱལ་ཁམས་རང་ཡུལ་མིན་པས་སྐྱོ།།
སེམས་ལ་བཅངས་པ་བོད་པའི་བདེ་སྡུག་སྐོར།།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
ཁ་ནས་བོད་སྐད་ཅི་ཐུབ་བཤད་ཀྱི་ཡོད།།
ལག་ནས་བོད་ཡིག་ཅི་ཐུབ་འབྲི་བཞིན་ཡོད།།
སེམས་ལ་བཅངས་པ་བོད་པའི་རྒྱལ་ཁམས་ཡིན།།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
ལག་ན་ཕྲེང་བ་དང་ནི་ཆོས་དཔེ་ཡོད།།
གཞན་དེ་བྱམས་བརྩེའི་འོག་ཏུ་ཚུད་ན་བསམ།།
རང་ལ་རྒྱལ་ཁབ་མེད་ཀྱང་རང་རིགས་བསམ།།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
བླ་མ་གྲོངས་ཀྱང་སྤྲུལ་སྐུ་རིམ་གྱིས་བྱོན།།
མཁས་པ་འདས་ཀྱང་གླེགས་བམ་རི་ལྟར་བརྩེགས།།
ཕ་མའི་དྲིན་དེ་ནམ་རྒྱུན་དྲན་བཞིན་ཡོད།།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
སློབ་གྲྭར་མ་སོང་བསམ་པ་ང་ལ་མེད།།
ཚོང་ནི་མ་བརྒྱབ་བསམ་པ་ང་ལ་མེད།།
ཁྱིམ་ལས་མ་བྱས་བསམ་པ་ང་ལ་མེད།།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
དགྲ་བོ་དགྲ་བོ་ཡིན་པ་ངས་ཤེས་ཡོད།།
ཕ་གསོད་སུ་ཞིག་ཡིན་པ་ངས་ཀྱང་ཤེས།།
དགྲ་གཉེན་དབྱེ་བ་འཁྲུག་མཁན་ང་ནི་མིན།།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
ཁྱིམ་ན་ཤ་མར་ཐུད་གསུམ་འཛོམས་ནས་ཡོད།།
སྙིང་གི་བུ་གསུམ་སེང་གེའི་འགྱིང་ཉམས་ཡོད།།
བོད་ཁམས་སྐྱིད་ན་བདེ་ན་བསམ་བཞིན་ཡོད།།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
ཡུལ་འདིའི་མགྲོན་པོ་ལྟ་བུའི་སྐྱབས་བཅོལ་བས།།
ཁང་པ་ཉོ་རྒྱུ་ཟེར་ན་དཀའ་མོ་ཞིག།
འོན་ཀྱང་ཆུང་མར་སུ་ལེན་རང་གི་ལག།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
བླ་མས་ཆོས་ལོག་གསུངས་ཀྱང་བླ་མ་རེད།།
མཁས་པས་ལོག་འགྲེལ་མཛད་ཀྱང་མཁས་པ་རེད།།
ངེད་གཉིས་དགའ་ཡང་མ་དགའ་སྡུག་གྱོང་རེད།།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
བོད་པའི་རུས་དང་ཁྲག་རྒྱུད་ཡོད་གྱུར་ན།།
བོད་ཡིག་ཤེས་ཀྱང་མ་ཤེས་བོད་པ་རེད།།
བོད་ལ་ཤ་ཞེན་ཡོད་མཁན་མང་ནི་རེད།།
ང་ཡི་ཁ་ལ་ཁུ་ཚུར་མི་རྒྱག་རོགས།།
བོད་ཁམས་སྲུང་བའི་ཡུལ་ལྷ་བཙན་ན་བསམ།།
བོད་ཡིག་བོད་སྐད་ཚེ་ཐག་རིང་ན་བསམ།།
བོད་རིགས་ཡིན་པས་བོད་ཞེན་བཅིངས་ནས་ཡོད།།
ང་ལ་ཁྱེད་ཀྱི་སེམས་པ་སྟེར་རོགས་ཞུ།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༡༨་ལ།
སེམས་དང་ལུས།
ལུས་ནི་ཁོམ་ཡང་སེམས་ནི་མི་ཁོམ་ཞིང་།།
སེམས་འདི་ཁོམ་ཡང་ལུས་འདི་ཁོམ་མིན་པས།།
གྲོང་གི་མི་ཚོགས་ཁྲོད་ན་ནག་རིས་རིས།།
ཁྱིམ་དེའི་སྒྱེད་པུའི་འགྲམ་ན་སྐྱོ་ལྷང་ལྷང་།།
སུ་ཞིག་སྒོམ་གྱི་རྩེར་གསོན་ན།།
དེ་ཡི་ལུས་སེམས་ཐ་དད་གནས།
རང་གི་རྣམ་ཤེས་བཞག་བྱས་ཏེ།།
གཞན་གྱི་རྣམ་ཤེས་གར་ལ་འདྲེན།།
ཞེས་འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༡༩ ལ།
གྲྭ་བ་རྣམ་དག་ཅིག་ལ།
བཅུ་དྲུག་སྟེང་ནས་འགོ་བཙུགས་ཏེ།།
ཀ་ཁའི་དབྱངས་རྟར་ཞོན་འགོ་བརྩམས།།
བཅུ་དྲུག་བར་དུ་ཕ་ལོར་འགྲོགས།།
འབྲོག་པའི་འཚོ་བ་ངོ་མར་ཞུགས།།
ཀ་ཁའི་དབྱངས་རྟའི་འགྱུར་ཁུག་ཁྲོད།
རབ་ཏུ་བྱུང་བའི་བཙུན་པའི་གཟུགས།།
དམར་པོའི་གོས་ཀྱིས་གཡོགས་བགྱིས་ཏེ།།
འགྲོ་བའི་དོན་ལ་གཉེར་འགོ་བརྩམས།།
དེ་ནས་མི་ལོ་ཉི་ཤུའི་རིང་།།
བཅུ་ཕྲག་རིག་པར་སྦྱངས་བྱས་ཤིང་།།
བཙུན་པའི་སེམས་དང་གཟུགས་བསྲུང་སྟེ།།
བསམ་བློ་ཡར་འཛིན་བྱས་ནས་སོང་།།
དམ་པའི་ཆོས་ལ་སྒྲུབ་སྦྱོང་མཛད།།
སེམས་ཀྱི་དགྲ་ལ་འཐབ་འཛིང་བྱས།།
བཙུན་པའི་སེམས་དེ་ཉར་ནས་བཞུགས།།
གཞན་ཕྱོགས་བྱམས་བརྩེས་བསྐྱངས་པ་མང་།།
འཇིག་རྟེན་མི་རྟག་ཆོས་མི་རྟག།
སྡོམ་པ་མི་བརྟན་སེམས་མི་བརྟན།།
འགྲོ་ལ་དམིགས་པའི་ལྷག་བསམ་ཁྲོད།།
ད་དུང་བཙུན་པ་རྣམ་དག་ཅིག།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༢༠ ལ།
རང་ས་རྐང་མཐིལ་ཙམ་ཞིག
གུས་བརྩི་ཡོད་ཀྱང་མེད་ཀྱང་།།
སྙན་ངག་ཟེར་ན་མི་ཤེས།།
ཚིགས་བཅད་ཐར་ཐོར་རེ་ཡིས།།
འཇིག་རྟེན་ལྟ་བ་སྤེལ་ངེས།།
ཉི་ཟླའི་བརྗེ་སྤོར་ཁྲོད་ན།།
ཉིན་མཚན་གནས་སྟངས་ཁ་ཁ།།
སེམས་ལ་འཆར་ཚུལ་མི་འདྲ།།
ཡི་གེར་འགོད་ན་འདོད་སོང་།།
གསོན་བསྡད་ཡོད་པའི་བརྡ་ལན།
ཚིགས་བཅད་ལམ་ནས་སྤེལ་ཡིན།
ཉིན་ཞིག་ཤི་བའི་ཚེ་ན།
ང་ཡི་སྙན་ངག་རྫོགས་འགྲོ།
མཁས་དབང་མཚན་དེ་ངར་མེད།
སྙན་ངག་པ་ནི་ང་མིན།
དོན་ལྔ་སྣོད་དྲུག་ཚང་བའི།མི་ཞིག་ཡིན་པ་ཐག་ཆོད།
མཁས་པར་མཁས་པའི་འདུག་སྟངས།།
བླུན་པོར་བླུན་པོའི་འགྲོ་སྟངས།།
ངས་ནི་དེ་གཉིས་བར་ནས།།
སྨྱོ་རྟགས་བསྟན་ན་བསམ་སོང་།།
ང་ནི་སྨྱོན་པར་འདོད་ཆོག།
ང་ནི་གླེན་པར་བསམ་ཆོག།
གང་ལྟར་ཁྱེད་དང་འུ་གཉིས།།
བསྡུར་ན་རང་གི་གྱོང་ཡིན།།
རང་ས་རྐང་མཐིལ་ཙམ་ཞིག།
རང་ལུས་བེམ་པོའི་ཆགས་འགྲོ།།
ནམ་ཞིག་འགྲོ་དགོས་ཆགས་དུས།།
རྐང་རྗེས་ཙམ་ཡང་མི་སྣང་།།
འདི་འདྲའི་བསམ་གཞིགས་ཁྲོད་ནས།།
རང་གིས་གང་ཞིག་བསམས་པ།།
ཡི་གེའི་གཟུགས་སུ་བཀོད་ཅིང་།།
ཀུ་རེ་ཚུལ་དུ་བཏང་ཡིན།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༢༠ ལ།
བོད།
རང་ཉིད་བོད་ཅིག་ཡིན་པའི་ཚེ།།
བོད་མི་བོད་ཡིག་བོད་སྐད་གསུམ།།
མཆོག་ཅིང་དཀོན་པར་བསམ་བྱས་ཤིང་།།
གང་དུ་མཐོང་ན་གཉེན་ཉེར་སོམས།།
བོད་ཅིག་ཡིན་དུས་བོད་ཞེན་མཁོ།།
བོད་མི་ཡིན་པས་རྒྱར་མི་འགྱུར།།
རྒྱ་ཚུགས་བསྟན་ཡང་རྒྱལ་ཁོངས་ནོར།།
རྒྱ་སྐད་མཁས་ཀྱང་རང་སྐད་མིན།།
སྐད་གཉིས་སྐད་ལྔ་སྨྲ་ཤེས་ན།།
གཞན་གྱི་ཡོན་ཏན་ཕུན་སུམ་ཚོགས།།
རང་གི་སྐད་ལ་བསྒྱུར་བྱས་ཏེ།།
སྟོང་ཆ་ཡོད་ཚད་སྐོངས་ཤིག་ཀྱེ།།
རང་སྐད་དོར་བའི་མཁས་མིང་ཅན།།
སྤྱིར་ན་མཁས་པ་ཡིན་སྲིད་མོད།།
རང་གི་རིགས་དེར་ཕན་མིན་པས།།
མཁས་པ་ཡིན་ཡང་ལྐུག་པར་མཐོང་།།
བོད་ཁམས་རྩ་བ་ཁོར་ཡུག་རེད།།
བོད་མིའི་རྩ་བ་བོད་ཡིག་རེད།།
བོད་ཅེས་མུ་མཐུད་གནས་འདོད་ན།།
རང་གི་སྐད་དང་རིག་གཞུང་ཉོར།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༢༡ ལ།
རོགས་ཆུང་ལོ་རྫ་འགོའི་མེ་ཏོག་རེད།
རོགས་ཆུང་ལོ་རྫ་འགོའི་མེ་ཏོག་རེད།།
ཁ་བབས་དུས་མེ་ཏོག་བཀབ་ནས་འགྲོ།།
ང་ཞི་ལུ་ཉི་མའི་འོད་ཁྱིམ་བྱེད།།
ཁ་མཐུག་པོ་དྲོད་ཀྱིས་བཞུ་རྒྱུ་བྱེད།།
རོགས་དགའ་ལོ་ནགས་འགོའི་རྨ་བྱ་རེད།།
དགུན་སླེབས་དུས་སྒྲོ་མདངས་ཡལ་ནས་འགྲོ།།
ང་ཞི་ལུ་ནམ་མཁའི་གཡུ་འབྲུག་བྱེད།།
ཆར་བབས་ནས་སྒྲོ་གུར་བཀྲུ་རྒྱུ་བྱེད།།
རོགས་འདང་ཅན་སྡེ་མཐའི་འབྲོག་མོ་རེད།།
དགོང་རུབ་དུས་སྡེ་མཐའ་སྟོང་ནས་འགྲོ།།
ང་ཞི་ལུ་སྡེ་མཐའི་སོ་སྲུང་བྱེད།།
ཁྱེད་སྲུང་ནས་མཚན་གང་འདུག་རྒྱུ་བྱེད།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༤།༢༦ ལ།
དེ་རིང་གི་སེམས་ཚོར་མི་འདྲ་བ་ཞིག
སྐྱེས་ས་འཇིག་རྟེན་འདི་ནས་ཡིན།།
འགྲོ་ས་དག་ཞིང་ཁམས་ལ་བསམ།།
ཉོན་མོངས་དགྲ་ལས་མ་ཐར་ན།།
ཁམས་དེའི་མགྲོན་ཤོག་རག་རྒྱུ་དཀའ།།
སྐྱེ་ཡུལ་སྐྱེ་ཚེས་རི་སྡེ་བཅས།།
འགྲེལ་དང་མ་འགྲེལ་དེ་ཙམ་ཞིག།
འཇིག་རྟེན་འདི་ནས་ཕྱིན་ཚར་རྗེས།།
དེ་དག་དྲི་ཟའི་གྲོང་ཁྱེར་ཞིག།
འགྲོ་འདུག་རང་གི་དབང་ན་མེད།།
ད་རུང་སྒོམ་དེའི་མཐར་མ་བྱོན།།
གློ་བུར་འགྲོ་བའི་ཉེན་ཁ་ཆེ།།
སོང་ཡང་བར་དོའི་འདུག་མི་སྲིད།།
ཡང་རེ་བསམ་ན་རེ་ཞིག་ཙམ།།
བར་དོའི་ཡུལ་ནས་བསྡད་བྱས་ཏེ།།
དེ་རུ་འཁྱམ་པའི་རྣམ་ཤེས་ལ།།
འཇིག་རྟེན་གསར་འགྱུར་གླེང་ན་འདོད།།
བར་དོའི་ཡུལ་ཞེས་འཇིགས་ས་དེར།།
བསམ་ན་དམག་འཁྲུག་ཡོད་སྲིད་དམ།།
རྡུལ་ཕྲན་མཚོན་ཆ་དུག་རྫས་རིགས།།
ནད་ཡམས་ལྟོག་སྡུག་ཡོད་ཨེ་སྲིད།།
ཀུན་ནི་རྣམ་ཤེས་ཚོགས་ཡིན་པས།།
ཕན་ཚུན་བར་དུ་མཐོང་བར་སླ།།
བརྡ་སྤྲད་ཕྱོགས་ན་དཀའ་བ་མེད།།
གསོན་པོའི་རྣམ་ཤེས་མཐོང་ཡང་སྲིད།།
རང་གི་རྣམ་ཤེས་ཕྲན་བུ་དེར།།
ཡིད་ངོར་གྲུབ་པའི་གཟུགས་སྦྱར་ནས།།
འདི་ཕྱི་གཉིས་ཀྱི་བར་ནས་རྒྱག།
འགའ་རེར་ལུང་བསྟན་བྱས་ཀྱང་ཆོག།
སྦྱངས་པའི་ཡོན་ཏན་བསགས་བྱས་ཏེ།།
བར་དོའི་ཁམས་སུ་འཁྱེར་འདོད་ཡོད།།
སྐྱེ་བའི་ཉིན་དེར་སྦྱངས་པ་དག།
རང་གི་རྣམ་ཤེས་འབུལ་འདོད་ཡོད།།
བླ་མའི་སྤྲུལ་སྐུ་མིན་ནའང་།།
འདྲེ་ལག་གཡོན་པའི་སྤྲུལ་སྐུ་ཞེས།།
སྐྱེ་བར་འདོད་ན་རང་དབང་ཡོད།།
གལ་སྲིད་སྒོམ་དེའི་མཐར་གསོན་ན།།
འགྲོ་སོང་བསམས་ནས་སེམས་མ་སྐྱོ།།
མ་སོང་སྔོན་འདིར་སྒྲུབ་བཞིན་པའི།།
སྒོམ་འདི་གལ་སྲིད་གྲུབ་ཡོད་ན།།
ང་ནི་ཁྱེད་ཚོར་གཟིགས་པར་ཡོང་།།
འདྲེ་ལག་གཡོན་པས། ༢༠༡༧།༠༤།༢༧ ལ།
ལྷ་མིའི་བར།
ང་ཚོས་ལྷ་སྒྲུང་ག་ཚོད་ཅིག་བཤད་ཀྱང་། ཡང་ན་ག་ཚོད་ཅིག་ལ་ཉན་ཚར་ཡང་། ལྷ་སྒྲུང་ནང་གི་ལྷ་དེ་དག་ལ་མཇལ་མི་ཐུབ། དེ་ལས་མིའི་སྤྱི་ཚོགས་ནས་བསྡད་དེ་མི་དང་བསྟུན་ཤེས་བྱས་ན། མིའི་མཚན་ཉིད་ཚང་། མི་ཡིན་པའི་ཚོར་ཤུགས་དྲག་པོ་སྐྱེ། ང་ཚོ་མི་ཡིན་པས་མི་ལ་བསྟུན་ཏེ་མིའི་སྒྲུང་བཤད་ན། མིའི་སེམས་ཁམས་ལ་འཇུག་སླ། མིས་རེ་བ་འཇོག་སའི་གཞི་དེའང་དཀའ་སྣང་དུ་འགྲོ་མི་སྲིད་པར་སེམས་ཤུགས་དང་མཉམ་དུ་དུས་ཡུན་རིང་བོར་གནས་ཐུབ།
འདྲེ་ཐོ་ཐོ་ནས། ༢༠༡༧ །༠༤།༢༨ལ།
ཡིག་རྨོངས།
བོད་ཡིག་མེད་མཁན་རྒྱ་ཡིག་འཁྱེར་མཁན་ལགས།།
བོད་པའི་ཡི་གེ་ཁྱིམ་ནས་བརྗེད་ཡིན་ནམ།།
ཀ་ཁའི་འགོ་མཇུག་ཙམ་ཞིག་བསྒྲགས་བྱས་ནས།།
གང་སར་ཕེབས་པར་རུམ་དུ་ཁྱེར་ན་ལེགས།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༠༦ ལ།
འཇུ་མི་ཕམ་དང་འདྲེ་ཐོ་ཐོ།
འཇུ་མི་ཕམ་པའི་ཞལ་ནས།
ཆེ་རྣམས་ངོ་ཚ་མི་ཤེས་ན། །
ངོ་ཚ་མེད་རྣམས་སུ་ཡིས་འདུལ། །
སྐྱབས་ལས་འཇིགས་པ་བྱུང་བ་དང་། །
ཆུ་ལས་མེ་འབར་སུས་ཞི་ནུས། །
འདྲེ་ཐོ་ཐོའི་ངག་ནས།
ཆེ་རྣམས་ཆེ་མདངས་མཐོ་ཉམས་རྫིག་ཉམས་ཁྲོད།།
ཡ་རབས་གཤིས་ཀས་དབུལ་དུ་བཏང་ཡོད་ཀྱང་།།
ཆེ་མདོག་མེད་པའི་གསར་སྐྱེས་གཞོན་ནུའི་ཚོགས།།
རིམ་གྱིས་བོད་ཁམས་འདི་ཡི་རྐང་འཛིན་ཆགས།།
ཆེ་བའི་ཆོ་ལོ་སྣ་ཚོགས་ཐོབ་བྱས་ཏེ།།
ཡོན་ཏན་མེད་དང་ཅོལ་ཆུང་ཆེ་མདོག་ཅན།།
ཉམས་ཆུང་ཚུལ་དུ་གནས་པའི་མི་བུ་ང་།།
འདུལ་དགོས་ཟེར་ན་ཙི་གུས་གླང་བོ་ཆེ
འདྲེ་ཐོ་ཐོ་ནས།
འདོད་གཏམ་ཐད་གླེང་།
གཙང་བཙོག་དབྱེ་བ་འབྱེད་རྒྱུར་རྨོངས་ཀྱང་རུང་།།
སྲོལ་དང་རིག་གཞུང་ཡིན་ཞེས་འཁྲེག་འཛིན་ཁྲོད།།
འདོད་པའི་ལས་ལ་མུན་ནག་ནང་དུ་སྤྱད།།
འོད་ལམ་ཕན་ཚུན་མཐོང་བའི་སྤྱད་དེར་སྨད།།
ཉིན་མོའི་དུས་སུ་བུད་མེད་བདུད་མོར་མཐོང་།།
ལུས་ཀྱི་གོས་རྣམས་གདོན་རྫས་ལྟ་བུར་མཐོང་།།
འདོད་པའི་སྨྱོས་ཚེ་བུད་མེད་ལྷ་རུ་མཐོང་།།
རུམ་དུ་འཛུལ་ཞིང་ཐོག་ཏུ་བཞག་སྟེ་བསྔགས།།
འདོད་པའི་བྱ་བར་འཇུག་ཚུལ་སྣ་མང་ཞིག།
དེ་ཡི་ཡོན་ཏན་ཤེས་ན་བཟའ་ཚང་སྐྱིད།།
དེ་ལ་ལེགས་གྲུབ་བྱུང་བས་མི་ལུས་བྱོན།།
རི་སྡེ་རྒྱལ་ཁབ་བཟའ་ཚང་རེ་རེས་གྲུབ།།
ཞི་ལུ་སྣང་མེད་མགོ་སྟོང་སྐྱལ་སྟོང་དེས།།
བུད་མེད་ཐོབ་ཕྱིར་དམ་བཅའ་བྲག་ལ་སྦྱར།།
ཐོབ་རྗེས་ཇི་ལྟར་སྤྱད་པ་ཅི་སྨྲས་པ།།
རྫིག་པོའི་ངང་ནས་གང་ས་གང་ལ་བཤད།།
བུད་མེད་དོན་དུ་སྨྱོས་པའི་གཞོན་སྐྱས་ཚོས།།
ཉིན་མཚན་དུས་དྲུག་གཡར་དགུན་སྟོན་དཔྱིད་ཁྲོད།།
ཁྱི་ལྟོག་བཞིན་དུ་ཁྱིམ་སྒོ་རེ་རེ་འགྲིམས།།
ངོ་ཚའི་ཡུལ་དུ་དེ་ལས་འཇོག་རྒྱུ་གང་།།
རང་གི་མས་ཀྱང་གཞོན་དུས་བརྒྱུད་ནས་ཐོན།།
སྐབས་དེར་མོའང་རྔོན་པའི་རྒྱ་ནང་དུ།།
རི་དྭགས་བསམ་ཏེ་འཛིན་ལྷོད་བར་ན་མནར།།
གཡོ་སྒྱུའི་ཚིག་གིས་མོ་ལ་བསླུས་པ་མང་།།
ད་ལོ་རྩེད་ཆས་བསམ་ཏེ་ཐབས་དང་གཡོ་སྒྱུ་ཡིས།།
ཁོ་མོར་རང་དང་ལས་འབྲེལ་བཙན་གྱིས་བྱེད་འཇུག་ཀྱང་།།
སང་ལོ་གཅེས་ཕྲུག་ཅིག་གི་དྲིན་ཅན་མ་ལོར་གྱུར།།
ཁ་ཆུ་སྣ་ཆུར་མཆུ་སྒྲོས་དམར་པོ་སྦྱར་ཏེ་འཇིབ།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༠༧ ལ།
ལྟོག་སྐོམ།
སེམས་ཀྱི་སྡུག་བསྔལ་ཟས་ཀྱིས་བཟོས་མིན་པའི།།
བཅུད་ལྡན་ཁ་བའི་ལྗོངས་ཀྱི་བོད་འབངས་རྣམས།།
ཁྱེད་ཚོས་གཟིགས་དང་གླིང་འདིའི་ཡུལ་མི་འགའ།།
ཟས་ཀྱིས་དབུལ་བས་དམྱལ་བ་དངོས་སུ་མྱོང་།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༠༧ ལ།
གངས་དཀར་པོའི་ཁ་བཏགས་གཡོགས་དུས།
རོགས་ཡག་པོ་མེ་ཏོག་འདྲ་མ།
ངས་འཐུ་ན་འདོད་ཀི་ཡོད་རུང་།
ཁྱེད་སྐྱེས་ས་མཐོན་པོའི་རི་རེད།
ཁྱེད་འུ་གཉིས་ཁ་ཐག་རང་འདུག
ང་གངས་རིའི་སེང་གེ་ཡིན་ན།
ཁྱེད་འུ་གཉིས་ཁྱིམ་མཚེས་ཆགས་འདུག
རི་མཐོན་པོ་གངས་ཀྱིས་གཡོགས་དུས།
ཁྱེད་ཉི་དྲོད་བརྒྱབ་ན་བསམ་བྱུང་།
རོགས་ཆུང་ལོ་རྫ་འགོའི་མེ་ཏོག
ཁྱེད་རྫ་རྒྱུད་སྨུག་པོའི་རྒྱན་རེད།
གངས་དཀར་པོའི་ཁ་བཏགས་གཡོགས་དུས།
ཁྱེད་ཁ་བ་དཀར་པོའི་རྒྱན་རེད།
འདྲེ་ཐོ་ཐོ་ནས།༢༠༡༧ །༠༥།༠༨ལ།
སེམས་བཙོག
འདི་འདྲའི་གནས་ཚུལ་མངོན་སུམ་མ་ཡིན་པར།།
འཇའ་གཟུགས་ལྟ་བུའི་དྲྭ་ངོའི་མཐོང་ནའང་།།
མ་ཎི་ཡིག་དྲུག་ངག་ནས་དབང་མེད་འཆོར།།
སྙིང་རྗེ་མེད་པའི་རྒྱ་མིའི་དགོད་སྒྲར་འཚེར།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༠༨ ལ།
སྟོང་སྐུ།
རང་གི་འདུ་ཤེས་རང་གིས་དབང་བསྒྱུར་ཅིང་།།
འབྱུང་ལྔའི་གྲུབ་པའི་གཟུགས་ཀྱི་ཕུང་བོའི་ཚོགས།།
ཏིང་ངེ་འཛིན་གྱི་ལམ་ནས་བསྒྲུབས་བྱས་ཏེ།།
རེ་རེར་རྣམ་པར་ཤེས་པའི་བསོད་ནམས་བསྩལ།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༠༨ ལ།
ཐོལ་བྱུང་ཁག
སྐད་འགོ་མཐོ་སོང་མ་བསམ།།
དེ་རིང་སྟབས་ཀ་བདེ་འདུག།
བསམ་བསམ་འདོད་འདོད་བཤད་ནས།།
བགྲོ་གླེང་བྱེད་ན་བསམས་སོང་།།
ཏང་གི་དར་དམར་ཤར་ནས་།།
ཁ་བ་དཀར་པོ་ཡུལ་ལྗོངས།།
དམར་པོའི་ཁྲག་ལ་སྦྱར་སོང་།།
ཏང་དེ་ཡག་པོ་ཨེ་རེད།།
མ་གཞི་ཏང་དེའི་རྩ་དོན།།
བསམ་ན་ཡག་པོར་འདོད་ཀྱང་།།
ཁ་ཡག་ཁོག་བཙོག་ཅན་པོས།།
མི་སེམས་བསླུ་བྱེད་བཟོས་ཡིན།།
ཐེངས་གཅིག་བསླུས་བའི་རྗེས་དེར།།
རང་ཉིད་སངས་རྒྱས་ཡིན་ཡང་།།
སླུ་མཁན་གདུག་གྲུབ་འདགས་ཕྱིར།།
འཕགས་ཡུལ་ཕྱོགས་སུ་བསླེབས་སོང་།།
སྤྱར་བཏང་བ་ལ་བཏགས་པའི་འཆར་སྣང་ཞིག
ཁྱད་པར་བ་ལ་བརྟགས་པའི་དོན་དམ་ཞིག
འགྲོ་བའི་སེམས་ཁམས་དཀྲུག་པར་མི་བྱེད་ཕྱིར།།
འགའ་རེ་ཀུན་རྫོབ་བདེན་པ་ཡིན་ཞེས་གསུངས།།
གཉིས་སྟོང་ལྔ་བརྒྱའི་སྔོན་གྱི་རྒྱ་གར་བས།།
གསུང་གི་རིན་ཐང་ཇི་ལྟར་ངོ་མཚར་ཡང་།།
ད་ལྟའི་བོད་འདིའི་གནས་སྟངས་སྐྱ་བོ་འདིར།།
དེ་དག་བརྩད་པའི་ཕན་ཐོགས་བྱུང་བ་གང་།།
ཚོགས་པའི་རླུང་རྟ་ཡར་ནས་ཡར་འགྲོ་མཛད།།
དཔྱིད་རླུང་འཇམ་པོའི་ཚོགས་པའི་གཤིས་ཀར་རེག།
ཟངས་མ་དཀར་པོ་གཡའ་ཡིས་མི་འཛིན་བཞིན།།
ཚོགས་པ་འདི་ལ་ཕན་པའི་དམ་པ་གསུམ།།
འདྲེ་ཐོ་ཐོ་ནས།
ལུས་དང་འདུ་ཤེས།
རང་གི་རྒྱུད་འདིའི་རྣམ་རྟོག་ལས།
འདུ་ཤེས་དེ་ནི་ཐར་བར་བྱོས།།
རང་གི་ལུས་དང་རྣམ་ཤེས་གཉིས།།
ཐ་དད་འབྱེད་པའི་ལམ་དེར་ཆུགས།།
ལུས་རྟེན་མེད་པའི་རྣམ་ཤེས་དེ།།
མཁའ་ན་རྒྱུ་བའི་དབུགས་ལྒང་ཞིག།
རང་ལ་ཁ་ཕྱོགས་ཡོད་མ་ཡིན།།
རླུང་གི་འགྲོས་དང་བསྟུན་ནས་འགྲོ།།
དབུགས་ལྒང་དེ་ནི་ལུས་རྟེན་ཏེ།།
ནང་གི་རླུང་དེ་རྣམ་ཤེས་ལགས།།
རྣམ་ཤེས་མིག་གིས་མི་མཐོང་བཞིན།།
རླུང་དེ་མིག་གིས་མཐོང་མི་སྲིད།།
མཁའ་རུ་རྒྱུ་བའི་འཕུར་སྐྱིད་པ།།
ཚན་རིག་ལས་གྲུབ་རྣམ་ཤེས་ཤིག།
རྣམ་ཤེས་དང་འབྲེལ་མི་ཡི་ལུས།།
མཁའ་རུ་བེད་སྤྱད་མེད་པས་ཤེས།།
མིས་བཟོས་ལུས་རྟེན་གཡོགས་པས་འཚོ།།
ལུས་རྟེན་གཉིས་བརྩེགས་ཡོད་པས་རྒྱུ།།
མཁའ་ཡི་འཇིག་རྟེན་བྲལ་བའི་རྗེས།།
ཡང་བསྐྱར་མི་ཡི་ལུས་རྟེན་སྤྱད།།
འདྲེ་ཐོ་ཐོ་ནས་བྲིས་སོ།
དོལ་རྒྱལ་དང་རྒྱ་འདྲེ།
ཁྱེད་ཀྱིས་ཇི་ལྟར་སྨྲས་ཀྱང་བདེན་པས་སྟོང་།།
སྟོང་ཁམས་འཇིག་རྟེན་འདི་ན་ཁྱེད་ཉིད་རྨོངས།།
རྨོངས་ཤིང་བསམ་བློ་མེད་པའི་དོལ་རྒྱལ་བ།།
བ་གླང་སེམས་ལས་མེད་པས་ཙི་ནས་བསླུས།།
བོད་མི་མང་ཕྱོགས་འགྲོ་ས་གང་ཡིན་པ།།
བོད་མི་མང་བོས་དད་ས་གང་ཡིན་པ།།
ཁྱེད་ཀྱིས་ཤེས་སམ་བོད་རིགས་སྤུན་ཟླ་ལགས།།
ཁྱེད་ཀྱི་ལམ་དེར་འགྲོ་མཁན་ཤིན་ཏུ་ཉུང་།།
ཁྱེད་ཀྱིས་དོལ་རྒྱལ་བརྟེན་ན་དོལ་རྒྱལ་རྟེན།།
རྟེན་ཞོར་རྒྱ་འདྲེ་དག་ལ་མི་བརྟེན་རོགས།།
བོད་ལ་མཁོ་བ་དཔོན་ངན་རྒྱ་འདྲེ་མིན།།
རྒྱ་འདྲེ་མང་ཞིག་རིམ་གྱིས་བཙོན་དུ་བཅུག།
དོལ་རྒྱལ་རྟེན་མཁན་ཡོད་ཚད་བཤད་ཀྱི་མེད།།
ཞོར་དུ་རྒྱ་འདྲེར་རྟེན་མཁན་བཤད་ཀྱི་ཡོད།།
རང་གིས་དོལ་རྒྱལ་བརྟེན་ན་རང་ཡིན་པ།།
ཞོར་དུ་རྒྱ་འདྲེར་བརྟེན་ན་རྒྱ་ཞེན་ཐོན།།
ང་དང་ཁྱེད་ནི་རིགས་རྒྱུད་མཚུངས་པའི་རིགས།།
ཤ་ཁྲག་འདྲ་བའི་བཙན་པོ་གཅིག་གི་འབངས།།
ང་དང་ཁྱེད་ལ་འཆའ་མཐུན་ཡོང་རྒྱུ་གཙོ།།
ང་ཚོའི་སྦྲ་གུར་ད་དུང་གཞན་པའི་སྤྱད།།
ང་དང་ཁྱེད་ཀྱི་སྐད་ཡིག་ཐོན་མིས་བཟོས།།
ང་དང་ཁྱེད་ཀྱི་རྒྱལ་ཁབ་བཙན་པོས་བསྐྲུན།།
ང་དང་ཁྱེད་ནི་ཕ་མ་གཅིག་གི་བུ།།
ང་དང་ཁྱེད་ཀྱིས་ལག་ལྡང་བྱས་ནས་འགྲོ།།
ང་དང་ཁྱེད་ལ་མཁོ་བ་འཆའ་མཐུན་ཡིན།།
གཅིག་གིས་གཅིག་དེའི་སེམས་པ་བསྲེག་བྱེད་པས།།
འཆའ་མཐུན་ཟེར་བའི་རྒྱ་ཞིག་བསྐྲུན་མིན་པས།།
དད་སའི་གཞི་དེར་ངན་སྨྲས་མི་བྱེད་གཙོ།།
ང་ལ་ཡིད་བཞིན་ནོར་བུ་གཙུག་གི་ནོར།།
ཁྱེད་ལ་རྡོ་རྗེ་ཤུགས་ལྡན་སྙིང་གི་ནོར།།
ངེད་གཉིས་བོད་རིགས་ཡིན་པ་གཅིག་མཚུངས་ལགས།།
ཁྱེད་དང་ང་ལ་ད་དུང་རྒྱལ་ཁབ་མེད།།
པདྨ་མེ་ཏོག་གིས་ ༢༠༡༧-༠༥-༠༨ ལ།
སྙན་ངག
ང་ཡི་རྣམ་ཤེས་འཇིག་རྟེན་འདི་ལ་སྙན་ངག་པ་ཡི་ཚུལ་དུ་བྱོན།།
མཛེས་མའི་ཚོགས་ལ་ང་ནི་དགའ་ལ་དགའ་ས་གཞན་དེ་སྙན་ངག་ཡིན།།
སུ་དང་གང་ལ་འགྲན་རིན་མེད་པས་ངས་ནི་གཞན་དང་འགྲན་མི་སྲིད།།
སྙན་ངག་ཚར་དུས་ངའང་འདི་ནས་སྙན་ངག་ཆེད་དུ་གཞན་ལ་འགྲོ།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༥ ལ།
རྣམ་སྨིན།
རྐང་ལག་གཅོད་དུ་འཇུག་པའི་གཏེ་བོ་དེ།།
ཤི་བའི་རྗེས་སུ་ད་དུང་རྐང་ལག་བཅས།།
གསོན་ནས་ཇི་བཞིན་མིག་གིས་མཐོང་ཐུབ་པས།།
སྡིག་པའི་རྣམ་སྨིན་དྲི་ཙམ་མེད་དེ་ཅི།།
བསྐལ་བ་བསྐལ་བའི་རྗེས་ཀྱི་རྣམ་སྨིན་དེ།།
འབྱུང་དང་མི་འབྱུང་ཚོར་བས་དཔག་དཀའ་ཞིང་།།
གལ་སྲིད་དེ་ལས་བརྒྱད་པའི་རྣམ་ཤེས་དེར།།
འབྱུང་ཡང་ད་ལྟ་བ་ལ་འདྲེ་སྒྲང་ཞིག།
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་བསེལ་ཞེས།།
རང་ཉིད་གཅིག་པོ་བདེ་བའི་ཞིང་ཁམས་སུ།།
འགྲོ་ན་འདོད་མཁན་འབངས་ཀྱིས་གསོས་བྱས་པའི།།
མི་བུ་ཁྱེད་ཚོས་མཐར་ཐུག་རང་དོན་སྒྲབ།།
སངས་རྒྱས་ཡིན་པས་ཡོད་ཚད་མཁྱེན་ཞེས་གསུང་།།
ཅི་ལྟར་མཁྱེན་པ་ཇི་བཞིན་ཁྱེད་ཚོས་རྗོད།།
བསགས་པའི་སྡིག་པ་ལས་ཀྱིས་བསགས་ཡིན་ན།།
སྡིག་པ་བགྱི་བ་ལས་ཀྱིས་བསགས་པ་ཞིག།
རླུང་གི་རྒྱ་ཆ་ཉུང་དུ་སོང་བས་བེམ་པོ་བསྐམས།།
བོད་པ་ཚང་གིས་འཇའ་ལུས་གྲུབ་ཞེས་ཆེ་བརྗོད་བྱེད།།
རྫོགས་ལྡན་དུས་སུ་མི་རེ་སྟེང་ན་འོད་རེ་སྐད།།
སྲིན་འབུ་མེ་འཁྱེར་འོད་ཀྱིས་གཡོགས་དེ་ཅི་ལྟར་འགྲེལ།།
འདྲེ་ཐོ་ཐོ་ནས།༢༠༡༧།༠༥།༡༥་ལ།
ཐག་རིང་དུ་བཞུགས་པའི་གྲོགས་དམ་པ་ཞིག་ལ།
གོ་ལའི་འཁོར་ཕྱོགས་མི་འདྲ་བས།།
འདི་ན་ཉིན་དང་དེ་ན་མཚན།།
འདིའང་ལས་ཤིག་ཡིན་ནམ་ཀྱེ།།
འགའ་རེ་མུན་ནག་འགའ་རེར་འོད།།
ངེད་རྣམས་ཉི་མ་དེ་ཡི་འོད་ཀྱིས་ཁེབས།།
ཁྱེད་དག་མུན་པ་དེ་ཡིས་བསྒྲིབས་ནས་ཡོད།།
འོན་ཀྱང་སེམས་དེ་མུན་པས་བསྒྲིབས་མེད་ཚེ།།
ཉི་མའི་དཀྱིལ་འཁོར་མཐོང་བའི་དུས་བཟང་ཐོན།།
ཁྱེད་ནི་སྔ་མོ་དུས་ནས་རྒྱུས་ཡོད་གྲོགས།།
ཁྱེད་སྐུའི་ཆ་ཤས་རེ་རེ་བརྗེད་ཀི་མེད།།
ཁྱེད་ཀྱི་རྣམ་དཔྱོད་འགྲན་ཟླ་བྲལ་བ་དེར།།
གྲོགས་ངས་ཡང་དང་བསྐྱར་དུ་བསྔགས་ན་འདོད།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༥ ལ།
གྲོགས་པོ་ལག་ཤེས་ཅན་པོ།
སྡེར་ཁ་མང་བོ་ཞིག་ན།།
ཟས་སྣ་མང་བོ་ཞིག་གིས།།
དྲི་ཞིམ་ས་ཁྱབ་རྡོ་ཁྱབ།།
མགྲོན་པོ་སུ་ཞིག་ཡིན་འདུག།
ལྷ་ཡི་ཚོགས་རྣམས་ཨེ་ཡིན།།
གྲོགས་པོ་ལག་ཤེས་ཅན་པོ།།
བསམ་བློ་གཏིང་ཟབ་ཅན་པོ།།
ཡིག་རིགས་སྣ་ཚོགས་ཤེས་མཁན།།
སྐད་རིགས་སྣ་ཚོགས་རྒྱག་མཁན།།
ཁྱེད་ཀྱི་ཞལ་ཟས་མཐོང་བས།།
མཆིལ་མས་མུད་པ་ཁེངས་སོང་།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༥ལ།
ལྟ་ལོག་ཟེར་བ་དང་ལྟ་བ་ཡང་དག་ཟེར་བ།
ལྟ་བ་ཡང་དག་ཡིན་ཞེས་ངས་མི་སྨྲ།།
ཡང་དག་ལྟ་བ་འདི་ཞེས་ཁྱེད་མ་སྨྲས།།
བོད་ཁམས་འཆམ་པོ་ཡོང་བའི་གཏམ་དེ་དང་།།
གྲུབ་མཐའ་མཐུན་པོ་ཡོང་བའི་གསུང་དེར་སོམས།།
ལྟ་ལོག་འདི་རེད་ཅེས་པའི་ངར་སྐད་དང་།།
དམ་ཉམས་དེ་རེད་ཅེས་པའི་སྨྲེ་ངག་རིགས།།
བོད་ཁམས་འཆམ་མཐུན་ཡོང་བར་ཕན་མིན་པས།།
ཁྱེད་དང་ང་ཡིས་དེའི་རིགས་དོར་རྒྱུ་བྱེད།།
འདས་པའི་དུས་སུ་གཏན་ཚིགས་ཡིན་པ་ཞིག།
ད་ལྟའི་དུས་འདིར་ད་དུང་ཡིན་ཞེས་ནས།།
ལུང་གིས་འགྲེལ་ཡང་དངོས་སུ་མྱངས་མེད་པས།།
ང་ལ་མཚོན་ན་ད་དུང་དཔྱད་གཞིའི་ཡུལ།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༦ ལ།
ཆོས་སྲིད་ཟུང་འབྲེལ་བརྗེད་མི་རུང་།
ཁྱེད་ནི་བླ་མ་ཞེས་ནས་ཕྱག་འཚལ་ཞོར།།
ང་ནི་སྲུངས་ཤིག་ཟེར་ནས་བཀའ་གཏོང་ཞོར།།
བླ་མ་གཞན་དེ་སྐྱབས་ལ་མི་འཛིན་ཞེས།།
དམ་བཅའི་ཚུལ་དུ་སྨྲས་འདིར་ཡ་རེ་མཚན།།
ཁ་བའི་ལྗོངས་ཀྱི་བླ་མའི་བླ་མ་དེ།།
གོང་ས་སྐྱབས་མགོན་མཆོག་ལས་སུ་ཞིག་བཞུགས།།
དེ་ཉིད་ཡིད་ཀྱིས་དོར་བར་ཡ་རེ་མཚན།།
དེ་ཉིད་མགོན་དུ་བསམས་ཏེ་གཞན་ཡང་བཀུར།།
རང་སྡེ་རང་ཡུལ་རང་ལ་རྒྱུས་ཡོད་གང་།།
རང་གི་གཙུག་ཏུ་བཀུར་ན་རང་གི་རྒྱན།།
ཡིན་ཡང་ད་ལྟའི་དུས་འདི་ཛ་དྲག་མཐོང་།།
ཡིད་བཞིན་ནོར་བུ་ཀུན་ལས་དང་པོར་བཀུར།།
སོ་སོར་སོ་སོའི་ཐད་ན་བླ་མ་རེ།།
སེམས་ཐག་ཉེ་བས་ཁྱིམ་ཀྱི་བཟའ་མིར་བསམ།།
བཀུར་བར་འདོད་པས་དད་པ་རྩེ་གཅིག་ཡིན།།
འོན་ཀྱང་ཆོས་སྲིད་ཟུང་འབྲེལ་བརྗེད་མི་ཉན།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༦ ལ།
རང་ས་དང་རང་མྱི།
རང་ས་བཞག་ནས་བྲོས་པ་བདེན་ཐག་ཆོག།
རང་ས་ཐབ་རྡོས་འཛིན་པ་འུ་ཐུག་ལམ།།
རང་ས་རང་གི་ལག་པས་སྦགས་བྱས་ནས།།
རང་ཉིད་ཡིན་མདོག་སྟོན་མཁན་སྙིང་རེ་རྗེ།།
རང་ས་བཟུང་ཡོད་བསམས་ཀྱང་གཞན་གྱི་གཡོག།
རང་དབང་ཡོད་ཁུ་འདོད་ཀྱང་གཞན་གྱི་འབངས།།
རང་རིགས་ཕྱི་ནང་དབྱེ་འབྱེད་བྱེད་བཞིན་དུ།།
རང་གིས་རང་གི་རིགས་ལ་སྨད་འདི་སྐྱོ།།
རང་གི་ཁྱིམ་མཚེས་ཙམ་ལས་བརྒལ་མེད་མཁན།།
རང་གི་བཟའ་ངོ་ཙམ་ལས་མཐོང་མེད་མཁན།།
རང་གི་རིགས་དེར་འདི་འདྲའི་སྡང་དོན་ཅི།།
རང་གི་རིགས་ལ་ཕྱི་ནང་བཀར་དོན་ཅི།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༦ ལ།
ཤོར་ཟིན་པའི་ཟླ་བའི་ཞལ་རིས།
འགྲིག་ནས་བཟའ་ཚང་གྱུར་བའི་ཚོར་སྣང་དེ།།
མ་འགྲིག་ཁ་ཁར་ཆགས་པའི་དེ་རིང་ཉིན།།
སེམས་ལ་ཤར་ན་ཁྱེད་ཉིད་དྲན་ནས་ཡོང་།།
མིང་གི་ཐེངས་བརྒྱར་ཤུགས་ཀྱིས་འབོད་ན་འདོད།།
འབོད་ཐེངས་རེ་ལ་ཁྱེད་ཉིད་ཕེབས་ན་བསམ།།
འཚོ་བའི་ཁྲོད་ནས་ཁྱེད་ཉིད་ཤོར་བར་སྐྱོ།།
ཁྱེད་ཉིད་མེད་པས་ངའང་འཚོ་རྒྱུ་དཀའ།།
སྙིང་གྲོགས་ཁྱེད་ནི་ངའི་ཕྱོགས་ཕེབས་རྒྱུ་བྱོས།།
འཇིག་རྟེན་འཁོར་བ་ཟེར་བ་དཀའ་ནའང་།།
ལས་ཀྱིས་ཐེངས་གཅིག་བཟའ་ཚང་བཀོད་པ་དེ།།
ཁྱེད་དང་ངེད་གཉིས་ལོ་ཆུང་སེམས་པ་ཡིས།།
འཛིན་སྐྱོང་མ་ཤེས་ཐེངས་ཤིག་བརླག་ཏུ་བཅུག།
དེ་རིང་གློ་བུར་ཁྱེད་ཉིད་དྲན་དང་ཞོར།།
སྔོན་མའི་རང་གི་ནོར་འཁྲུལ་བཟོས་པ་གང་།།
གཅིག་གཅིག་གཉིས་གཉིས་བྱས་ནས་ཤར་ཡོང་བས།།
བཟའ་ཟླ་མ་ཁྱེད་ཡང་བསྐྱར་འགྲིག་ན་འདོད།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༦
ཟངས་དཀར་མྱི་ལྡིང་གི་གཏམ།
ནམ་གུང་ཆུ་ཚོད་བཞི་བ་ཡས་མས་སུ།།
རང་ཉིད་བཟི་འདུག་ཅེས་ནས་གཏམ་བཤད་བགྱིས།།
གཏམ་གྱི་སྙིང་བོ་ཀུན་མཁྱེན་ཚང་ལ་ཐུག།
ཀུན་མཁྱེན་བླ་མའི་ཐུགས་དགོངས་རྟོགས་དཀའ་བརྗོད།།
བླ་བྲང་དགོན་པའི་དགོན་བདག་ཡིན་ཞེས་བསྔགས།།
མདོ་སྨད་དམ་པའི་བདག་པོ་རེད་ཅེས་བསྟོད།།
ཀུན་མཁྱེན་བླ་མ་སྐྱ་སར་བབས་ཡིན་པས།།
རྒད་པོ་ངར་བའི་ཆོ་ལོ་འབུལ་ཆོག་སྨྲས།།
སྒེར་དོན་གཉེར་ན་མཐུན་རྐྱེན་འཛོམས་ཞེས་བཤད།།
དཔལ་འབྱོར་བསམ་ན་ཚེ་དབང་བསྐུར་ཆོག་སྐད།།
སྙན་གྲགས་བསམ་ན་གསུང་བཤད་མཛད་ཆོག་སྨྲས།།
བསམ་ཚུལ་དེ་ལ་གནས་ལུགས་ལྡན་འདུག་སྙམ།།
འདྲེ་ཐོ་ཐོ་ནས་བཀོད། ༢༠༡༧།༠༥།༡༦ ལ།
ང་དང་ལོ་རྒྱུས་གཉིས་འབྲེལ་ཚེ།
ང་ནི་དེ་རིང་ད་ལྟ་རིང་སྐྱེས་པའི།
ཕྲུ་གུ་དམར་འབྱར་ཞིག་བྱེད་ན་འདོད།
ཡིན་ན་བསམ།
ང་ལ་ཁ་སང་དང་ཁ་ཉིན་ཟེར་བའི་
འདས་སོང་བའི་ལོ་རྒྱུས་དེ་མེད་ན་འདོད།
ལོ་རྒྱུས་དེ་དགོས་དོན་མེད།
ངས་དེ་རིང་བཏུང་རྒྱུའི་འོ་མ་དེ་དང་།
སང་ཉིན་ཀྱི་གོམ་པ་རྒྱག་སྟངས་ལ་བསམ་བློ་གཏོང་རྒྱ་ལས།
ང་ལ་ཁ་སང་དང་ཁ་ཉིན་མེད།
ང་དུས་ནམ་ཡིན་ཡང་མདུན་དུ་སྐྱོད།
ངས་དུས་ནམ་ཡིན་ཡང་ད་ལྟ་བ་དང་མ་འོངས་པར་བསམ།
འདྲེ་ཐོ་ཐོ་ནས། ༢༠༡༧ །༠༥།༡༧ ལ།
ངོ་བསྟོད།
འདི་བཟང་དེ་བཟང་ཀུན་ནི་བཟང་བ་ཡི།།
ངོ་བསྟོད་འགྲོ་སའི་རིགས་དེ་སུ་ཡིན་པ།།
དེ་དག་ཉིད་ནི་ནམ་ཡང་དེ་དག་ཉིད།།
ལོ་བརྒྱ་འགོར་ཡང་སྔུན་གྱི་དེ་དང་དེ།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༧ ལ།
སྤྲོ་ལྷང་ལྷང་གི་སྤྲང་བོ།
ང་ནི་བརྒྱ་བཅུའི་རྒད་པོའི་རྒུད་པའི་ཕོ་མཚན་གཉེར་མས་གཡོགས་པ་ཞིག།
ཉིན་མཚན་རེས་མོའི་ཁྲོད་ན་ཁྲོམ་འདིའི་བརླ་སྒང་གཡས་གཡོན་སྟེང་དུ་འགྱེལ།།
ཁྱེད་རྣམས་རྡུལ་ཕྲན་མཚོན་ཆ་བླུགས་པའི་སྐེད་ཀྱི་ཁུག་མ་ངོ་མཚར་དེ།།
ན་ཆུང་བུ་མོའི་སྨྱོས་བུམ་ཇི་བཞིན་ང་ཡི་ལྟོག་སྐོམ་མིག་ན་གཡོ།།
ང་ཡིས་ལས་ལ་བརྩོན་མེད་ཟེར་ནས་ཁ་ནས་འདོད་འདོད་མི་བཤད་རོགས།།
སྐར་ཆ་གཅིག་ཀྱང་འཕྲོ་བརླག་མ་བཏང་ཁྱེད་ཚོའི་མདུན་ན་ཙོག་པུར་འདུག།
ངས་ནི་རང་གི་བརྩི་མཐོང་གཡུགས་ཤིང་མིག་ཆུའི་རྒྱན་དེ་གཏོར་ཞོར་དུ།།
ཁྱེད་ཀྱི་བྱམས་བརྩེ་དང་ནི་བོད་ལ་ལྡན་པའི་གཏོང་ཕོད་སློང་བཞིན་ཡོད།།
གལ་སྲིད་འགྲིག་གི་འདོད་ན་རྒྱ་གར་རྭོའུ་བྷེ་གཅིག་དང་ཡང་མིན་ན།།
ཐ་མག་རྐང་གཅིག་ང་ཡི་ལག་ཏུ་གཡུག་རྒྱུ་བྱོས་དང་དེ་ཡི་སྟོབས།།
ཕུལ་བྱུང་མཛེས་མ་མཱིན་ཎ་ལེའུ་ཧྲའི་འཛུམ་དམུལ་དང་ནི་རེག་པ་ལས།།
ངའི་སེམས་སྤྲོ་ཞིང་ང་ལ་བདེ་བའི་བདེ་བ་དཔག་མེད་སྦྱིན་ནུས་སོ།།
འདྲེ་ཐོ་ཐོ་ནས་གནའ་སྔ་མོ་ཞིག་ལ་རྒྱ་ཡིག་ནང་བྲིས།
བླ་མའི་སྐུ་པར།
སྤྱིར་ན་སྐུ་འདྲའི་སྐོར་ལ་ངན་བརྗོད་མཁན།།
ལྷག་ཏུ་ཁ་དོག་ཐད་ནས་མི་བཀུར་མཁན།།
གང་དེར་རང་གི་བླ་མའི་འདྲ་པར་དེས།།
སེམས་ལ་འཚེར་སྣང་སྦྱིན་པ་ཡ་རེ་མཚན།།
རང་སེམས་རང་གི་བླ་མར་འབྲེལ་ཡོད་ན།།
འདྲ་སྐུ་འདྲ་པར་ཐང་གའི་རིགས་དེ་དོར་།།
རང་གི་སེམས་དེས་བཞེངས་པའི་སྐུ་གཟུགས་ཤིག།
ཉིན་མཚན་དུས་དྲུག་སེམས་སུ་བཞུགས་མཛོད་ཅིག།
ལོག་ལྟ་ལོག་པར་སྨྲ་བའི་ཛ་དྲག་དུས།།
རང་སེམས་དྲང་བོའི་ལམ་དུ་འཇོག་བྱེད་པར།།
བླ་མའི་སྐུ་པར་ཡང་ཡང་མཇལ་བཅུག་ན།།
སོ་སྐྱེས་ཕུང་བོའི་ཚོགས་ལ་སྨད་དུ་འགྲོ།།
རང་གིས་གཏམ་དེ་བདེན་པར་བཟུང་བས་སྨྲས།།
གཞན་གྱིས་དེ་ལ་ཚོད་འཛིན་བྱེད་བཅུག་ན།།
རང་ཉིད་རང་དང་འགལ་བར་བྱེད་དུ་བཅུག།
བདེན་པར་འདོད་པས་བདེན་པར་བསྒྲུབ་རྒྱུ་གཙོ།།
གཞུང་དང་ལུང་རྣམས་ཡ་མཚན་ཡིན་འདོད་ཀྱང་།།
དེ་ཡང་མི་ཡི་རིག་པས་བསྒྲུབས་པ་ཞིག།
ཁྱེད་དང་ངའང་འདྲེ་མིན་མི་ཡིན་པས།།
སོ་སོའི་རིག་པས་བསྒྲུབས་པའི་གཞུང་ཡོད་ཆོག།
ལྷ་དང་འདྲེ་ཡི་ཁྱད་པར་རྟོགས་ཕྱིར་དུ།།
ང་ནི་འདྲེ་རུ་བརྫུས་ཏེ་འདྲེ་སྐད་འབྱིན།།
ངའི་སེམས་ལག་པ་གཡོན་པའི་སྨྱུ་གུའི་འོག།
ཡི་གེའི་གཟུགས་སུ་གྲུབ་སྟེ་གླིང་འདིར་འཁྱམ།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༨ ལ།
མི་ལོ་ཉི་ཤུའི་རྗེས་ལ།
སྤྲང་བོ་ཡིན་པའི་དུས་དེར།།
གཡས་གཡོན་བརླ་ཤ་མ་གཏོགས།།
སྟེང་གི་ཁྲག་ཐིགས་མཐོང་མེད།།
རང་ཉིད་གཙང་ཁེབས་ཡིན་འདུག།
སྤྲང་བོའི་དུས་ཀྱི་འཚོ་བར།།
རམ་འདེགས་བྱེད་མཁན་ཉུང་བས།།
བརླ་སྒང་ལྟ་བུའི་ཁྲོམ་འགོའི།།
རྡོ་རྒན་འགྲམ་དུ་ཉལ་མྱོང་།།
སྤྲང་བོའི་དུས་དེའི་སྙན་ངག།
རྩམ་དྲིར་བརྗེས་ན་བསམ་ཀྱང་།།
བརྗེ་མཁན་ཡུལ་དེ་མ་རྙེད།།
སྙན་ངག་གྲོད་ཁོག་ལྟོགས་འདུག།
སྤྲང་བོ་ཡུན་རིང་མ་བྱས།།
སྙན་ངག་བསྐམས་ནས་སོང་ཡང་།།
བརྩེ་དུང་མྱུ་གུ་འབུས་པས།།
སྙན་ངག་སླར་གསོ་བྱས་མེད།།
ཡུ་རོབ་གླིང་དུ་འཕུར་ནས།།
མི་ལོ་ཉི་ཤུའི་རྗེས་ལ།།
བསྐམས་ནས་ཡོད་པའི་སྙན་ངག།
ཚོར་བའི་མཚོ་མོར་དྲངས་ཡིན།།
འདྲེ་ཐོ་ཐོ་ནས། ༢༠༡༧ །༠༥།༡༨ ལ།
ཚོགས་གཙོའི་བྱུང་བ་བརྗོད་པ།
ཁང་བ་ཆུང་ཆུང་ཡིན་དུས།།
ཚི་ལེན་གཅིག་ལས་མེད་དུས།།
སྣང་བ་ནམ་མཁའི་གློག་རེད།།
དགོད་སྒྲ་འབྲུག་སྒྲ་ནོར་འགྲོ།།
ཟླ་ཕོགས་གྲངས་ཀ་ཉུང་ཡང་།།
ཡོང་འབབ་ཉུང་གི་བསམས་མེད།།
བཙན་བྱོལ་གཞུང་ཞབས་ཡིན་པས།།
ཡིད་སེམས་ཁེངས་ནས་བསྡད་ཡིན།།
རྒྱལ་བའི་བཀའ་ལུང་ཞུ་ཞོར།།
རྒྱལ་ཁབ་བདེན་མཐའ་གླེང་ཞོར།།
རྒྱལ་འབངས་གཙང་མ་བྱས་ནས།།
རྒྱལ་ཁབ་ཐོབ་ན་བསམས་མྱོང་།།
དེ་ལྟར་ཡུན་རིང་བསྡད་ཡིན།།
མི་དྲན་དགུ་དྲན་བར་ནས།།
གྲྭ་ལོག་བྱེད་རྒྱུ་དྲན་སོང་།།
ཆོས་གོས་གཡུག་རྒྱུ་དཀའ་སོང་།།
ཉམས་མྱོང་མེད་པའི་ཐོག་ལ།།
ངོ་ཚས་གཡོགས་པའི་རྣམ་པ།།
མཛེས་མའི་མིག་ལ་མ་ཡག།
སྡོམ་པ་འབུལ་ས་མ་རྙེད།།
ཉིན་ཞིག་སྙིང་སྟོབས་འཕར་ཏེ།།
ཆོས་གོས་ལུས་ནས་དོར་ཡིན།།
ཁུ་བ་གཏོར་ས་མ་རྙེད།།
སྡོམ་པ་ཡུན་རིང་བསྲུང་ཡིན།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༨ ལ།
བུ་རྒོད་འདྲེ་ཐོའི་ཟུར་ཞིག་གླེང་།
བོད་ཀྱི་འབྲོག་ཁུལ་ས་རུ་ལྟེ་ཁྲག་འཕོས།།
ལོ་ཆུང་བྱིས་པ་ཡིན་དུས་སློབ་གྲྭ་འགྲིམས།།
སློབ་ཆེན་མཐར་ཕྱིན་སྙན་ངག་འབྲི་མཁན་ཞིག།
ཕོ་སར་རྫིག་པས་རྒྱ་བོད་བུ་མོ་འགུགས།།
རིག་པ་རྣོ་ཞིང་གསར་བུ་ཁམས་དྭངས་ཤིག།
སུ་དང་འགྲོགས་ཀྱང་མི་གཤིས་བཟང་བོ་སྟོན།།
བརྩེ་དུང་ཟབ་པས་དཀའ་སྡུག་མྱོང་བ་མང་།།
རིགས་མཐུན་བུ་མོ་མང་བོས་དེ་མ་རྟོགས།།
ཐོག་མའི་ཕྱག་རྩོམ་རྒྱ་ཡིག་ལམ་ནས་བརྩམས།།
རང་དབང་སྒོ་ནས་དཔར་སྐྲུན་ཐུབ་ཀྱང་མེད།།
ཕྱི་ཡུལ་རང་དབང་ལུང་བར་བཙན་བྱོལ་བྲོས།།
ལོ་ངོ་གང་མང་བདེན་པའི་མཐའ་ཞིག་བརྩད།།
ཕྱི་ནང་གཉིས་ཀྱི་སྐྱིད་སྡུག་འཚོ་བ་མྱངས།།
མི་ཚེ་འཚོ་བའི་ཉམས་མྱོང་ཅི་རིགས་ཐོབ།།
ཕ་ཡུལ་དྲན་ཞིང་སྙན་ངག་རྒྱུན་དུ་འབྲི།།
བརྩེ་བ་ཡོད་པས་བུ་མོར་རྟག་ཏུ་དགའ།།
དེང་རབས་འཕྲུལ་རིགས་ལས་ལ་བཟོ་བར་བྱང་།།
ལྷག་བསམ་ཅན་གྱི་འབྲོག་པ་རྒན་པོའི་གཤིས།།
ཀུན་ལ་མཐུན་པའི་རྣམ་འགྱུར་བཟང་བོ་ཞིག།
འཚེ་མེད་ལས་ལ་གོམས་པའི་གྲྭ་རྐྱང་འདྲ།།
ཨཱརྱ་ཞི་གྲོལ་གྱིས།
ནམ་མཁའི་བྱ་ལ་བརྫུས་ནས།།
འདོད་གཏམ་གླིང་ལ་འཕུར་ཡོང་།།
སྐོར་བ་ཐེངས་ཤིག་བརྒྱབ་ནས།།
དབེན་པའི་གནས་ལ་བྱིན་སོང་།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༨ ལ།
བྱམས་བརྩེའི་འཁོར་ལ་ཞུགས་རོགས།
བྱིས་པ་ཆུང་ཆུང་འདི་ནི།།
ན་སོ་དར་ལ་བསླེབ་དུས།།
ཕ་རྒན་སྤྱོད་ངན་མཐོང་ན།།
སེམས་ཚོར་ཅི་འདྲ་ཡོང་ངམ།།
རྒྱ་སྐད་བཤད་ཀིན་ཡོད་ཀི།
རྒྱ་མི་ཡིན་ནོ་ཁོ་ཐག།
རྒྱལ་འབངས་འདི་འདྲ་ཡིན་པས།།
བྱམས་བརྩེའི་དེ་དཔོན་ཕེབས་འཇུག།
བོད་ལ་རྒྱལ་ཁབ་མེད་ཀྱང་།།
བྱམས་དང་སྙིང་རྗེ་ལྡན་པས།།
འདི་འདྲའི་གནས་ཚུལ་སྐྱོ་བོ།།
མཐོང་རྒྱ་གོ་རྒྱ་མི་འདུག།
ཡིད་བཞིན་ནོར་བུའི་མཛད་རྗེས།།
གོ་ལ་འདི་ལ་ཁྱབ་ཡོད།།
བྱམས་བརྩེའི་འཁོར་དུ་ཞུགས་ན།།
འབངས་དང་རྒྱལ་ཁབ་བདེ་ཡོང་།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༩ ལ།
རྒྱལ་ཁབ་སྨྱོས་པའི་རྣམ་པ།
རྒྱལ་ཁབ་སྨྱོས་ནི་འདྲ་ཞིག།
འོན་ཀྱང་གཏེ་བོ་སྨྱོས་པས།།
རྒྱལ་འབངས་སྨྱོན་པའི་བཏངས་རེད།།
རྒྱལ་ཁབ་སྨྱོས་ཞེས་བཤད་ཆོག།
སྨྱོན་པའི་དུས་དེའི་རྒྱལ་ཁབ།།
ལྷ་མེད་འདྲ་མེད་ཟེར་ཞོར།།
རང་ཉིད་ལྷ་རུ་འདོད་བཅུག།
འདྲ་སྐུ་འདྲ་པར་བཟོ་བཅུག།
མོའོ་ཡི་གསུང་རྩོམ་དང་ནི།།
མོའོ་ཡི་འདྲ་པར་བཅས་ལ།།
ཤོག་བུས་འགྲོ་སོང་ཆེ་བས།།
རྒྱལ་ཁབ་ཤོག་མཛོད་སྟོང་སྐད།།
མི་སེར་སྨྱོས་པ་ཇི་བཞིན།།
མོའོ་ཡི་པར་ཚོགས་བཤམས་ནས།།
མོའོ་ལ་དགའ་མདོག་བསྟན་ཏེ།།
རང་ཉིད་སྲུང་ཐབས་འཚོལ་འདུག།
རིག་གནས་གསར་བརྗེ་ཟེར་ནས།།
རིག་གཞུང་གསེར་ལས་དཀོན་པ།།
ཐལ་དང་རྡུལ་གྱི་བཏངས་སོང་།།
འབངས་ལ་གྱོང་ཆེན་རྒྱག་བཅུག།
གཞོན་སྐྱེས་དམག་མིའི་བསྒྱུར་སོང་།།
དམར་སྲུང་དམག་ཅེས་བཏགས་ནས།།
རྒྱལ་ཁམས་དཀྲུག་ཏུ་བཅུག་སོང་།།
འབངས་ཀྱིས་ཇག་ཚོགས་རེད་ཟེར།།
བོད་ཀྱང་དེ་ལས་ཐར་མེད།།
སྔོན་ཐོན་ཟེར་བའི་མི་བྱུང་།།
བླ་མ་གྲྭ་བའི་ཚོགས་ལ།།
སྡིག་པོ་ཡ་མེད་བཏངས་སོང་།།
དགོན་དང་ཆོས་གྲྭ་ཡོད་ཚད།།
ས་གཏོར་རྡོ་གཏོར་བྱས་སོང་།།
མེས་པོས་བརྩེགས་པའི་གླེགས་བམ།།
མེ་ཡི་ནང་དུ་གཡུགས་སོང་།།
བསམ་བློ་ཡོད་པའི་མི་དང་།།
མཁས་པ་ཡིན་པའི་མི་རྣམས།།
བཀས་བཀོད་རྒྱུད་འཛིན་ཟེར་ནས།།
མགོ་ལ་ཤོག་ཞྭ་བཀབ་སོང་།།
ཕྱུག་པོ་འཇོན་ཐང་ཅན་དག།
མི་སེར་ཁྲག་དེ་འཇིབས་ཟེར།།
ཁ་ལ་ཚོན་དམར་བྱུགས་ནས།།
མཉམ་རུབ་གཅར་རྡུང་བྱེད་བཅུག།
སྔ་མོའི་ཉི་རྩེ་ཤར་དུས།།
མོའོ་ཡི་གསུང་རྩོམ་བཀླག་དགོས།།
མཚན་མོའི་ཟླ་བ་ཤར་དུས།།
མོའོ་ལ་དམ་བཅའ་འབུལ་དགོས།།
གླེན་པ་ཤ་སྟག་རེ་རེས།།
མོའོ་ལ་དགའ་མདོག་སྟོན་ཕྱིར།།
མོའི་ཡི་གདོང་དེ་བཀོད་པའི།།
ལྕགས་ཐོབ་ཤ་ནང་འཛེར་སྐད།།
མོའོ་ལ་མཚོན་ན་ནང་ཆོས་དུག།
འབངས་ལ་མཚོན་ན་མོའོ་ནི་དུག།
མོའོ་ནི་ད་དུང་ཤེལ་སྒམ་ནང་།།
འབངས་ཀྱིས་རྣམ་སྨིན་འཁོར་བར་སྒུག།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༩ ལ།
ཡིད་འཇིགས་པའི་རྙིང་གྱུར་གྱི་གསར་འགྱུར།
ཁ་དོག་དམར་པོ་ཅན་པོས་གཡོགས་སོང་ཟེར།།
མུན་པའི་ཁོར་ཡུག་ཐེངས་ཤིག་སྦར་སོང་ཟེར།།
བདེན་ནི་རྫུན་ནི་ཤེས་རྒྱུ་ཁག་པོ་ཞིག།
རེ་བ་ཡིན་ན་གཏམ་འཆལ་ཡིན་པར་སྨོན།།
ཤ་ཁྲག་གཅིག་ཅིང་རིགས་རྒྱུད་གཅིག་ཡིན་ལ།།
སུ་དང་གང་ཡིན་སྲིད་འདིའི་འདུག་རྒྱུར་སྤྲོ།།
རྒྱལ་ཁབ་བསྐྲུན་པར་མི་རེར་འགན་རེ་ཡོད།།
ཁྱེད་དང་ང་ཡིས་རྒྱལ་ཁམས་དོར་ནས་བྲོས།།
ངེད་རྣམས་གཞན་གྱི་ཡུལ་དང་སྒོ་འགྲམ་དུ།།
མི་སེར་ཡིན་མདོག་བསྟན་ཏེ་གནས་ཡོད་ཀྱང་།།
མཐའ་མའི་འགྲོ་ས་འཆི་ས་བོད་ཁམས་ཏེ།།
བོད་ལ་བདེ་སྐྱིད་ཡོང་ན་ངེད་ཅག་བདེ།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༡༩ ལ།
བོད་འབངས་དཀྲུག་མཁན་གྱི་དོལ་རྒྱལ་བ།
བདེན་པའི་ལམ་དང་ཕན་པའི་ལམ།།
བོད་མི་མང་ཕྱོགས་འགྲོ་སའི་ལམ།།
རྒུད་པའི་ལམ་དང་ལོག་ལམ་ནི།།
བོད་ཁམས་དཀྲུག་པའི་དོལ་རྒྱལ་ལམ།།
སྔོན་མའི་ཤུགས་ལྡན་རྟེན་མཁན་དང་།།
ད་ལྟའི་དོལ་རྒྱལ་རྟེན་མཁན་གཉིས།།
འདྲ་སའི་ཆ་ན་མི་འདྲ་ས།།
གཞུག་མ་དེ་ཡིས་བོད་འབངས་དཀྲུག།
མི་རིགས་གཞན་པའི་བསམ་ངན་དེ།།
བློ་ཡིས་མ་ཚོར་ཚད་མར་འཛིན།།
རང་རིགས་དཀྲུག་པའི་སྤྱོད་ངན་དེ།།
བདེན་པར་བསམས་ཏེ་རྒྱ་ཁྱིའི་གྱུར།།
རྒྱ་ཁྱི་བྱས་ཏེ་རྒྱ་མི་བཞིན་དུ་གཏམ་ངན་བརྗོད།།
བོད་འབངས་དཀྲུག་པའི་དམིཊ་ཡུལ་སེམས་པར་བཅིངས།།
དོལ་རྒྱལ་རྗེས་འབྲང་རྒྱ་མིའི་རྒྱག་ཁྱི་ཁྱེད་དང་ཁོས།།
བོད་འབངས་དཀྲུག་སྟེ་རྒྱ་མི་བྱས་ཀྱང་རྒྱ་གཡོག་ཡིན།།
བོད་ཁམས་ཁྲག་ཏུ་སྦྱར་བའི་ལྔ་བརྒྱད་རྗེས།།
ཡང་བསྐྱར་ཁྲག་ཏུ་སྦྱར་མཁན་དོལ་རྒྱལ་བ།།
ཁྱེད་ཚོ་བོད་རིགས་སྤུན་ཟླ་ཡིན་མོད་ཀྱང་།།
ཁྱེད་ཚོའི་བྱ་སྤྱོད་རྒྱ་མིའི་དམག་མི་འདྲ།།
གོ་ལ་འདི་ན་ཀུན་གྱིས་བསྔགས་བྱེད་སའི།།
རྒྱལ་དབང་ཡིན་བཞིན་ནོར་བུར་ཕྱག་འཚལ་ལོ།།
བོད་ཁམས་ཡོངས་སུ་དཀྲུག་པའི་དོལ་རྒྱལ་བ།།
བོད་ལ་ཕན་པའི་ལམ་དུ་འཇུག་པར་ཤོག།
གང་ལྟར་ཁྱེད་དང་ང་ནི་བོད་ཡིན་པས།།
བོད་ལ་ཕན་ཐོགས་ཡོད་པ་གང་ཡིན་དང་།།
བོད་ལ་འཆམ་མཐུན་ཡོང་བ་གང་ཡིན་པ།།
དེ་ལ་གཞིག་སྟེ་དེའི་སྐོར་གླེང་ན་ཡག།
སྔོན་རབས་པ་ཡིས་བརྟེན་བྱས་ཀྱང་།།
ཞོར་དུ་མོའོ་ལ་བརྟེན་མེད་པས།།
ཁྱེད་ཚོས་བརྟེན་དང་སྔོན་མའི་བརྟེན།།
གནམ་ས་གཉིས་ཀྱི་ཁྱད་པར་ཡོད།།
ཁྱེད་ཚོས་ཤུགས་ལྡན་ཁྲོད་ན་མོའོ་ལ་བརྟེན།།
མོའོ་ཡིས་བོད་ཁམས་ཁྲག་ལ་སྦྱར་བ་བརྗེད།།
ཁྱེད་ཚོའི་སེམས་ལ་ཞོར་དུ་རྒྱ་འདྲེ་ཞུགས།།
དོལ་རྒྱལ་རྒྱ་འདྲེ་མཉམ་དུ་ཁྱེད་ཚོས་མཆོད།།
པདྨའི་མེ་ཏོག་གིས། ༢༠༡༧།༠༥།༡༧
ངའི་ཕ་ཡུལ།
རི་མཐོན་པོའི་རྫ་ལུང་གན་ན།།
ནག་སྟུག་གེ་སྨུག་པ་འཐིབས་པ།།
གན་རྫ་རིའི་སྐྱོན་ཟིག་མ་རེད།།
གན་རི་ལ་དུག་རླངས་ཕོག་རེད།།
མཚོ་སྔོན་མོའི་ཆུ་མཛོད་ནང་ན།།
ཆུ་བསྐམས་ནས་ཚར་ལ་ཡོད་པ།།
གན་མཚོ་མོའི་སྐྱོན་ཟིག་མ་རེད།།
གན་མཚོ་ལ་དུག་ཆུ་འདྲེས་རེད།།
འབྲོག་རི་སྡེའི་སྡེ་དཀྱིལ་གན་ན།།
སྦྲ་ནག་པོ་ཇེ་ཉུང་འགྲོ་བ།།
གན་རི་སྡེའི་སྐྱོན་ཟིག་མ་རེད།།
གན་འབྲོག་ཁྱིམ་གྲོང་ལ་དེད་རེད།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༢༡ ལ།
དེའི་སྐོར་ལ་བསམ་ཚུལ།
ངན་ཆའི་སྐོར་ནི་དེ་དང་མཇལ་བའི་བརྙན།།
བོད་ཁམས་ཀུན་ལ་ཁྱབ་ཏུ་བྱས་པ་དེ།།
དེ་ཡི་ཟུར་ནས་རྫུན་མ་བདེན་པར་བསྒྲུབ།།
བདེན་པར་བསམས་ཤིང་མཇལ་བས་རྒྱལ་བ་འགལ།།
ཙི་ནའི་ཡུལ་ནས་སྤྲད་པའི་ཆོ་ལོ་དག།
ཙི་ནའི་ཁུངས་ཀྱི་ཡིན་པར་སྒྲུབ་བྱེད་ཅིག།
ཞོར་དུ་རྫུན་མ་ཁྲི་ལ་བསྡད་བཅུག་ནས།།
མཇལ་དུ་བཅུག་པ་རྒྱལ་པར་རྒོལ་ལན་ཞིག།
ཙི་ནའི་རྒྱལ་ཁབ་རྒྱལ་ཁབ་རེད་འདོད་བཞིན།།
བྷོ་ཊའི་རྒྱལ་ཁབ་རྒྱལ་ཁབ་མིན་འདོད་མཁན།།
འཛམ་གླིང་འདི་ན་མི་རིགས་ཉུང་ཉུང་ཡིན།།
དགེ་བཤེས་ཡིན་པས་མཁས་པའི་མཚན་རྟཊ་ཡོད།།
རྡོ་རམས་དང་ནི་ལྷ་རམས་རབ་འབྱམས་པ།།
ངེད་ཅག་བོད་ལ་སྔོན་ནས་ཡོད་པ་ཞིག།
དེ་དག་མཁས་པ་མ་རེད་བཤད་མཁན་མེད།།
གླེཊ་བམ་རི་ལྟར་བརྩེཊ་པས་བདེན་དཔང་ཡོད།།
དེ་དག་ལག་རྟགས་ཡོད་པས་མཁས་པར་འདོད།།
གཞན་དག་ལག་རྟཊ་མེད་པས་མཁས་མིན་བསྒྲུབས།།
བོད་ཁམས་འདི་ཡི་མཁས་པ་ཉུང་དུ་བཏང་།།
མཁས་པ་རྣམས་ཀྱི་བསམ་བློ་རྒྱ་ལ་བཙུགས།།
འདྲེ་ཐོ་ཐོ་ནས། ༢༠༡༧།༠༥།༢༡ ལ།
མི་ཤེས་ན་འདི་རེད་ལགས།
ངའི་ནི་ཁ་སྤུ་འགྲམ་སྤུ་དཀར་ནས་ཡོང་།།
ཁྱེད་ནི་མགོ་བོའི་སྐྲ་ལ་དཀར་ཐིག་འདྲེས།།
ངེད་གཉིས་ཡང་བསྐྱར་གཞོན་ཤ་རྒྱས་གྱུར་ན།།
ངེད་གཉིས་གསེབ་དང་རྒོད་མ་འཁྲབ་ན་ཆོག།
ཁྱེད་ནི་གཞོན་ནུའི་དུས་ནས་དར་མར་བརྒལ།།
ང་ནི་དར་མའི་དུས་ནས་རྒན་ཁོག་སྟེ།།
ངེད་གཉིས་སེམས་པ་མཐུན་ཡང་སྟོབས་མི་མཐུན།།
ང་ལ་ལུས་ཤུགས་འཕར་བའི་བདུད་རྩི་མཁོ།།
ཁྱེད་ནི་དར་མའི་ནང་ན་ཚ་ལུམ་ལུམ།།
ང་ནི་རྒན་ཁོག་དཀྱིལ་ན་འཁྱག་སོབ་སོབ།།
ངེད་གཉིས་ལོ་རབས་གཅིག་གི་མི་མིན་པས།།
ཁྱེད་དང་ང་གཉིས་འགྲོགས་རྒྱུར་བཀག་རྒྱ་མང་།།
འདྲེ་ཐོས། ༢༠༡༧།༠༦།༢༢ ལ།
ཕ་ཡུལ་རྨ་ཆུ།
དཔྱིད་ཀའི་རྨ་ཆུའི་ལྗང་ལྭ་ཇུས་འགོད་བྱེད།།
རྨ་ཆུའི་དཔྱིད་ཀ་བརླན་གཤེར་ནང་ན་སད།།
དཔྱིད་ཀྱི་བུ་མོ་དབྱར་དུས་གཞོན་ནུ་ལ།།
དུས་ཚིགས་ལྟར་དུ་བག་མར་འགྲོ་གྲབས་བྱེད།།
དབྱར་དུས་རྨ་ཆུ་སྔོ་ལྗང་གཡུ་ཡི་མདོག།
རྨ་ཆུའི་དབྱར་ས་མེ་ཏོག་ཚོགས་ཀྱིས་ཁེངས།།
དཔྱིད་དཔལ་ལྷ་མོའི་ལང་ཚོ་དབྱར་ལྷར་འཐིམ།།
སྟོན་ཁའི་ལོ་མས་དགུན་དུས་བསུ་བར་གཉེར།།
སྟོན་ཁའི་རྨ་ཆུ་སེར་པོ་གསེར་གྱི་མདོག།
རྨ་ཆུའི་སྟོན་མདོག་མཛེས་ཤིང་བྲལ་དཀའ་བ།།
ངོ་མཚར་དབྱར་དུས་སྐད་ཅིག་ཉིད་དུ་ཡལ།།
དགུན་དུས་དཀར་པོས་དངུལ་གྱི་མེ་ཏོག་འབབ།།
དགུན་ཁའི་རྨ་ཆུ་ཕྱིང་ལྭ་དཀར་པོ་ཅན།།
རྨ་ཆུའི་དགུན་དུས་བཙག་དང་རླུང་དམར་ནང་།།
སྦྲ་ནག་མཐའ་ཡི་ནག་མོ་ནོར་དང་རྟ།།
ཁ་བའི་ཁྲོད་ན་གོས་ལྭ་དཀར་པོས་གཡོགས།།
འདྲེ་ཐོས། ༢༠༡༧།༠༦།༢༥ ལ།
ད་ལོར་ལས་ཀ་རེག་སོང་།
ན་ནིང་ད་མཚམས་ཤིག་ལ།།
ལུས་པོ་སྐམ་པོ་བཟོ་ཕྱིར།།
དངུལ་ཕོན་ཆེན་པོ་སྤྲད་དེ།།
རྩལ་སྦྱང་ལས་ཁུངས་འགྲིམས་ཡིན།།
ཚགས་དང་ལེ་ལོའི་དབང་གིས།།
ཐེངས་འགར་སོང་བའི་རྗེས་སུ།།
ལས་ཁུངས་འགྲིམ་རྒྱུ་མ་བྱུང་།།
སྒོར་དག་འཕྲོ་བརླག་བཏང་སོང་།།
ད་ལོའི་ལོ་འདི་ཡག་སོང་།།
གྲོགས་པོར་བཀའ་དྲིན་ཆེ་སོང་།།
ལས་མེད་གཡོ་རྒན་ང་ལ།།
གྲོགས་པོས་ལས་ཀ་སྤྲད་སོང་།།
ལས་ཀའི་ཁྲོད་ན་ཀུ་རེ།།
རྔུལ་ཆུའི་ནང་ན་སྒོར་མོ།།
དཀའ་ཚེགས་ཁྲོད་ན་རྩལ་སྦྱང་།།
ལུས་འདི་ཇེ་སྐམ་ཇེ་ཡག།
ལུས་ལ་ལྗིད་གོག་མེད་ན།།
ཆུང་མར་དཀའ་ལས་མི་འདུག།
འབྲོང་ཁའི་རྒོད་མ་དཀར་མོའི།།
ངོ་མཚར་བང་རྩལ་དྲན་བྱུང་།།
མི་ལོ་བཅུ་གཉིས་ནང་དུ།།
ལས་ཀར་ཐེངས་ཤིག་སོང་ཡིན།།
ལོ་གཅིག་ཏག་ཏག་ལས་ཡིན།།
རྗེས་སུ་ལས་མེད་ཆགས་སོང་།།
ལས་ཀ་ཡོད་དུས་སྒང་ལ།།
གཞུང་གི་ཁྲལ་དེ་མཇལ་བས།།
བརྒྱ་ཆའི་བརྒྱ་བཅུ་ཐམ་པ།།
ཕོགས་ལ་བསྡུར་ནས་སྤྲད་སོང་།།
ལས་ཀ་ཡོད་དུས་སྒོར་མོ།།
ལས་མེད་ཡིན་དུས་སྒོར་མོ།།
སུད་སི་རྒྱལ་ཁབ་འདི་ལ།།
བཀའ་དྲིན་ཞུ་འདོད་བྱུང་སོང་།།
མི་ལོ་མང་བོའི་ནང་དུ།།
ལས་ཀ་ལས་མྱོང་མེད་ཀྱང་།།
སྐྱབས་གསོའི་སྒོར་མོ་ཟོས་མེད།།
རང་ཁ་རང་གསོ་བྱས་ཡིན།།
འདྲེ་ཐོས།༢༠༡༧།༠༦།༢༦ལ།
གྲོགས་པོའི་ཟ་ཁང་གསར་པའི་འཆར་གཞི།
གནམ་གཤིས་འགྱུར་ལྡོག་ཇི་བཞིན།།
ཟས་ལ་དྲོ་འཁྱག་རིགས་ཡོད།།
ཚ་བ་ཡོད་དུས་ཤིག་ལ།།
ཉི་ཧོང་ཟས་ལ་རོལ་ཆོག།
ཆར་དང་གྲང་རླུང་ཡོད་དུས།།
ཚ་བོའི་ཟས་རིགས་བཟོ་ངེས།།
རང་ལ་ཁམས་པའི་ཟས་དེ།།
ཉིན་གུང་སྔོན་ལ་བསྐྱལ་ཡོང་།།
ཟས་རིན་ཆེན་པོ་མིན་ཏེ།།
སུད་སྒོར་བཅུ་དགུ་ཡས་མས།།
རང་ཉིད་གང་དུ་བཞུགས་ན།།
དེ་ལ་བསྐྱལ་ནས་ཡོང་ཐུབ།།
སང་ཉིན་གང་ཞིག་ཟ་འདོད།།
བསམ་བློ་ཞིབ་ཏུ་བཏང་ནས།།
དེ་རིང་ཁ་པར་བཏང་ན།།
ང་ཚོས་གྲལ་སྒྲིག་བྱེད་ཆོག།
གཟའ་འཁོར་གཅིག་གི་ནང་གི།།
ལས་ཀའི་ཉི་མ་ལྔ་ལ།།
མི་འདྲའི་ཟས་སྣ་རིགས་ལྔ།།
འདོད་པ་ལྟར་དུ་བཟོ་ཆོག།
འདྲེ་ཐོས།༢༠༡༧།༠༦།༢༡་ལ།
བུ་ལོའི་སྐད་བསྐུར།
མི་ཤེས་ཟེར་ནས་ཨུ་ཚུགས་ཚ་པོ་མ།།
ཡུན་རིང་ཞིག་ཏུ་ངག་བཅད་བྱེད་མཁན་མ།།
མི་དྲན་ཟེར་ན་ང་ལ་དཀའ་མོ་ཞིག།
ཡུན་རིང་འགྱངས་ན་ང་ནི་སྨྱོ་ས་རེད།།
མི་དགོས་ཟེར་ཞོར་རུམ་ཁ་འབྱེད་མཁན་མ།།
ཕན་ཚུན་འཁྱུད་ཚེ་བརླ་སྒོ་ཆེ་ཆེར་ཕྱེ།།
མི་ལས་ཟེར་ཞོར་འདོད་པའི་འཁུན་སྒྲ་འབྱིན།།
མི་འགྲོགས་ཟེར་ཡང་སྐད་བསྐུར་མང་མང་བྱེད།།
བུ་ལོ་ཟེར་ཞོར་འདོད་གཏམ་གླེང་དགའ་མ།།
འདོད་པའི་གར་ལ་ཞུགས་རྒྱུར་སོམ་ཉི་མ།།
བུད་མེད་ཐོབ་ཐང་སོར་མོས་འཇལ་མཁན་མ།།
ཕ་རོལ་པ་དེའི་སྟེང་ནས་འགེབས་མཁན་མ།།
བརྩེ་དུང་བསམས་ཤིང་སྐྱེས་ལྷར་འབྲལ་མཁན་མ།།
བརྩེ་དུང་ཆེད་དུ་འབྲོག་ལ་ཕེབས་མཁན་མ།།
བརྩེ་དུང་བསམས་ཤིང་འབྲོག་མོའི་གཤིས་ཀ་ཉར།།
བརྩེ་དུང་ཆེད་དུ་གྲོང་ཁྱེར་འགྲིམ་རྒྱུ་སྤངས།།
བརྩེ་དུང་ཁྲོད་ན་བཟའ་ཚང་དགའ་ལྷང་ལྷང་།།
བརྩེ་དུང་ལྡན་པས་འདོད་པའི་འདོད་པ་ཚིམས།།
བརྩེ་དུང་ཟེར་བ་རྒྱ་མཚོའི་རླབས་ཡིན་བཤད།།
བརྩེ་དུང་བསླེབས་ཚེ་འགོག་རྒྱུ་དཀའ་ཞེས་སྨྲས།།
བུ་ལོ་ཡིན་པས་ཚིག་རྩུབ་སྤངས་ཡིན་གསུངས།།
བུ་ལོའི་སེམས་ལ་འདྲ་མིན་མ་འཆར་གསུངས།།
བུ་ལོ་དེ་ཉིད་ས་མཐའི་འབྲོང་རེད་ཟེར།།
བུ་ལོའི་སེམས་པ་འབྲོང་ཁའི་རྡོ་རེད་ཟེར།།
དྲིན་ཆེན་མ་ལོ་སེམས་པའི་དཀྱིལ་ན་བཞུགས།།
ངག་གི་སྒོ་མོར་ཟླ་རེར་ཐེངས་རེ་ཐོན།།
བུ་ལོའི་སེམས་པ་རྡོ་རེད་ཟེར་ན་ཆོག།
མ་སེམས་ཆུ་དང་བུ་སེམས་རྡོ་ཞེས་སྐད།།
ས་མཐའི་འབྲོང་རེད་ཟེར་བར་བཀའ་དྲིན་ཞུ།།
འོན་ཀྱང་འབྲོང་ལས་ཐོ་ལོག་ཟེར་ན་འོས།།
སྐྱེ་གཟུགས་ལུས་སྟོབས་ཐད་ནས་གཞན་ལས་ཞན།།
རྒྱ་དང་འབྱོར་བའི་ཕྱོགས་ན་གཞན་གྱི་མཐའ།།
བསམ་བློའི་དཔལ་ཡོན་ཕྱོགས་ནས་རྒྱལ་ཡོད་ཀྱང་།།
མི་ཚེ་འདི་ནི་རྒྱུ་ཡིས་སྐྱོང་དགོས་ཕྱིར།།
དཔལ་ཡོན་ཁོ་ནས་བཟའ་མི་བསྐྱང་རྒྱུ་དཀའ།།
ས་མཐའི་འཚོ་བ་དཀའ་ཚེགས་མང་བོའི་ནང་།།
རང་ཉིད་སྐྱེ་ས་སྐྱེ་ཡུལ་དྲན་ནའང་།།
སྐྱེ་འཆིའི་ཚད་འཛིན་བྱེད་པོ་བཙན་དྲགས་པས།།
གནས་སྐབས་ས་མཐའི་འཁྱམ་པོ་བྱེད་དགོས་སོང་།།
ཉིན་ཞིག་བདེ་སྐྱིད་ཐོབ་ན་ཡོང་ཆོག་ཆོག།
འདྲེ་ཐོས། ༢༠༡༧།༠༦།༢༧ ལ།
དམྱལ་བའི་སྐོར།
འཇིག་རྟེན་དམྱལ་བ་ཐབས་ཀྱིས་ཟློགས།།
ཕྱི་མའི་དམྱལ་བ་སེམས་ཀྱིས་ཟློགས།།
གཅིག་དེ་མངོན་སུམ་ཡིན་པས་འཇིགས།།
གཅིག་ཤོས་སྣང་ངོར་གྲུབ་པ་ཞིག།
མི་ཡི་འདོད་རྔམས་ཧམ་སེམས་བཅས།།
འཇིགས་སུ་རུང་ལ་བཟློག་དཀའ་བས།།
ཚད་འཛིན་ཕྱིར་དུ་དམྱལ་བ་བསྟན།།
སྣང་ངོར་བཟོས་པའི་ཁྲིམས་ཤིག་ལགས།།
ཤིན་ཏུ་སྡུག་བསྔལ་དམྱལ་བ་སྟེ།།
གཤིན་རྗེའི་དམྱལ་བ་སྣང་ངོར་གྲུབ།།
དུད་འགྲོའི་དམྱལ་བ་དུད་འགྲོ་དང་།།
མི་ཡི་འདོད་རྔམས་རྒྱ་ལས་ཐོན།།
དམྱལ་བ་ཡོད་པར་འདོད་པ་དང་།།
ཕྱི་མ་ཡོད་པར་འདོད་པ་བཅས།།
འཛམ་གླིང་འདི་ཉིད་སྲུང་ཕྱིར་ཏེ།།
ཆོག་ཤེས་ལྡན་ན་གླིང་འདི་བརྟན།།
འདྲེ་ཐོས། ༢༠༡༧།༠༦།༢༩ལ།
མཁས་བླུན་བར་ན་ང་ནི་རྩལ་ལོག་ཅིག
ཨང་དང་འོ་ཞེས་ཚིག་ལྷག་ཡང་ཡང་ཤོར།།
དོན་གྱིས་བརྗོད་བྱ་དང་ནི་རྗོད་བྱེད་ལ།།
རྣོ་ངར་ལྡན་པའི་ཚིག་གིས་མ་འདང་བས།།
རང་སྐྱོན་འགེབ་ཕྱིར་ཨང་འོ་ཤོར་བ་ཞིག།
མཁས་པ་མིན་པས་སྨྲ་ལྕེ་ལྐུག་ནས་ཡོད།།
དཔོན་པོ་མིན་པས་གཏམ་ལ་རྫིག་ཉམས་མེད།།
བླ་མ་མིན་པས་ཅི་བཤད་བཀའ་སློབ་མིན།།
ཅི་ཡང་མིན་པས་ཅི་བཤད་སྟོང་བར་འཛིན།།
མཁས་པ་ཡིན་ན་མཁས་པའི་ཁྲོད་དུ་བརྗིད།།
བླུན་པོ་ཡིན་ན་བླུན་པོའི་དཀྱིལ་དུ་བདེ།།
མཁས་པ་མིན་ལ་བླུན་པོ་མིན་པ་གང་།།
གཉིས་ཀའི་བར་ན་བདེ་དུས་དཀའ་དུས་མང་།།
མཁས་བླུན་བར་ན་ང་ནི་རྩམ་ལོག་ཅིག།
མར་དང་ཆུར་བ་འོ་ཇ་དཀར་པོ་བཅས།།
མཉམ་དུ་བརྫིས་པའི་རྩམ་པའི་མགོ་རྔ་ཙམ།།
ཤེས་ན་འདོད་ཀྱང་བློ་ལ་ངེས་མ་ཡིན།།
འདྲེ་ཐོས། ༢༠༡༧།༠༦།༢༩ ལ།
ང་ཚོའི་ཐབ་ཚང་ནི་ཁྱེད་ཚོའི་ཐབ་ཚང་ཡང་ཡིན།
ང་ཚོའི་ཐབ་ཚང་ཁྱེད་ཚོའི་ཐབ་ཚང་སྟེ།།
ཅི་ཞིག་བཞེས་འདོད་གང་ལ་དགའ་བ་དེ།།
ང་ཚོའི་ཕྱོགས་ནས་ཧུར་ཐག་འབད་ཐག་གིས།།
བཟོ་རྒྱུ་ཡིན་ཏེ་ཁྱེད་ཚོའི་བསམ་དོན་བསྒྲུབ།།
ལྷག་ཏུ་མི་སྣ་ལྔ་དང་དྲུག་རེའི་བར།།
མཉམ་རུབ་བྱས་ནས་ཟས་སྣ་གཅིག་མངག་ན།།
ཉིན་གུང་རང་འདེམས་ནང་དུ་ཟས་དེ་བཟོ།།
སྔོན་ལ་ཁ་པར་གཏོང་རྒྱུ་མི་བརྗེད་རོགས།།
ང་ཚོའི་རང་འདེམས་རིན་གོང་ཆེ་མ་ཡིན།།
ཉིན་གུང་ཟས་ལ་སུད་སྒོར་བཅུ་དགུ་ལྷག།
ཚོགས་མི་ཡིན་ཚེ་སུད་སྒོར་བཅུ་བདུན་ཏེ།།
ཕྱི་ལ་ཁེར་ན་སུད་སྒོར་བཅོ་ལྔ་ཙམ།།
ཉིན་གུང་ཟས་ལ་ཟས་རིགས་སྣ་མང་ཡོད།།
ཉི་ཧོང་སོས་ཤིས་གསར་པ་འདྲ་མིན་ཡོད།།
དམིཊ་བསལ་བོད་པའི་མོག་མོག་རིཊ་གཉིས་ཡོད།།
གཅིག་ནི་ཤ་དང་གཞན་དེ་སྔོ་ཚལ་ལགས།།
ང་ཚོའི་ཟ་ཁང་འདི་ཡི་དམིགས་བསལ་ཟས།།
ཐུག་པའི་རིགས་ལ་ཐུག་རིང་འཐེན་ཐུག་བཅས།།
བྲོ་བ་འདྲ་མིན་རིགས་ཀྱང་འདྲ་མིན་ཡོད།།
བླུག་སའི་ཅ་ནེ་ཆེ་རྒྱ་ཆུང་རྒྱ་མེད།།
གཟའ་མཇུག་དུས་སུ་དམིགས་བསལ་རང་འདེམས།།
མོག་མོག་མཉམ་དུ་ཉི་ཧོང་ཟས་རིགས་ཡོད།།
ཆང་དཀར་ཆང་དམར་སྦི་རག་བསྲེས་མ་བཅས།།
གླུ་གཞས་མཉམ་དུ་མཆོད་ན་ཚོར་བ་བརྙེད།།
སོས་སེས་བཟོ་མཁན་རྗར་མི་ནེའུ་ཡི་ཡིན།།
དམིཊ་བསལ་གདན་འདྲེན་བྱས་པའི་མཁས་པ་ལཊ།།
མོག་མོག་བཟོ་མཁན་རྟ་མགྲིན་རྒྱལ་པོ་ཡིན།།
ལག་ཟས་ཞིམ་པས་མཐོ་རིགས་ཇ་མར་གྲགས།།
ང་ཚོའི་ཟ་ཁང་ཆེ་ཆུང་འགྲིག་ནས་ཡོད།།
སྐུ་མགྲོན་རྣམས་ལ་བཞུཊ་ས་སྐྱིད་པོ་ཡོད།།
གཙང་སྦྲ་ཕྱོཊ་ནས་སྐར་མ་བཞི་ཅན་ཡིན།།
འཁོར་ཡུག་ཕྱོཊ་ནས་ལྷིང་འཇཊ་མིན་རྒྱུ་མེད།།
འདྲེ་ཐོས། ༢༠༡༧།༠༦།༣༠ལ།
བོད་པ་ཚང་།
གར་སྟེགས་སྟེང་དུ་བོད་གླུ་གྱེར་དང་གྱེར།།
བོད་རིགས་ཡིན་པས་ཧ་ལས་ཧང་སང་མེད།།
གླུ་ཚིག་ནང་དུ་བོད་པའི་རིག་གཞུང་སྐོར།།
ཡང་དང་བསྐྱར་དུ་བསྡེབས་པར་བཀའ་དྲིན་ཞུ།།
གར་སྟེགས་ཕྱི་ནས་རྒྱ་སྐད་ཁོ་ན་བཤད།།
གདངས་ལ་ཉན་ན་རྒྱ་རིགས་ཡིན་པ་འདྲ།།
བོད་རེད་བསམ་ནས་འཛུམ་རེ་བསྟན་ཀྱང་རུང་།།
བོད་སྐད་བེད་སྤྱོད་གཏོང་རྒྱུའི་དཔེ་མི་སྲིད།།
བོད་རིགས་ཡིན་ན་བོད་སྐད་བཤད་ན་ཡག།
བོད་ཆས་གྱོན་ན་དེ་ལས་ཡག་མདོག་སྐྱེ།།
བོད་པ་ཚང་ལ་མི་འབོར་ཉུང་ཉུང་ཡིན།།
བོད་སེམས་བརླག་ན་དེ་ལས་ཉུང་དུ་འགྲོ།།
སྐད་འཕྲིན་རྒྱབ་ལྗོངས་རྒྱ་མིའི་ཡི་གེས་གང་།།
སྐད་འཕྲིན་མགོ་པར་རྒྱ་མིའི་རི་མོ་དག།
ཁ་བརྡའི་ཁྲོད་ནས་བོད་སྐད་མ་བཤད་ཚེ།།
རྒྱ་ཞིག་ཡིན་པར་ངོ་འཛིན་བྱེད་དགོས་ཆགས།།
བོད་དང་འབྲེལ་མེད་བརྙན་དང་པར་རིས་གཏོང་།།
ཉི་ཧོང་རྒྱལ་ཁབ་བོད་པའི་དགྲ་མིན་ཡང་།།
རྒྱ་ལྟ་བྱས་ཏེ་དེ་ལ་དམོད་མོའི་པར།།
ཚོགས་པའི་ནང་དུ་ཡར་བསྐུར་མར་བསྐུར་བྱེད།།
འདྲེ་ཐོས། ༢༠༡༧།༠༧།༠༡ ལ།
ལམ་དབུ་མའི་དཀྱིལ་ན་ངེད་གཉིས།
ཁྱེད་འུ་གཉིས་དཀའ་སོའི་གཅིག་རེད།།
འདིར་རླངས་འཁོར་ས་ཁའི་གྲོག་མ།།
འཕུར་བསམ་རུང་གཤོག་པ་མེད་ཀི།
གཟུར་བསམ་རུང་ལམ་ཁ་མེད་ཀི།
ཁྱེད་འུ་གཉིས་སྡུག་བསྔལ་གཅིག་རེད།
ཡུལ་ཡོད་རུང་འགྲོ་ས་མེད་ཀི།
རིགས་གཞན་པའི་རྒྱལ་ཁབ་ནང་ནས།།
ཚེ་འདི་ལ་མི་འདུག་རང་འདུག།
ཁྱེད་འུ་གཉིས་ཁ་ཕྱོགས་གཅིག་རེད།།
ཁ་འཁོར་ས་རྒྱལ་བའི་གསུངས་རེད།།
ཞེ་འཁོར་ས་བོད་ཁམས་ཡུལ་རེད།
ལམ་དབུ་མའི་དཀྱིལ་ན་ངེད་གཉིས།།
འདྲེ་ཐོས། ༢༠༡༧།༠༧།༠༡ ལ།
སུ།
སུ་དང་མཉམ་དུ་སུས་སུར་ལྟ་རེས་བྱེད།།
སུ་ཞིག་མཐོང་ཚེ་སེམས་ལ་དྲོད་སྣང་ཡོང་།།
སུ་དང་གང་ལ་ཁ་བརྡ་བྱེད་དུ་འདོད།།
སུ་དང་འགྲོགས་ན་སྐྱིད་པོ་ཡོང་གི་འདོད།།
སུ་ཞིག་ཤེས་འདོད་སུ་ཞིག་དོར་འདོད་ཡོད།།
སུ་དང་འགྲོགས་འདོད་སུ་ལ་འབྲལ་འདོད་ཡོད།།
སུ་དང་སེམས་པ་བསྲེས་ཏེ་སེམས་གཏམ་སྨྲ།།
སུ་ཞིག་སེམས་པའི་དཀྱིལ་གྱི་ཨ་ཇོ་ཡིན།།
སུ་ཞིག་མེ་ཏོག་མཚོ་ལ་འདྲེན་གྱིན་ཡོད།།
སུ་ཡིས་འོ་མའི་མཆོད་པ་འབུལ་གྱིན་ཡོད།།
སུ་ལ་འདོད་པའི་འཁུན་སྒྲས་རམ་འདེཊ་བྱེད།།
སུ་དང་མཉམ་དུ་དེ་རིང་གང་ན་བཞུགས།།
འདྲེ་ཐོས། ༢༠༡༧།༠༧།༠༢ ལ།
གཤིས་ཀ
འདྲ་མིན་བསམ་ཚུལ་བར་ན་སོམ་ཉིའི་ཁྲོད།།
ཡིན་མིན་ཐེ་ཚོམ་བར་ན་སེམས་པ་འཁྲུགས།།
དོན་མེད་དོན་དུ་བསམས་ཤིང་ཤུཊ་ཀྱིས་རྒོལ།།
དོན་ཅན་འཁྱོག་ཏུ་ཁྱེར་ཏེ་དམོད་མོ་བྱེད།།
གཞན་སྐྱིད་བཤད་ན་ཁ་མཁས་ཁོག་མཁས་ཡིན།།
རང་སྐྱོན་ཕྱོགས་ལ་ཁབ་སྐུད་ཙམ་ཞིག་མེད།།
འདི་འདྲའི་མི་ལ་ཁ་བརྡ་བྱེད་རྒྱུར་སྐྲག།
དེ་འདྲའི་དྲྭ་གྲོགས་ཡོད་ན་འབྲེལ་བ་ཆོད།།
གང་ལ་ཡིད་ཀྱི་ཡོན་ཏན་ལྡན་གྱུར་ན།།
དེ་ཉིད་བླ་མར་བསམས་ཤིང་ཕྱག་འཚལ་ཆོག།
གང་དེ་བདུད་ཀྱི་ཆོ་འཕྲུལ་རེད་སྙམ་ན།།
དེ་ཉིད་རིང་དུ་སྤངས་ཏེ་བརྟག་ན་ཆོག།
མཛའ་བརྩེའི་འོ་ཇ་དཀར་པོ་ཞིམ་ངར་ཅན།།
གྲོགས་དང་ཕྲད་ཀྱང་མ་ཕྲད་གྲ་སྒྲིག་ཡོད།།
ལེ་ལོ་ངལ་བའི་བར་ནས་འཛུམ་བརླགས་ཀྱང་།།
ཉིན་ཞིག་རེ་བ་བཞག་ཚེ་བསྒྲུབ་ངེས་ཡིན།།
འདྲེ་ཐོས། ༢༠༡༧ །༠༧།༠༢ ལ།
རང་གིས་རང་བྲིས་པ།
ཁོམ་པའི་འདོད་པར་འདོད་པ་གཅིག་ལས་མེད།།
གཅིག་དེ་ཡོད་པ་རྒན་མོ་རུམ་འདོད་པ།།
མི་ཁོམ་དུས་སུ་འདོད་པ་ཡོངས་སུ་ཉམས།།
གློག་ལས་བཟོས་པའི་གླ་པ་ཁོ་ནའི་གཟུགས།།
གང་ཤར་ཁོག་ཏུ་སྦས་ན་རིམ་གྱིས་ནད།།
ཕོག་ཐུག་བསམས་ནས་ཉར་ན་དེ་ལས་ནད།།
ཁོག་དེར་རན་པའི་ཟས་དང་མི་འདོད་ཟས།།
རིང་དུ་གནས་ན་གཉིས་ཀ་དུག་ཏུ་འགྲོ།།
ཇི་ལྟར་ཚོར་བ་ཅི་ཞིག་བསམས་པའི་རིགས།།
མ་གསང་མ་སྦས་དམར་རྗེན་འདི་ལ་བཀོད།།
འགའ་རེས་བཀླག་་ན་ང་ནི་སྨྱོན་པར་མཐོང་།།
སྨྱོན་པ་མཐོང་མཁན་ངས་ནི་ཅོལ་ཆུང་མཐོང་།།
འཇིག་རྟེན་འདི་ལ་ཐེངས་ཤས་ཕེབས་ཐུབ་པ།།
སྔོན་གྱི་ཚོགས་བསཊ་འབྲས་བུ་ཡིན་པར་འདོད།།
ཕེབས་པའི་རྗེས་སུ་ཕེབས་ཡིན་ཞེས་པའི་རྟགས།།
ཚིགས་བཅད་འགའ་རེ་འཇོག་རྒྱུའི་འདུན་པ་སྐྱེས།།
འདྲེ་ཐོས། ༢༠༡༧།༠༧།༠༢ ལ།
ངའམ་བོད་པ་ཚང་།
ང་ནི་བཙན་པོའི་འོག་གི་ཞི་མོ་མེ་ཏོག་མ།།
ང་ཡི་མཚན་མ་བཙན་དང་དབང་གིས་ཁྲག་ཏུ་བསྒྱུར།།
ང་ནི་སྐྱེ་འཆིའི་བར་ན་སྡུག་གི་མུན་པའི་ནང་།།
ང་ལ་ཐོབ་ཐང་མེད་ཅིང་སྐྱེ་ས་སྐྱེ་ཡུལ་བརླགས།།
ང་ནི་རྒྱལ་ཁབ་ཤོར་བའི་ཕྱི་རོལ་ཡུལ་གྱར་པ།།
ང་ནི་སྲིད་ཀྱི་ཚོང་རྫས་ཀུན་གྱིས་བེད་སྤྱད་ཡུལ།།
ངས་ནི་གནས་ལུཊ་བཤད་ཀྱང་གཞན་དག་སྨྱོན་པ་འདྲ།།
ངས་ནི་མི་སེར་བསམས་ཀྱང་ཁོང་ཚོས་སྒེར་དབང་གཉེར།།
ང་ནི་སེམས་ཤུཊ་འབར་བའི་མེ་ཡི་ལུས་པོ་ཞིག།
ངས་ནི་ཞི་བདེ་བསམས་པས་མེ་ལྕེས་རང་ལུས་བསྒྲོན།།
ང་ནི་དབུ་མའི་ལམ་གྱི་དཔའ་བོ་ལག་སྟོང་ཞིག།
ངས་ནི་གྲི་དང་མེ་མདའ་དོར་ནས་ཡུན་རིང་འགྱངས།།
འདྲེ་ཐོས། ༢༠༡༧།༠༧།༠༣ ལ།
ཐོབ་ཤོར།
རང་བཞིན་འགྲུབ་པའི་བྱ་གཞག་ཡོད་མིན་པས།།
གང་ཞིག་བསྒྲུབ་འདོད་སྒྲུབ་མཁན་བརྩོན་པར་ཞུགས།།
དཀའ་ཚེགས་ཁྲོད་ནས་གྲུབ་འབྲས་ཆེ་ཆུང་ཐོན།།
ལེ་ལོའི་ཁྲོད་ནས་ཅི་ཡང་ཐོབ་མི་སྲིད།།
ཡང་རེ་བསམ་ན་ཐོབ་པ་གང་ཡང་རུང་།།
མཐའ་མའི་དུས་སུ་ཉར་རྒྱུ་གང་ཡང་མེད།།
གང་དེས་འཛམ་པོའི་གླིང་འདི་ཐོབ་ནའང་།།
མཐའ་མའི་མཐའ་མར་གླིང་འདིར་འབྲལ་དགོས་ཆགས།།
དང་པོ་ཕ་མ་བརྒྱུད་ནས་ལུས་རྟེན་ཐོབ།།
རིམ་གྱིས་དེ་གཉིས་གཤེགས་ནས་དྭ་ཕྲུག་སྟེ།།
མི་ཚེའི་འཁོར་བའི་ཁྲོད་ན་རྒྱུ་ལ་རྔམས།།
མཐའ་མར་རྒྱུ་དང་རང་ཉིད་ཡོད་ཚད་བརླག།
འདྲེ་ཐོས། ༢༠༡༧།༠༧།༠༥ལ།
དེ་རིང་དང་དོ་དགོང་གི་ཚོར་བ་ཡ་མཚན་རེ།
ཁྱེད་ཀྱི་སེམས་རྩེར་སྟར་བ་ཚོར་བའི་མེ་ཏོག་སྟེ།།
མེ་ཏོག་ཚོགས་ལ་ང་ཡིས་རེག་ན་ཨེ་ཆོག་གམ།།
ངའི་སེམས་དམར་པོ་སང་ཉིན་སོའུ་ཤིས་གཟུཊ་སུ་འགོད།།
ཁྱེད་ཀྱི་མཆུ་སྒྲོས་ཐུག་ཙམ་བྱས་ན་ང་ནི་སྐྱིད།།
ཡུལ་མི་འདྲ་བའི་གནས་སྟངས་མི་འདྲ་བ།
ཁྱེད་ཀྱི་ཕྱོགས་སུ་མཚན་མོའི་ཟླ་བ་ཐོན།།
ང་ཡི་ས་ན་ཕྱི་དྲོའི་ཉི་མ་འཛུམ།།
ཁྱེད་ཀྱི་ཟླ་བ་མུན་པས་ཕྱེད་ཀ་བརྔུབས།།
ང་ཡི་ཉི་མས་མུན་པ་གཏོར་བར་གཉེར།།
འདྲེ་ཐོས། ༢༠༡༧།༠༧།༠༦ ལ།
གོ་སྐབས་བཟང་པོ།
ཚན་རིག་མེད་ཅིང་མི་འབོར་ཆེར་བརྟེན་ནས།།
དཔའ་བོའི་སེམས་ལ་མདའ་དང་མདུང་བཟུང་ནས།།
རྒྱལ་ཁབ་བསྲུངས་བའི་གོ་སྐབས་བཟང་བོ་དེ།།
རྒྱ་གར་བ་དེས་བོད་ལ་མེད་དུ་བཅུག།
གལ་སྲིད་རང་གི་རྒྱལ་ཁབ་ཤོར་མེད་ཚེ།།
རིག་གནས་གསར་བརྗེ་ཟེར་བ་ཡོང་མི་སྲིད།།
རྒྱ་གར་ཡུལ་དུ་སྐྱབས་བཅོལ་འགྲོ་དགོས་མེད།།
ཕྱི་ལ་འགྲིམ་པར་ནང་ཆོས་མེད་ཀྱང་ཆོག།
གལ་སྲིད་རང་ལ་རྒྱལ་ཁབ་ཡོད་གྱུར་ན།།
རྒྱ་མིས་བཅིངས་གྲོལ་ཟེར་བ་བྱུང་མི་སྲིད།།
ལྔ་བཅུ་ལྔ་བརྒྱད་ལོ་དེའི་བཙན་འཛུལ་དང་།།
བཙན་འཛུལ་ཁྲོད་ནས་དཔའ་བོ་འཆི་དགོས་མེད།།
གལ་སྲིད་རྒྱལ་ཁབ་དེ་ནི་ཤོར་མེད་ན།།
རྒྱ་གར་ཡུན་ནས་སློབ་གྲྭ་འཛུགས་དགོས་མེད།།
སློབ་གྲྭ་ཡོད་ཚད་བོད་ནས་བཙུགས་ན་ཆོག།
ད་ལྟ་བོད་ཁམས་བོད་མིའི་སློབ་གྲྭས་ཁེངས།།
རྒྱལ་ཁབ་འཛུགས་རྒྱུ་སྐྱོང་རྒྱུ་སྲུང་རྒྱུ་ལ།།
ཆོས་ཀྱི་འཁོར་ལོ་དང་ནི་ཕྲེང་བ་ཡིས།།
ཤིན་ཏུ་དཀའ་མོ་ཡིན་པ་ཤེས་ཡོད་ཚེ།།
ང་ཚོའི་རྒྱལ་ཁབ་བརླགས་མེད་ཁོ་ཐག་ཡིན།།
ང་ཚོའི་རྒྱལ་ཁབ་དེ་ནི་བརླགས་མེད་ན།།
རྗེས་སུ་བྱུང་བའི་བལྟས་ངན་ཡོད་ཚད་རིགས།།
ང་ཚོ་བོད་པའི་སྟེང་དུ་ཐོན་མི་སྲིད།།
ཁྱེད་ཀྱིས་བལྟས་ན་ནང་ཆོས་ཨེ་བཟང་གི།
ང་ཚོའི་སྲིད་དང་དམག་དོན་དཔལ་འབྱོར་བཅས།།
ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བའི་དུས།།
ནང་ཆོས་ཟེར་པས་དཔའ་སེམས་ཞུམ་དུ་བཅུག།
དཔའ་སེམས་ཞུམ་པས་རྒྱལ་ཁབ་བརླགས་དགོས་བྱུང་།།
ཉེ་བའི་ཕན་ཐོགས་ཚེ་འདིར་འདོད་པ་དང་།།
རང་བའི་ཕན་ཐོགས་ཕྱི་མའི་ཚེར་འཛིན་པ།།
རྒྱལ་ཁབ་མེད་པའི་འབངས་ལ་གཅིག་མཚུངས་ཏེ།།
འདི་ཕྱི་ཡོད་ཀྱང་གཉིས་ཀ་དམྱལ་བའི་ནང་།།
འདྲེ་ཐོས། ༢༠༡༧།༠༧།༠༩ ལ།
གྲོགས་ཆོས་འཕེལ་དར་རྒྱས་ལ།
བྲག་རི་གཟར་མོ་བར་སྣང་དབྱིངས་སུ་ཟུག།
ཁྱེད་ཀྱིས་སེམས་པ་ཉི་མའི་དྲུང་དུ་བསླེབས།།
རང་ཉིད་གླ་བར་བསམས་ཤིང་བྲག་རིར་འཛེགས།།
ཁྱེད་དང་ཉི་མ་གཉིས་ནི་ཁྱིམ་མཚེས་ལགས།།
ཁ་བ་དཀར་པོས་གཡོགས་པའི་བྲག་རི་དང་།།
སྤྲིན་པ་མཐུག་པོའི་ཁྲོད་ཀྱི་བྲག་རྩེ་ན།།
ཁྱེད་ནི་སྐབས་རེར་གླག་དང་སྐབས་རེར་གླ།།
ཁྱེད་ཀྱི་སྤོབས་པ་བསམ་ན་ཡིད་སྨོན་ཤོར།།
ཁྱེད་ནི་བཞུགས་ས་མཐོ་ས་མཐོ་ཡུལ་ཏེ།།
ཁྱེད་ལ་མཚོན་ན་འཇིག་རྟེན་ལག་པའི་མཐིལ།།
ཁྱེད་ཀྱི་མིག་རྒྱང་རིང་བོས་སྲིད་འདིར་གཟིགས།།
ཁྱེད་ཀྱི་ཐུགས་དགོངས་གནམ་མཁའི་དབྱིངས་སུ་འཐིམ།།
ཁྱེད་ཀྱི་ཁ་ཟས་ཞིམ་པོ་ཡུལ་དེའི་མགྲོན་བརྡ་ཞིག།
ཁྱེད་ཀྱི་ཐུགས་དགོངས་ཟབ་མོ་ཡུལ་དེའི་དགོན་སྡེ་ཞིག།
ཁྱེད་ནི་མངོན་སུམ་ཡིན་ལ་རྟོགས་དཀའི་ལྐོག་གྱུར་ཅིག།
ཁྱེད་དང་གྲོགས་སུ་གྱུར་བ་ང་ཡི་བསོད་ནམས་ཤིག།
འདྲེ་ཐོས། ༢༠༡༧ །༠༧།༠༩ ལ།
འོད་དཀར་མ།
ད་ནི་ཉིན་གུང་བར་གྱི་ངལ་གསོའི་དུས།།
སེམས་དང་མཛུབ་མོ་གཉིས་ཀ་རེ་ཞིག་ཁོམ།།
ཐག་རིང་མཛའ་མོ་འོད་དཀར་ལྷ་མོ་ལ།།
ཚིགས་བཅད་འགའ་རེ་མི་འབྲི་རང་འབྲི་ཆགས།།
བར་གསེང་ཁྲོད་ནས་ཐག་རིང་མཛའ་མོར་འཕྲད།།
སྙིང་གཏམ་འགའ་རེ་ཀུ་རེའི་ཚུལ་དུ་སྨྲས།།
ཀུ་རེའི་ཚུལ་དུ་འདོད་པར་སྦྱར་ནས་སྨྲས།།
མཛའ་མོའི་སེམས་ལ་ཕོག་ཐུག་མེད་པར་སྨོན།།
འདི་ན་རྒད་པོ་ང་ནི་བྲེལ་བའི་ནང་།།
འདི་ན་མེ་ཏོག་བསྲིང་སའི་མཛའ་མོ་མེད།།
འདི་ན་དགོད་གཏམ་གླེང་སའི་སེམས་གྲོགས་ཉུང་།།
འདི་ན་ཟུར་བལྟས་བྱེད་སའི་གསང་གྲོགས་མེད།།
ཡུན་རིང་བར་དུ་མགྲིན་དབྱངས་ཐོས་མེད་ཀྱང་།།
སེམས་པའི་དཀྱིལ་དུ་གྲོགས་མོར་བསམ་ནས་ཡོད།།
བདེ་མོ་ཨེ་ཡིན་འོད་དཀར་ལྷ་མོ་ལགས།།
ང་ནི་བདེ་ལ་ལས་ཀའི་བྲེལ་འཚུབ་ནང་།།
རྒྱང་ནས་མངགས་པའི་མཆུ་སྒྲོས་ kiss ཚ་བོ་འདིས།།
ང་ནི་གློ་བུར་ལྷ་ཡི་ཡུལ་དུ་འདྲེན།།
ཉིན་ཞིག་མཇལ་ཚེ་མངོན་འགྱུར་ཡོང་བར་ཤོག།
དེ་དུས་ཆང་དམར་ཞིག་གིས་རྩེ་འགོ་འཛུགས།།
ངལ་བའི་ཁྲོད་ན་ང་ནི་རྔུལ་ཆུས་བརླན།།
ཁྱེད་ཀྱིས་ Kiss ང་ཡི་སྤུན་ཟླ་བརླན།།
ཁྱེད་དང་མཉམ་དུ་ཁྲུས་ལ་འཇུག་འདོད་སྐྱེས།།
བྱ་ཞིག་ཡིན་ན་ད་ལྟ་འཕུར་ནས་ཡོང་།།
འདྲེ་ཐོས། ༢༠༡༧།༠༧།༡༤ ལ།
ལས་ཀ་དང་སྙན་ངག
དེ་རིང་རླུངས་འཁོར་བཞག་སྟེ་ལས་ཀར་མཆིས།།
ཞོགས་དུས་རླུང་ལ་ངར་ཤུགས་ཆེ་བ་དེ།།
དེ་རིང་མ་གཏོགས་སྔོན་མར་ཚོར་མ་སོང་།།
ང་ནི་ཡོམ་ཡོམ་འཕྱོ་བའི་བྱ་སྤུ་གཅིག།
ལས་ཀའི་ཕྱོགས་སུ་སྐྱོད་བྱེད་མེ་འཁོར་དང་།།
སྤྱི་སྤྱོད་རླངས་འཁོར་བཅས་ནི་དུས་ཐོག་ཐོན།།
ཆུ་ཚོད་ཕྱེད་ཀའི་བར་གྱི་ལམ་ཐག་དེ།།
སྙན་ངག་འབྲི་ཞོར་ཀློག་ཞོར་སྐྱེལ་བཞིན་ཡོད།།
ལས་ཀའི་ལམ་གྱི་སྙན་ངག་བྲེལ་འཚུབ་ཡིན།།
ལས་ཀའི་ཁྲོད་ཀྱི་སྙན་ངག་རྔུལ་ཆུ་ཡིན།།
ལས་ཀའི་ཞོར་གྱི་སྙན་ངག་ཀུ་རེ་ཡིན།།
ལས་ཀའི་མཇུག་གི་སྙན་ངག་འཛུམ་དམུལ་ཡིན།།
ཕྱི་དྲོའི་དུས་སུའི་ལས་ཀ་ཅུང་ཙམ་ཡང་།།
མགྲོན་པོའི་རྒྱུན་དེ་ཆུ་བཞིན་མི་འཆད་ཀྱང་།།
གཅིག་རེ་གཉིས་རེ་བྱས་ནས་ཕེབས་ཡོང་བས།།
ཐབ་ཚང་ནང་ལ་དེ་འདྲའི་བྲེལ་བ་མེད།།
མཚན་མོའི་དུས་ལ་ལས་ཀའི་མཇུག་བསྡུས་རྗེས།།
ཉིན་དེའི་ཚོང་གི་ཁེ་སང་བཟང་ཡོད་ཚེ།།
སྦྱིན་བདག་གདོང་ནས་རྒྱུས་ཡོད་འཛུམ་ཞིག་མཐོང་།།
ཝུ་ཆང་དམ་བུ་དམ་བུ་ཁྱེར་ནས་ཡོང་།།
འདྲེ་ཐོས། ༢༠༡༧།༠༧།༡༤ ལ།
འདྲེ་ཐོའི་སྨྲ་སྔགས།
གླུ་གཞས་འདྲ་བའི་ཚིགས་བཅད་དག།
སྙན་ངག་ཡིན་དང་མིན་ཞེས་པའི།།
ཐག་གཅོད་བྱེད་རྒྱུའི་སྤོབས་པ་མེད།།
སེམས་ཚོར་ཡིན་པ་ཐག་གིས་ཆོད།།
རང་ཉིད་སྙན་ངག་མཁན་པོ་མིན་པའི་སྟབས།།
རང་གིས་གང་བྲིས་རང་དང་འདྲ་ལེ་ཞིག།
གང་ལྟར་སེམས་ན་བཞུར་པ་གཙང་བོའི་རྒྱུན།།
གང་ལྟར་ཁྱེད་ལ་འབུལ་བ་དེ་ཡི་རྒྱུན།།
ཆུ་ནི་འོ་མར་བརྗོད་པའི་རབ་བཏགས་དང་།།
ཚོར་བའི་རྩ་ཁམས་རེ་རེ་དབྱེ་བྱེད་པའི།།
བློ་དང་རྣམ་དཔྱོད་ང་ལ་ཡོད་མིན་པས།།
གནས་སྐབས་ཤིག་ཏུ་འདི་ལྟར་འབྲི་དགོས་ཆགས།།
ཅི་ཞིག་འཆད་འདོད་གང་ཞིག་བསྟན་འདོད་པ།།
རྒན་གྱིས་སློབ་མར་བསམས་ཤིང་ཚིག་སྦྱར་སྤེལ།།
འདི་ལས་ལྷག་པའི་འབྲི་སྟངས་ངས་མི་ཤེས།།
འདི་ལས་ཟབ་པའི་གནས་ལུགས་ང་ལ་མེད།།
འདྲེ་ཐོས། ༢༠༡༧།༠༧།༡༥ ལ།
སྤྲང་བོ་ཞིག་གི་གོང་མ།
དེ་ན་གནམ་གཤིས་ཡག་གི།
སྐུ་མགྲོན་ཚང་ཀ་ཤིག་ཤིག།
འདི་ན་གནམ་གཤིས་བཙོག་གི།
མགྲོན་རྣམས་སིལ་བུར་འཐོར་སོང་།།
གནམ་གཤིས་ཡག་དུས་ཤིག་གི།
གཟའ་མཇུག་ཡིན་དུས་ཤིག་ལ།།
ཚོང་ཆེན་རྒྱག་རྒྱུའི་དཔེ་ཡོད།།
ད་ལོ་གནམ་གཤིས་བཙོག་སོང་།།
ངེད་གཉིས་སྦྱིན་བདག་ཡིན་ཡང་།།
ང་ནི་ཉིན་འགའི་སྦྱིན་བདག།
ཁྱེད་ནི་སྦྱིན་བདག་ཆེན་མོ།།
ངེད་གཉིས་འགྲན་ཐབས་མི་འདུག།
གང་ལྟར་སྐྱབས་བཅོལ་མི་ཚེ།།
འདི་འདྲ་བྱས་ནས་འགྲོ་དགོས།།
བུ་ཕྲུག་ལོ་ན་གཞོན་པས།།
ལས་ཀ་མི་ལས་ཐབས་མེད།།
བཙན་པོའི་ཁྲིམས་དེའི་འོག་ནས།།
ཁྲིམས་དེ་ཁུར་ནས་བསྡད་ན།།
འཚོ་བར་དཀའ་ངལ་མེད་ཀྱང་།།
སེམས་འདི་སྡུག་གིས་འཛིན་སྲིད།།
སྐྱེས་ལྷ་ཡུལ་ལྷར་བྲལ་ནས།།
གཞན་ཡུལ་འཁྱམ་པའི་ང་ནི།།
ཚེ་འདིར་ས་མཐའི་ལྡོམ་པོ།།
སྤྲང་བོ་ཞིག་གི་གོང་མ།།
འདྲེ་ཐོས། ༢༠༡༧།༠༧།༡༦ ལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།།
ངར་བ་ཡིན་ཡང་ངར་ཚུལ་བཙོག་སོང་བ།།
ཡ་གླིང་རང་དབང་རླུང་འཕྲིན་ལས་བྱེད་དག།
ས་ཕྱོགས་གཅིག་གི་ཡིན་པ་ངར་མོད་ཀྱང་།།
སྡེ་བ་གཅིག་གིས་བཟུང་བས་རུལ་སུངས་མཚོན།།
འཕྲིན་སྦྱར་གསར་ཤོག་རྒྱང་བསྒྲགས་བརྡ་འཕྲིན་རིགས།།
རྒྱལ་ཁབ་ཞིག་ལ་མཚོན་ན་ཤིན་ཏུ་གཙོ།།
འབངས་ལ་མཚོན་ན་དེ་དག་ཕྲ་ཤེལ་ཞིག།
བྱ་བ་དེའི་རིགས་བསྒྲུབ་པར་ཆེད་མཁས་མཁོ།།
ངར་བ་ཡིན་ཡང་ངར་ཚུལ་བཙོག་སོང་ཟིག།
ཕྱོགས་རིས་བཟུང་ཡང་འཛིན་ཚུལ་ནོར་སོང་ཟིག།
མི་རིགས་ཤིག་གི་ཁེ་ཕན་དངོས་བསམ་ན།།
ཆེད་ལས་ཆེད་མཁས་མི་སྣ་འཇོག་རྒྱུ་བྱོས།།
ཐོ་ཐོ་ནས། ༢༠༡༧།༠༧།༡༧ ལ།
མི་དང་མིའི་བར།
སེམས་ཀྱི་གཏིང་ནས་ཁོང་ཁྲོ་ལངས་ཀྱང་རུང་།།
གནོད་སེམས་སྐྱེ་རྒྱུར་ས་བོན་མི་སྐྲན་པར།།
ཁོང་ཁྲོའི་རྣམ་པ་ཟུར་ཙམ་བསྟན་བྱས་ན།།
རང་གཞན་གཉིས་ལ་གནོད་འཚེ་ཐེབས་མི་སྲིད།།
སེམས་ཀྱི་གཏིང་ལ་ཞེ་སྡང་ངན་སེམས་བཅས།།
ཉིན་མཚན་གཉིས་སུ་རེས་མོས་འཆང་བྱས་ཏེ།།
ཕ་རོལ་མི་དེ་དགྲ་ལས་དགྲར་མཐོང་ན།།
རང་གི་བདེ་ཐང་གཤིས་ཀ་བཅས་ལ་གནོད།།
མི་ནི་ལྷ་དང་སངས་རྒྱས་བཅས་མིན་པས།།
རེ་རེའི་སྟེང་ན་སྐྱོན་དང་སྡུག་བསྔལ་རེ།།
རང་ཉིད་ཁམས་བདེ་འཛུམ་གྱིས་གཡོགས་བྱས་ཚེ།།
གཞན་གྱི་སེམས་ལ་སྤྲོ་བ་རྒྱ་ཆེར་བསྐྲུན།།
སྒྱུ་མའི་འཕྲུལ་ལས་མ་འདས་འཇིག་རྟེན་འདི།།
ངོ་མཚར་མཐོང་བ་མིག་གིས་སེམས་ལ་སྤེལ།།
མིག་དབང་ཉམས་པའི་ལོང་བར་དེ་ལྟར་མིན།།
ངེད་ཅག་ཤི་བའི་ཚེ་ན་དེ་བཞིན་ནོ།།
རང་ཉིད་འཆི་རྒྱུ་ཡོད་པ་བརྗེད་མི་འཇུག།
རྒྱུ་དངོས་ཐོབ་ཤོར་ཡོད་པ་ཤེས་བཅུག་སྟེ།།
ཡོད་ཚད་མི་རྟག་བསམས་ཤིང་ཚིམས་བྱས་ན།།
མི་བདེ་མི་སྐྱིད་ཆེན་པོ་ཡོད་མ་ཡིན།།
མི་དང་བར་གྱི་མི་འགྲིག་བསམ་པའི་སེམས།།
རིང་དུ་དོར་ནས་སེམས་དེ་ལྷོད་བཅུག་ན།།
རང་ཉིད་གང་དུ་ཕྱིན་ཡང་ལམ་ཡང་བདེ།།
དགྲ་ཞེས་འཕྲད་སའི་སེམས་ཁྲལ་ཡོད་མ་ཡིན།།
འདྲེ་ཐོ་ནས། ༢༠༡༧།༠༧།༢༠ ལ།
ནགས་ཁྲོད་ཀྱི་རི་དྭགས་མིག་ཅན་མ།
ཁྱེད་ནི་ནགས་ཚལ་ཁྲོད་ཀྱི་གླ་མོ་ཞིག།
ནགས་ཀྱི་ཁྲོད་ན་ཁྱེད་ནི་རྨ་བྱ་ཞིག།
ངས་ནི་མེ་ཏོག་མདའ་མོས་འཕེན་འདོད་སྐབས།།
ང་ལ་འབྲུག་བཞིན་གྲགས་པའི་འདོད་པ་རྒྱས།།
ཐོ་ཐོ་ནས། ༢༠༡༧།༠༧།༢༠
སྡུག་བསྔལ་བ་ཞིག་ལ་བྲིས།
དེ་འདྲའི་སྡུག་སྣང་སྐྱོ་སྣང་སུན་སྣང་དག།
ཁྱེད་ཀྱི་སེམས་ལ་གྲུབ་དོན་ཅི་ཞིག་ལགས།།
གང་དུ་འགྲོ་འདོད་སུ་དང་མཇལ་འདོད་པའི།།
ཁྱེད་ཀྱི་རེ་བ་ཡིད་བཞིན་འགྲུབ་པར་ཤོག།
ཁྱེད་དང་ང་ཡི་རྣམ་ཤེས་ཕྲད་གྱུར་ཡང་།།
གཅིག་གིས་གཅིག་དེ་ཤེས་མིན་ཚོར་དཀའ་བས།།
ངས་ནི་རྣམ་ཤེས་དེ་ལ་སྐད་ཅིག་འཇོག།
གངས་རིའི་སྲས་མོ་ཡིན་མིན་དྲིས་ཤོག་བཤད།།
གང་ལྟར་ང་ནི་ཐག་རིང་ཐག་རིང་ཞིག།
ཁྱེད་ནི་གར་ཡོད་མི་ཤེས་ནག་ཁུང་ནང་།།
ངེད་གཉིས་ཚོར་བའི་ལམ་ནས་ཚོར་བས་སྦྱར།།
ཁྱེད་ལ་སེམས་གསོ་བྱེད་འདིས་ཕན་པར་སྨོན།།
ཁྱེད་ནི་དྲྭ་ཡི་འཇིག་རྟེན་མི་ཡི་སྤྱ་ཚོགས་ཁྲོད།།
མི་དང་དྲྭ་ལ་ཞེན་པ་གཏིང་ནས་ལོག།
དབེན་པའི་གནས་ཤིག་ཟིང་ལོང་མེད་ས་ཤིག།
ཁྱེད་ཀྱི་སེམས་ན་གྲ་སྒྲག་ཡོད་དམ་ཀྱེ།།
ང་ནི་འདི་ནས་དྲྭ་འབུ་ཡུན་རིང་བྱས།།
སྐད་འཕྲིན་ཟེར་བས་སེམས་དང་འཛུམ་མོ་བཅངས།།
ཁོམ་སྐབས་མེད་ཀྱང་སྐར་ཆ་རེ་རེའི་བར།།
སེམས་ཀྱི་ཚོར་བ་འཛུམ་མོ་བརྒྱད་ནས་བཞུར།།
འདྲེ་ཐོས། ༢༠༡༧།༠༨།༠༡ ལ།
དོན་གྲུབ་རྒྱལ། ཆང་དང་ཆུང་མ།
ཆང་གི་ངར་ཁར་རོལ་ཡང་སྐྱུར་དྲི་དང་།།
རྒྱ་དར་དམར་པོའི་སྟེང་གི་ཁྲག་དྲི་བཅས།།
ཚོར་བའི་ནང་དུ་འཐེན་མཁན་ཆང་འཐུང་བ།།
དོན་གྲུབ་རྒྱལ་གྱི་ཆང་དེར་དམིགས་བསལ་ཡོད།།
རང་གི་སྲོག་ལས་རྩ་ཆེན་མེད་བཞིན་དུ།།
ཁྱེད་དང་ང་སོགས་གཉིད་ལས་དཀྲོག་པའི་ཕྱིར།།
དོན་གྲུབ་རྒྱལ་དེས་རང་གིས་རང་སྲོག་བཅད།།
ཁོང་ལ་མཚོན་ན་བོད་ཁམས་ཁོའི་ཆུང་མ།།
འདྲེ་ཐོས། ༢༠༡༧།༠༨།༠༦ ལ།
ལམ་གྲོགས།
ཞི་ལུ་ཞི་མོ་ལམ་ཐག་རིང་བོར་མཉམ་དུ་འགྲིམ་པའི་ཚེ།།
ཕན་ཚུན་བྲོ་ལ་བསམས་ཤིང་འདོད་པའི་ཟས་ལ་སྤྱད་བྱས་ཏེ།།
སྐབས་རེར་ལམ་གྲོགས་སྐབས་རེར་དགའ་གྲོགས་སྐབས་རེར་ཁྱོ་ཤུག་རྫུས།།
འབྲལ་བའི་དུས་སུ་གཅིག་གིས་གཅིག་ལ་བརྗེད་དཀའི་དྲན་རྟེན་ཞོག།
འདྲེ་ཐོས། ༢༠༡༧།༠༨།༠༦ ལ།
སྐད་སྙན་མོ། ཞི་མོ་ཡག་མ།
སྐད་ནི་ཡག་གི་ལེན་མཁན་ཞི་མོ་ཡག།
དབྱངས་ཅན་མ་ལ་སྤྲུལ་སྐུ་ཡོད་སྲིད་ན།།
སྤྲུལ་བའི་སྐུ་ལ་ཁོ་མོ་འཇོག་རྒྱུ་ལས།།
འཇིག་རྟེན་འདི་ནས་གཞན་ཞིག་བརྙེད་རྒྱུ་དཀའ།།
འདི་འདྲའི་ཞི་མོ་ཡག་པ་མཐོང་བ་དང་།།
ལྷག་པར་བོད་མོ་འདི་འདྲ་མཐོང་བའི་ཚེ།།
སེམས་ཀྱི་གཏིང་ན་དགའ་བའི་དྲོད་ཐིགས་ཤིག།
མི་རིགས་གཞན་ལ་ངོམ་ན་ངོམ་ཆོག་ཆོག།
རང་གི་སེམས་སུ་མཛེས་སྣང་གྲུབ་བྱེད་པའི།།
ཕ་རོལ་གཟུགས་དེ་མིག་གིས་སེམས་ལ་འདྲེན།།
སེམས་དེའི་མཛེས་དང་བྱམས་བརྩེའི་གྲུབ་ཆ་ལས།།
མཛེས་པའི་གཟུགས་དེ་མཛེས་པར་ཚོར་བ་ཞིག།
འདྲེ་ཐོས། ༢༠༡༧།༠༨།༠༦ ལ།
མཛོ་དགེ་ཉིན་མའི་དགོན་མཐའི་ཁང་ཁྱིམ།
བར་ནས་བར་ཁེ་ཟ་བའི་མི་དེ་སུ།།
གོང་གི་བཀའ་དེ་ལོག་སྒྲབ་བྱེད་མཁན་སུ།།
མཛོ་དགེ་ཉིན་མའི་དགོན་མཐའི་ཁང་ཁྱིམ་དག།
བཟོ་བཀོད་ཆེ་ཡང་བརྒྱབ་མཐར་ཆུང་དུ་སོང་།།
དཔོན་པོ་ངན་པ་སྒོར་མོར་དགའ་དྲགས་ན།།
དཔོན་པོའི་འོག་གི་འབངས་ལ་གྱོང་གུན་ཆེ།།
གོང་གི་ཐུགས་རྗེས་གཟིགས་ཏེ་རྒས་པོ་ཚོར།།
ཁྱིམ་རེ་བཟོས་ཀྱང་དཔོན་པོས་ཆུང་དུ་བཏང་།།
ཕ་ཡུལ་བསྐྱར་ནས་རྒྱང་དུ་སོང་མེད་ན།།
ང་ནི་ད་སྐབས་དཔོན་པོ་ཡིན་ཤས་ཆེ།།
ལྐོག་ཟ་རུལ་སུངས་གྲས་སུ་ཚུད་ཡོད་མེད།།
དྲང་གཏམ་བཤད་ན་འཆད་རྒྱུ་ཁག་པོ་ཞིག།
འོན་ཀྱང་རང་རུ་རང་སྡེ་རང་གི་རིགས།།
ཧ་ལམ་མགོ་སྐོར་གཏོང་རྒྱུའི་དཔེ་མི་སྲིད།།
བཟང་གི་ཟེར་ནས་ཡུལ་དེར་གྲགས་མེད་ཀྱང་།།
ངན་པ་རེད་ཅེས་ཡུལ་དེར་གྲགས་མི་སྲིད།།
གང་ལྟར་དཔོན་པོ་བྱེད་རྒྱུའི་ལས་མ་ཡོད།།
གང་ལྟར་ཕ་ཡུལ་དེ་དང་བྲལ་དགོས་སོང་།།
གང་ལྟར་ད་ལྟ་རྒྱལ་ཁབ་གཞན་ཞིག་ན།།
རང་གི་ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་བྱེད།།
ཇ་གཡོག་གིས། ༢༠༡༧།༠༨།༠༨ ལ།
སྒྲོན་མེ།
མུན་པའི་ནང་གི་ང་ཚོ།།
སྒྲོན་མེའི་འདབས་རའི་འོག་ཏུ།།
གྲིབ་མས་བཟུང་ནས་ཡོད་པ།།
ང་ཚོ་རང་གི་སྐྱོན་རེད།།
སྒྲོན་མེའི་འོད་དེ་བསམ་ན།།
འོད་ལ་རོལ་སྟངས་ཤེས་དགོས།།
འོད་ཀྱིས་ཁེབས་ན་འདོད་ན།།
འོད་དེ་འཆར་སའི་འདུག་དགོས།།
སེམས་ལ་སྒྲོན་མེ་བཅངས་ནས།།
སྒྲོན་མེའི་འོད་ལ་འཇུག་ན།།
ལུས་སེམས་གཉིས་ཀ་འོད་རེད།།
མུན་པ་རིམ་གྱིས་དྭངས་འགྲོ།།
སྲིན་བུ་མེ་ཁྱེར་བཞིན་དུ།།
རང་རང་སོ་སོའི་ལུས་སུ།།
རང་ལ་རན་པའི་འོད་རེ།།
འཁྱེར་རྒྱུ་འཆར་རྒྱ་ཡོད་ན།།
སྒྲོན་མེར་དཀའ་ལས་མི་འདུག།
མུན་པ་སྟུག་པོ་ཡིན་ཡང་།།
མུན་པ་ཡིན་པས་དྲངས་དཔེ།།
སྔ་ཕྱིའི་ཁྱད་པར་ཙམ་ཞིག།
སེམས་པ་ལྷོད་དུ་འཇུག་དགོས།།
སྒྲོན་མེར་ཡིད་ཆེས་བྱེད་རོགས།།
འོད་སྟོང་འབར་བའི་སྒྲོན་མེ།།
འཛམ་པོའི་གླིང་འདིའི་སྒྲོན་མེ།།
གདུལ་བྱ་འཛམ་གླིང་ཡིན་སོང་།།
ཁ་བ་ཅན་འདིའི་མུན་པ།།
མུན་པའི་ཟུར་ཙམ་ཡིན་འདུག།
འདྲེ་ཐོས། ༢༠༡༧།༠༨།༩ ལ།
ལས་ཀ་དང་སེམས་ཁམས།
དེ་རིང་ཞོགས་དུས་ལས་ཀར་འགྲོ་བའི་ལམ།།
མིག་གིས་མཐོང་བ་མི་ཚོགས་གྲངས་མེད་པ།།
རེ་རེའི་མིག་གི་མདངས་དེ་གཉིད་མ་སད།།
རེ་རེའི་གདོང་ན་རྨི་ལམ་རེ་རེ་ལྷག།
མཛེས་མ་རྣམས་ཀྱི་གོམ་སྟབས་རེ་རེའི་ཤུལ།།
དབྱར་དུས་མེ་ཏོག་བཞད་ན་ཅི་མ་རུང་།།
ཕོ་གསར་དག་གིས་ཚང་ཀ་ཤིག་ཤིག་ཁྲོད།།
ཤ་རྒོད་ངོམ་ཞོར་སོང་ན་ཅི་མ་རུང་།།
སྟོན་དུས་རླུང་གིས་རེག་པ་འཇམ་ན་ཡང་།།
དགུན་གྱི་གྲང་རླུང་གློ་བུར་དྲན་དུ་བཅུག།
འདི་འདྲའི་གནམ་གཤིས་བཙོག་པའི་སྨག་རུམ་ཁྲོད།།
རང་གི་ཁྱིམ་དེའི་ཉལ་ཁྲི་དབང་ན་བསམ།།
འདྲེ་ཐོས། ༢༠༡༧ །༠༨།༡༣ ལ།
དྲྭ་གྲོགས་ཤིག་གིས།
“གོ་བ་མེད་པའི་གླང་རྒན་ལ། རྒྱལ་པོས་བཀའ་ལས་དབྱུག་པའི་བཙན་ཟེར་བའི་ཚིག་དེ་ཡིས་ཁྱེད་ལ་འགྲམ་ལྕག་ཅིག་བྱས་ནས་ལས་ཀ་ལ་འབད་ཀི་ཡིན། ད་རུང་མུ་མཐུད་དུ་གདོང་ཐུག” ཅེས་པའི་ལན་དུ།
ང་ནི་ཤི་བོ་མིན་པས་འགུལ་ཀྱོག་མང་།།
ཁྱེད་ལ་གྲུབ་ཆེན་ལྟ་བུའི་མཐུ་མེད་ཚེ།།
ངེད་གཉིས་བར་དུ་སྤྱི་ལེ་བརྒྱ་ཕྲག་འགའ།།
ཁྱེད་ཀྱིས་ང་ནི་ཇི་ལྟར་དགག་པར་བྱ།།
སྨྱུ་གུ་དང་ནི་སེམས་ཀྱིས་དགག་འདོད་ན།།
སྤྱི་ལེ་འབུམ་ཕྲག་བར་དུ་ཡོད་ཀྱང་རུང་།།
སེམས་ཚོར་ཡི་གེའི་གཟུགས་སུ་བཀོད་བྱས་ཏེ།།
སྐད་ཅིག་ཉིད་དུ་དམིགས་སར་ཐོན་བྱེད་ཆོག།
ངའི་གདོང་ང་ཡི་ལུས་ཏེ་ཁྱེད་ལ་རྒྱབ་བསྟན་ན།།
ཁྱེད་ཀྱིས་ཇི་ལྟར་ང་ལ་གདོང་ཐུག་བྱེད་རྒྱུ་ལགས།།
ངའང་ད་ནི་ཁྱེད་བཞིན་བྲེལ་བས་དེད་ནས་ཡོད།།
ལས་ཀའི་ཕྱོགས་སུ་གོམ་ཁ་མྱུར་དུ་རྒྱག་དགོས་སོང་།།
ཡོད་ཚད་གོ་སོང་སྙམ་པའི་གོ་བ་དེ།།
སྐབས་རེར་གོ་ལོག་ཡིན་པ་ཤེས་ན་ལེགས།།
མ་གོ་གོ་ཁུལ་བྱས་ནས་འདུག་པ་ལས།།
མི་གོ་བ་དེ་གོ་ཕྱིར་དཔྱད་ན་ལེགས།།
གླང་རྒན་དུད་འགྲོ་ཡིན་པས་དབྱུག་པས་རྡུང་།།
རྒྱལ་པོར་དབང་ཐང་ཆེ་བས་དབྱུག་པ་སྒྲེང་།།
ཞིབ་ཏུ་བསམ་ན་རྒྱལ་པོ་ཅོལ་ཆུང་མཐོང་།།
འདང་རེ་རྒྱབ་ན་གླང་རྒན་སྙིང་རེ་རྗེ།།
གོ་བ་མེད་པ་ཤེས་བཞིན་དབྱུག་པས་བསྣུན།།
དབྱུག་པའི་རྩེ་ལས་སྐད་བརྡ་མི་ཐོན་པས།།
དབྱུག་པས་སྣུན་པ་དེ་ནི་གླེན་རྟགས་ཤིག།
དེ་འདྲའི་བྱ་སྤྱོད་ད་དུང་གཏམ་དཔེར་འཇོག།
གླེན་པ་གླེན་པ་ཡིན་པ་རྟོགས་མིན་ཚེ།།
རང་ཉིད་གླེན་པ་ཡིན་པ་ཟུར་ནས་སྟོན།།
གླང་རྒན་གླེན་པར་མཐོང་སྟེ་དབྱུག་པ་བསྒྲེངས།།
ང་ཡིས་བལྟས་ན་དབྱུག་པ་བསྒྲེང་མཁན་གླེན།།
འདྲེ་ཐོས། ༢༠༡༧།༠༨།༡༤ ལ།
མར་གྱུར་སྨོན་ལམ།
བདག་ནི་མར་གྱུར་ཚེ་འདིར་མ་མ་ཡིན།།
མ་ཡི་ལུས་རྟེན་ཚེ་འདི་ཐོབ་མེད་པས།།
མ་དེའི་དཀའ་སྡུག་དངོས་སུ་ཉམས་ལེན་ཕྱིར།།
མི་ཚེ་གཞུག་མར་མ་ཞིག་བྱེད་ན་འདོད།།
བདག་ནི་མར་གྱུར་མ་ཡི་དྲིན་འཇལ་ཕྱིར།།
བདག་གིས་མ་བྱེད་གཞན་དག་བརྩེ་བས་བསྐྱངས་།།
བདག་གི་མ་དེས་དཀའ་བ་སྤྱད་པ་མང་།།
བདག་གཞན་གཉིས་མེད་ཐམས་ཅད་གཅེས་སུ་འཛིན།།
བདག་ནི་གང་ཟག་བདག་ནི་དུད་འགྲོ་སྟེ།།
གཞན་ནི་སངས་རྒྱས་གཞན་དག་བླ་མ་ཉིད།།
བདག་གི་ངོ་བོ་སྤང་བྱའི་བདག་འཛིན་ཏེ།།
གཞན་རྣམས་བདག་ལ་འཛིན་པའི་སྤོབས་པ་ཞོག།
བདག་གི་བ་བཅས་མངོན་སུམ་ཡོད་ཀྱང་རུང་།།
རེ་རེར་བཀར་ཚེ་བྱེད་ནུས་ཉམས་སྲིད་པས།།
བདག་ཅེས་བདག་གཟུང་ཚད་མེད་བྱས་ཀྱང་རུང་།།
མཐའ་མར་བདག་ནི་བེམ་པོ་བདག་དེ་སྟོང་།།
འདྲེ་ཐོས། ༢༠༡༧།༠༨།༡༥ ལ།
ཟ་ཁང་།
ལམ་དུ་རླངས་འཁོར་ཚོགས་ནི་གྲོག་ཚང་འདྲ།།
སྲང་དུ་མི་ཡི་ཚོགས་དེ་གྲོག་མ་བཞིན།།
ཡོད་ཚད་ཚང་ཀ་ཡོད་ཚད་བྲེལ་བའི་ངང་།།
ལས་ཀའི་ལམ་དུ་སྔ་མོར་ཆས་ན་ལེགས།།
ལས་ཀ་གང་སྒྲུབ་འབྲས་བུ་སྨིན་པའི་ཕྱིར།།
ཟ་ཁང་བདག་པོར་དམིགས་བྱ་གཅིག་ལས་མེད།།
དེ་ནི་དངུལ་སྒོར་གཞན་ནི་ཡོད་མ་ཡིན།།
ཟས་ལ་བསྟེན་རྒྱུ་བྱས་པ་ཡིན་ཡང་ཤེས།།
ཟ་ཁང་ནང་གི་ཟས་ལྷག་གཙང་མ་དག།
འཕྲོ་བརླག་མ་བཏང་དདུལ་ལ་མ་བརྗེས་པར།།
རིན་མེད་བྱས་ནས་ཁྱིམ་མེད་ཉམས་ཐག་པར།།
རོགས་སྐྱོབ་བསམས་ཤིང་སྤྲད་ན་དངུལ་ཕྱིར་མིན།།
བྱ་བ་གང་དང་ཅི་ཞིག་བསྒྲུབ་ནའང་།།
བདག་གཞན་གཉིས་ལ་ཕན་པའི་ལམ་ཁར་གཉེར།།
ཟས་རིགས་བཙོང་རྒྱུ་གཅིག་པོར་མ་བསམས་པར།།
རིན་མེད་སྤྱིན་པ་གཏོང་རྒྱུ་ལམ་ཞིག་འཚོལ།།
དེ་ལྟར་བསམས་ཚེ་ཟ་ཁང་བཙུགས་པ་དེ།།
དངུལ་སྒོར་ཁོ་ནའི་ཆེད་དུ་མིན་པར་མཐོང་།།
རང་གཞན་གཉིས་ལ་ཕན་པའི་བྱ་བ་ཞིག།
ཉམས་ཐག་སྐྱོ་བོའི་རིགས་ལ་སྦྱིན་པ་ཐོངས།།
འདྲེ་ཐོས། ༢༠༡༧།༠༨།༡༥ ལ།
གཞས་ལ་གཞས་ལན།
དྲྭ་གྲོགས་མ་ཞིག་གིས་ཚོགས་པའི་ནང་དུ།
"སྡེ་ཆེ་ས་ཞིག་ལ་ཡོང་ནས།།
ཁ་ལ་ལ་ཐེངས་གསུམ་བླངས་ཡང་།།
ས་འདི་ན་གླུ་བ་མེད་ཀི།
ང་མི་འདུག་ཕྱིར་ལ་འགྲོ་རྒྱ།།”
དེ་ནས་རྒད་པོ་ངས།
སྡེ་ཆེ་བོར་གྲགས་འགུལ་མེད་ཀྱང་།།
དེའི་མཐའ་ཁའི་རྒན་གོག་ང་ནི།།
ཐེངས་ཤིག་ལ་གྲགས་ན་ཨེ་ཆོག།
ཁྱེད་བསན་ནས་ཡོང་ན་ཨེ་ཆོག།
སྡེ་ཆེ་རུང་ང་ནི་སྡེ་འདབས།།
མ་བུ་མོ་བརྒྱ་འདུས་སྟོང་འདུས།།
ང་རྒད་པོ་ད་རུང་ཁེར་འདུག།
ཁྱེད་ཞི་མོར་འགྲོགས་འདོད་ཨེ་ཡོད།།
ང་རྒད་པོའི་སྐད་ངག་མི་བདེ།།
ང་རྒས་པོའི་གཞོན་ལོ་འདས་སོང་།།
ང་འདོད་ནས་ཞི་མོ་ཡོད་ན།།
ང་ཡོད་དུས་བརྡ་ཞིག་རྒྱག་རོགས།།
འདྲེ་ཐོས། ༢༠༡༧།༠༨།༡༦ ལ།
ལྷམ་དང་བོད།
མདང་དགོང་ད་གཟོད་ཨ་རིའི་རྒྱལ་ཁབ་ནས།།
གྲོགས་མཆོག་ཧོར་འཇིགས་ལགས་ཀྱིས་གནང་བ་ཡི།།
ལེགས་སྐྱེས་ཁྱད་པར་བ་དེ་འཚམས་པོར་འབྱོར།།
བསྐུར་ས་བླ་མ་སྤྲོད་མཁན་བླ་མ་ཡིན།།
སྔོན་དུས་རྒྱ་གར་ཡུལ་ལ་ཐོན་མ་ཐག།
ལམ་ཐག་རིང་བོར་རྐང་ཐང་སོང་བ་ཡིས།།
རྐང་མགོའི་ལྷམ་གཉིས་ཐེད་ནས་འཛུབ་མོ་ཐོན།།
ཧོར་འཇིགས་ཐུགས་ལ་ད་དུང་དེ་ཉར་འདུག།
རང་ཉིད་སྐྱབས་བཅོལ་བྱས་མྱོང་མི་བརྗེད་ཕྱིར།།
ད་ལྟ་ད་རུང་སྐྱབས་བཅོལ་ཡིན་པ་དང་།།
ཉིན་ཞིག་བོད་ལ་ཕྱིར་དུ་ལོག་དགོས་ཕྱིར།།
ཧོར་འཇིགས་ལགས་ཀྱིས་ང་ལ་ལྷམ་ཞིག་གནང་།།
སྔོན་མར་རྐང་མགོའི་ལྷམ་དེ་རལ་དུ་བཅུག།
དེ་ནི་བོད་ནས་སྐྱབས་བཅོལ་ཕྱིན་པའི་ལམ།།
གཞུག་མ་བོད་ལ་ཕྱིར་དུ་ལོག་དགོས་རྐྱེན།།
ཧོར་འཇིགས་ལགས་ཀྱིས་ང་ལ་ལྷམ་དེ་གནང་།།
ཉིན་ཞིག་ཕྱི་སྡོད་བོད་མི་ཡོངས་སུ་རྫོགས།།
བོད་ལ་ལོག་རྒྱུའི་བསྐལ་བ་ལྡན་གྱུར་ཚེ།།
ངས་ནི་ཧོར་འཇིགས་ལགས་ཀྱིས་གནང་བའི་ལྷམ།།
ཐེད་རག་བར་དུ་གོན་ནས་འགྲོ་རྒྱུ་ཡིན།།
འདྲེ་ཐོས། ༢༠༡༧།༠༨།༡༧ ལ།
སྐད་ཅིག་གི་སེམས་ཚོར་འགའ།
རྒྱང་རིང་མཛའ་མོ།
རྒྱང་གི་ལྗང་ལོ་རྒྱས་པ་སྟོན་ཟླ་ཡིས།།
རིང་དུ་དེད་ཅིང་སྨུག་པ་ལང་ལོང་འཐིབ།།
མཛའ་བར་གྱུར་པའི་ཞི་མོ་འབྲོག་ཞད་ཅན།།
མོ་ཁྱེད་དགུན་དུས་བསླེབ་དུས་གང་ན་བཞུགས།།
སེམས་སྒོ།
སེམས་ཀྱི་སྒོ་མོ་འབྱེད་སྟངས་སྣ་ཚོགས་ཤིག།
མཛའ་མོ་ཐོན་ཐལ་བསམ་ན་ཚོར་བའི་སྒོ།།
དགྲ་བོས་རྒོལ་ཡོང་བསམ་ན་སྡང་བའི་སྒོ།།
སྙིང་སྡུག་ཕེབས་ཡོང་བསམ་ན་བརྩེ་བའི་སྒོ།།
བུ་མོ་ཚེ་རིང་ལྷ་མོ།
འཇིག་རྟེན་དཀར་ནག་བར་ན།།
མི་ཚོགས་དམར་སེར་དཀར་ནག།
བུ་མོ་ཚེ་རིང་མཚོ་མོར།།
ཐེངས་ཤིག་མཇལ་ན་བསམ་སོང་།།
མཛེས་མ།
སུ་དང་སེམས་ཐག་ཉེ་ན།།
སེམས་ཀྱི་མཛེས་མར་འཇོག་ཆོག།
ནམ་མཁའི་ལྷ་མོ་མཛེས་ཀྱང་།།
གནམ་ལ་འཕུར་རྒྱུ་དཀའ་མོ།།
གཤིས་ཀ
དགོད་དགོས་ན་སྟོབས་ཀྱིས་དགོད་ཐུབ་མཁན།།
ངུ་དགོས་ཚེ་འབད་དེ་ངུ་ཆོག་པ།།
འདི་དེང་རབས་མི་ཡི་ཁྱད་ཆོས་ཏེ།།
འདི་ཅན་པོའི་མི་ལ་མདུན་ལམ་ཡོད།།
ཚོགས་གཙོ།
ཁོག་རྒྱ་ཆེ་བའི་རྟགས་ཤིག་རེད་འདོད་ན།།
ཚོགས་པ་གཏོར་རྒྱུ་ཨེ་རེད་འདང་ཞིག་རྒྱོབས།།
ཚོགས་པ་ཡར་གཏོར་མར་གཏོར་བགྱིས་པའི་མཐར།།
ཡང་བསྐྱར་ཚོགས་པ་བཙུགས་ཀྱང་སྐྱོན་ཞིག་འདུག།
རྩམ་པ།
རྩམ་པ་དྲན་དུས་ཤིག་ལ།།
འབྲོག་ན་མེད་དུས་ཤིག་ལ།།
རྩམ་དྲི་ཡིན་རུང་ཆོག་མོད།།
ང་དང་རྩམ་པ་བྲལ་སོང་།།
འདྲེ་ཐོས། ༢༠༡༧།༠༨།༢༥ ལ།
ངའི་ཚོང་དཔོན།
སྔ་ཅི་ཐུབ་སྔ་མོར་ལངས་ནས།།
མགྱོགས་ཅི་ཐུབ་ལམ་ལ་ཆས་ན།།
དུས་ལྟར་དུ་ལས་ཀར་ཐོན་ཐུབ།།
ངའི་ཚོང་དཔོན་གདོང་ན་འཛུམ་ཞིག།
ངའི་ལས་ཀར་བྲེལ་འཚུབ་ཆེ་ཡང་།།
ཁོང་ཚོང་དཔོན་གྲོགས་པོ་ཡིན་པས།།
ངའི་སེམས་པ་ལྷོད་ནས་གནས་ཐུབ།།
ངར་ལས་ཀ་མང་ན་བསམ་བྱུང་།།
ངའི་ཚོང་དཔོན་འཇོན་ཐང་ཅན་པོ།།
མགྲོན་ཕེབས་ན་ཞབས་ཞུ་བ་ཡིན།།
ཟས་མངགས་ཚེ་ཇ་དཔོན་ཆེན་པོ།།
དངུལ་གནང་སྐབས་རྩིས་པ་ཆེན་པོ།།
ཟས་བཟོ་སྟངས་རྣམ་པ་སྣ་ཚོགས།།
ཟས་རེ་རེ་མིག་ལ་ཡག་བཅུག།
ཟས་རེ་རེའི་བྲོ་བ་འཛིན་ཐུབ།།
ཟས་བཟོས་པ་སྒྱུ་རྩལ་རི་མོ།།
འདྲེ་ཐོས། ༢༠༡༧།༠༨།༢༦ ལ།
གཞན་དབང་གི་ང་།
ང་ནི་གཡས་གཡོན་གཉིས་ཀྱི་བར་ན་མགོ་བོ་འཁོར་ནས་ཡོད།།
གཡས་ཕྱོགས་བཟང་གི་འདོད་དེ་གཡས་སྐོར་མང་མང་བྱས་ཀྱང་རུང་།།
འདྲེ་ལག་གཡོན་པས་གཡོན་གྱི་ཕྱོགས་སུ་ཐེངས་མང་བསྐོར་བྱས་སོང་།།
མ་གཞི་ངའི་སེམས་འདུ་ཤེས་བཅས་ནི་དཀར་ཕྱོགས་ཡིན་པར་བཤད།།
ང་ནི་དཀར་ནག་གཉིས་ཀྱི་བར་ན་སེམས་པ་འཐོམ་ནས་ཡོད།།
ངས་ནི་དཀར་ཕྱོགས་བསམས་ཤིང་དཀར་ཟས་བཅས་ལ་རོལ་བའི་སྐབས།།
ནག་པོའི་ཕྱོགས་དེར་བསླུ་བྲིད་ཆེ་ཞིང་དམར་ཟས་རྔུབ་ཏུ་བཅུག།
ང་ལ་རང་ཚུགས་མེད་པས་ནག་ཕྱོགས་པ་དེ་རྒྱལ་ཡིན་བཤད།།
ང་ནི་ཤི་གསོན་བར་ན་འཇིག་རྟེན་འདི་ལ་མཚར་ནས་ཡོད།།
ངས་ནི་ཉི་མ་རེ་རེར་འཆི་བ་དྲན་ཞིང་འདོད་རྔམས་གནོན།།
ང་ནི་གཞན་གྱིས་བལྟས་ན་འཇོན་ཐང་མེད་པའི་ལེ་ལོ་བ།།
ངས་ནི་རང་སེམས་གདུལ་ན་གཞན་གྱི་སེམས་ཀྱང་བཏུལ་བར་འདོད།།
འདྲེ་ཐོས། ༢༠༡༧།༠༨།༢༧ ལ།
ལམ།
འདས་པའི་ལམ་དེ་རང་གི་གྲིབ་མར་སོམས།།
ཉི་མ་རྫོགས་དུས་གྲིབ་མ་རྫོགས་ཡིན་སོམས།།
གྲིབ་མར་ཆགས་ཤིང་གྲིབ་མས་མནར་བྱེད་པ།།
ཉི་མ་གསར་པར་བར་ཆད་ཡིན་འདུག་སོམས།།
ད་ལྟའི་ལམ་དེ་རྨི་ལམ་ནང་དུ་སོམས།།
རྨི་ལམ་ནང་ནས་ཇི་ལྟར་ཡིན་ནའང་།།
རྨི་ལམ་རྫོགས་དུས་དེ་དག་ཡོད་ཚད་རྫོགས།།
རྫོགས་པའི་མཐའ་མར་རྨི་ལམ་རྨིས་ཡིན་སོམས།།
མ་འོངས་ལམ་དེ་རྨི་ལམ་བསམ་ཞོར་སོང་།།
རྨི་ལམ་སད་དུས་མི་ལུས་ཐོབ་པར་སོམས།།
མི་ལུས་ཐོབ་ཚེ་རྨི་ལམ་གསར་པར་སོམས།།
རྨི་ལམ་ཡིན་པས་ཞེན་ཆགས་མི་དགོས་སོམས།།
འདྲེ་ཐོས། ༢༠༡༧།༠༨།༢༨ ལ།
བཀྲ་ཤིས་ཕུན་ཚོགས།
བོད་ནི་ཀྲུང་གོའི་རེད་ཅེས་སྒྲོག་པའི་ཕྱིར།།
ཀྲུང་གོའི་གཞས་སྒྲ་གསར་པའི་དགོང་ཚོགས་སུ།།
བོད་ཕྲུག་བཀྲ་ཤིས་ཕུན་ཚོགས་རྒྱལ་དུ་བཅུག།
བོད་ཀྱིས་མགོ་སྐོར་འོག་ན་དེ་ལ་བསྔགས།།
བཀྲ་ཤིས་ཕུན་ཚོགས་ཇི་ལྟར་གྲགས་ཐུབ་ན།།
བོད་ནི་རྒྱ་ཁོངས་ཟེར་བ་དེ་ལྟར་གྲགས།།
བོད་པ་རྣམས་ཀྱིས་དེའི་སྐོར་མ་ཚོར་བར།།
འུར་འུར་སིང་སིང་ངང་ནས་བསྟོད་བསྔགས་འཐེན།།
བོད་པས་སྒྱུ་རྩལ་ཕྱོགས་ནས་བསྔགས་ཀྱང་རུང་།།
གྱི་ན་བ་ལ་སྲིད་ཀྱི་དམིགས་ཡུལ་ལྡན།།
ཀྲུང་གོའི་གཞས་སྒྲ་གསར་པའི་མིང་བཏགས་ཏེ།།
བོད་པ་ཀྲུང་གོའི་ཆ་ཤས་རེད་ཅེས་སྟོན།།
ཐོ་ཐོས། ༢༠༡༧།༠༨།༢༩ ལ།
གླུ་བ་ཕུན་ཚོགས་རྒྱལ་སོང་།
ཀུན་ནི་བསྟོད་བསྔགས་ཁྲོད་ན་བཟི་གྱུར་པས།།
རྐུན་མ་ཚང་གི་ཆབ་སྲིད་གཡོ་སྒྱུ་དེ།།
ཀུན་གྱིས་མ་ཚོར་རྐུན་མར་རམ་འདེགས་བྱེད།།
རྐུན་མས་བརྐུས་པ་ང་ཚོའི་རྒྱལ་ཁབ་ཡིན།།
ཁོང་ཚོས་གར་སྟེགས་བརྒྱབ་པར་ཀྲུང་གོའི་ཞེས།།
རང་གི་རྒྱལ་ཁབ་མིང་དེ་མགོར་བཞག་ནས།།
གར་སྟེགས་སྟེང་གི་གླུ་བ་ཕུན་ཚོགས་ལ།།
ཀྲུང་གོའི་མི་ཞེས་བསྟོད་བསྔགས་ཐེན་དུ་བཅུག།
ཕུན་ཚོགས་ཁོང་ནི་དོན་དངོས་ངར་བ་རེད།།
གླུ་བ་གླུ་མ་བརྒྱ་འདུས་སྟོང་འདུས་ཁྲོད།།
བོད་པའི་སྐད་དང་དབྱངས་གཉིས་བསྡེབས་བྱས་ཏེ།།
རྒྱལ་ཁབ་གཞན་དང་མི་རིགས་གཞན་ལས་རྒྱལ།།
ཕུན་ཚོགས་ཁོང་གི་ཐུགས་ན་སྒྱུ་རྩལ་གཙོ།།
དེ་དང་མཉམ་དུ་བོད་སྐད་བོད་གླུ་གཙོ།།
འོན་ཏེ་གྱི་ན་བ་ཡི་བསམ་བློའི་ནང་།།
བོད་འབངས་རྒྱ་ཁོངས་ཡིན་ཞེས་བསྒྲུབ་རྒྱུ་གཙོ།།
གླུ་བ་ཕུན་ཚོགས་ཐེངས་འདིར་རྒྱལ་གྱུར་པ།།
བོད་པ་རྣམས་ནི་ཐེངས་ཤིག་རྒྱལ་ཞེས་ཆོག།
ཡིན་ཡང་རྒྱལ་བའི་ཞོར་དུ་ཤོར་བ་ཞིག།
བོད་པ་དག་ནི་ཙི་ནའི་མགྲིན་ཚབ་གྱུར
ཐོ་ཐོས། ༢༠༡༧།༠༨།༣༠ ལ།
གལ་ཏེ་ཁྱེད་ཀྱི་དགའ་བ་དེ།
གལ་ཏེ་ཁྱེད་ནི་ང་ལ་དགའ་ན།
ཁྱེད་ཀྱིས་ང་ལ་མི་དགའ་ཟེར་ཡང་།
ང་ནི་ཁྱེད་ཉིད་འཚོལ་དུ་ཡོང་།
ལུས་པོ་འདི་བསྐྱུར་ནས།
རྣམ་ཤེས་དེ་ཁྱེད་ཀྱི་ཕྱོགས་སུ།
གལ་ཏེ་ཁྱེད་ཀྱི་དགའ་བ་དེ།
དེ་རིང་ཁོ་ནར་ཡོད་པ་ཞིག་ཡིན་ཚེ།
ངས་དེ་རིང་གི་ཉི་མ་དེ།
བརྩེ་བའི་ཐག་པ་ཞིག་གིས་བཏགས་ཏེ།
སང་ཉིན་དེ་ཡོང་རྒྱུ་མེད་པར་བཟོ་ཨེ་ཐུབ་བལྟ་འདོད།
གལ་ཏེ་ཁྱེད་རང་།
ང་ལ་དགའ་ཤག་ཤག་དགའ་ན།
ངེད་གཉིས་ཡང་བསྐྱར་འབྲོག་ལ་སོང་ཆོག
ཁྱེད་ཀྱིས་ཉི་མ་རེ་རེ་ལ་འབྲི་མོའི་འོ་མ་དེ་བཞོས་ནས།
ངེད་གཉིས་ལ་བཅུད་ལྡན་དྲི་ཞིམ་གྱི།
འོ་ཇ་རེ་སྐོལ། འོ་ཞོ་རེ་སྙོལ། འོ་རྩམ་རེ་དཀྲུགས་དང་།
ངས་ཉི་མ་རེ་རེ་ལ་སྒོ་ཟོག་དང་ལུག་ཁྱུ་བཅས།
རི་ལ་བརྒྱབ་རྗེས།
ཁྱེད་དང་མཉམ་དུ།
འོ་ཇ་འཐུང་ཞོར། འོ་ཞོ་ལྡག་ཞོར། འོ་རྩམ་ཟ་ཞོར།
ངེད་གཉིས་ཡང་བསྐྱར་ལྷད་མེད་པའི་དང་རྫུ་མེད་པའི།
འབྲོག་པ་དང་འབྲོག་མོའི་བག་ཡངས་པོའི་འཚོ་བ་དེར་འཇུག་ཆོག
འདྲེ་ཐོས། ༢༠༡༧-༠༩-༠༡ ལ།
ལུས་པོ་དམར་རྗེན་མིན་ཡང་ཚོར་བ་དམར་རྗེན་ཞིག།
མེད་མདོག་མིན་མདོག་བསྟན་ཡང་དེ་ནི་བཅོས་མ་ཞིག།
དང་ཐོག་འཇིག་རྟེན་འདི་ལ་བྱོན་སྐབས་གཅེར་བུའི་ལུས།།
གཞུག་མ་འཇིག་རྟེན་འདི་དང་འབྲལ་སྐབས་གཅེར་བུ་ཉིད།།
འདྲེ་ཐོ་ནས།
རྒན་གྱའི་འབྲོག་མོ་དང་འབྲི་རེས།
རྒན་གྱའི་འབྲོག་མོས།
དབྱར་གསུམ་སྤང་གི་དཀྱིལ་གྱི།།
མེ་ཏོག་མཚོ་མོའི་ཁ་ནས།།
སེམས་ཀྱི་མཚོ་མོ་བསྐམས་ཏེ།།
ཡུན་རིང་འགོར་བས་སྐྱོ་བྱུང་།།
འདྲེ་ཐོས།
དབྱར་གསུམ་སྤང་གི་དཀྱིལ་ན།
མཚོ་ལ་མེ་ཏོག་རྒྱས་ཀྱང་།།
སེམས་ཀྱི་མཚོ་མོར་བཏབ་པའི།།
མེ་ཏོག་ཁྱེད་ནི་མཛེས་སོང་།།
ཡང་ན།
དབྱར་གསུམ་སྤང་གི་དཀྱིལ་ན།།
མཚོ་ལ་མེ་ཏོག་རྒྱས་ཀྱང་།།
སེམས་ཀྱི་མཚོ་མོ་བསྐམས་པས།།
སེམས་པའི་མེ་ཏོག་ཡལ་སོང་།།
དགུན་གསུམ་ཁ་བའི་ཁྲོད་ན།།
མེ་ཏོག་ཁ་བས་བཀབ་ཀྱང་།།
གངས་ལྷ་མེ་ཏོག་བཞད་པས།།
འདོད་བློ་ཁེངས་ནས་བསྡད་ཡོད།།
རྒན་གྱའི་འབྲོག་མོས།
སྙིང་གི་ཨ་ཇོའི་སེམས་ལ།།
གངས་ལྷ་མེ་ཏོག་བཞད་སྐད།།
དུས་བཞིའི་འགྱུར་བག་ཁྲོད་ནས།།
མེ་ཏོག་སེམས་ལ་ཉར་རོགས།།
རི་ཆུའི་འགག་འཕྲང་དོག་ལ།།
སད་སེར་ཐན་པ་རྒོད་པས།།
མེ་ཏོག་སྙིང་ལ་རྗེ་བོ།།
རེ་ཞིག་གཟིམས་དགོས་བྱུང་སོང་།།
གཟིམས་དང་མ་གཟིམ་མི་འདུག།
མཛའ་གྲོགས་དྲོད་ཁོལ་ཅན་པོ།།
སེམས་ཀྱི་མཆོད་གནས་ཡིན་ལ།།
ཡིད་ཀྱི་ཁེན་ས་ཁྱེད་ཡིན།།
རྒྱུ་རྐྱེན་གང་མང་ཞིག་གིས།།
ཉེ་ལམ་ཁ་བརྡ་ཉུང་ཡང་།།
མཛའ་བརྩེ་དར་དཀར་རིང་མོ།།
ཆད་ཡོང་བསམ་པ་མི་འདུག
གཅིག་སེམས་གཅིག་གིས་ཤེས་ཏེ།།
སེམས་ལ་ཉར་ན་དེས་ཆོག།
སེམས་ཀྱི་བདེ་སྐྱིད་དེ་ཡིན།།
ཡིད་ཀྱི་ལོངས་སྤྱོད་དེ་ཡིན།།
རྒན་གྱའི་འབྲོག་མོ་དང་འདྲེ་ཐོ་གཉིས་ནས།
དེ་རིང་གི་སེམས་ཚོར་འགའ།
ཅི་ཡང་མེད་པ་ཅི་ཡང་ཡོད་པ་སྟེ།།
མེད་པར་མཐོང་བ་ཡོད་པ་མེད་པའི་ཐབས།།
སྟོང་བའི་ཁམས་དེ་སྟོང་བ་མིན་པ་བཞིན།།
སྟོང་བ་ཉིད་དེ་སྟོང་བ་མིན་པས་སྒོམ།།
ཁ་ཁོག་གཉིས་དེ་མཐུན་ན་བཟང་མོད་ཀྱང་།།
མཐུན་མཁན་མི་དེའི་མི་གཤིས་མི་བཟང་ན།།
ཕན་ལས་གནོད་པའི་རྒྱུ་དེ་བཟོ་བྱེད་པས།།
ཕུགས་ཀྱི་བློ་དང་མི་གཤིས་བཟང་རྒྱུ་གཙོ།།
མཁས་དང་མི་མཁས་ཟེར་བ་ལྐོག་གྱུར་ཅིག།
འདི་ལ་མཁས་ན་དེ་ལ་མི་མཁས་པས།།
ཕྱོགས་གཅིག་མཁས་པར་མཁས་པ་ཟེར་མིན་པར།།
ཕྱོགས་ཡོངས་མཁས་པའི་མཁས་པའང་ཡོད་རྒྱུ་དཀའ།།
ཐར་བ་ཐོབ་དང་མི་ཐོབ་ལྐོག་གྱུར་ཅིག།
འཇིག་རྟེན་འདི་ནས་འཇིགས་སྣང་མེད་གྱུར་ཚེ།།
དེ་ནི་ང་ཡིས་ཐར་བའི་མཆོག་ཏུ་འཛིན།།
འཇིག་རྟེན་ཕྱི་མའི་ཐར་ལམ་གཞུག་ནས་འཚོལ།།
འདྲེ་ཐོས། ༢༠༡༧།༠༩།༠༣ ལ།
རྣོ་རྟུལ་ལགས་ལ་བྲིས་པའི་ལན།
རྣོ་རྟུལ། ལགས་ཀྱིས།
ཞི་ལི་མང་པོ་མཉམ་དུ་འདུས་ན།།
ཞི་མོ་སྟུ་ཡི་ཆེ་ཆུང་གླེང་ཡོང་།།
ལ་ལས་ཞི་མོ་གྲངས་ཀ་རྩིས་ནས།།
ཞི་མོ་འདི་འདྲ་སྤྱོད་མྱོངས་ཟེར་ལ།།
ལ་ལ་གྲངས་ཀ་བརྩི་རྒྱུ་མེད་པས།།
སྟག་རྒན་ཁེར་ཉལ་ཟེར་བཞིན་འཕྱ་ཡོང་།།
འདྲེ་ཐོ་ཐོ་ཡིས།
ཞི་ལུས་ཚོར་བའི་རྣོ་སར་ཞི་མོ་འཇོག།
ཞི་མོ་མེད་ཚེ་ཆང་དང་ཐ་མག་འཇོག།
ཞི་ལུས་ཁ་བརྡའི་ཞོར་ནས་ཞི་མོ་ཡོང་།།
ཞི་མོ་མེད་ཚེ་ཞི་ལུའི་ཚོར་བ་ཉམས།།
ཞི་མོའི་སྟུ་དེ་འདོད་པ་འཕེལ་བའི་གནས།།
ཞི་ལུ་དག་གི་འདོད་པ་དེ་ཡིས་འཇོ།།
ཞི་མོའི་སྟུ་དེ་ཚེ་སྲོག་འབྱུང་བའི་ཡུལ།།
ཞི་ལུ་ཞི་མོའི་ཚོགས་ནི་དེ་ནས་བྱོན།།
ཞི་ལུའི་སེམས་ཀྱི་དམར་སར་ཞི་མོ་འཇོག།
དེ་ཉིད་དེ་ཡི་གྲོགས་དང་གཞན་གྱི་མ།།
འདོད་པའི་དཔལ་གྱིས་ཁེངས་པ་ཞི་མོ་ཉིད།།
མར་གྱུར་ཞི་མོའི་བརྒྱུད་ནས་བྱམས་བརྩེར་མྱོང་།།
རྣོ་རྟུལ་དང་འདྲེ་ཐོས། ༢༠༡༧།༠༩།༠༤ ལ།
གྲོགས་པོ་ཞིག་གིས་ང་ལ།
སྙན་ངག་དཀར་ནག་དམར་སེར་ཅི་ཡང་འདྲི་ཅེས་པའི་ལན་དུ།
དཀར་པོ་ཁ་བ་བྱས་ནས་གནས་ཐབས་མེད།།
ཉི་མའི་འོད་དེ་བྱོན་ཚེ་ཆུ་ཡི་འགྱུར།།
ནག་པོ་སོལ་བ་བྱས་ན་གནས་ཐབས་མེད།།
མེ་ཡིས་སྲེག་ནས་ཡོང་ཚེ་ཐལ་བར་འགྱུར།།
སེར་དམར་བླ་གོས་གཡོགས་ནས་འཚོ་རྒྱུ་དཀའ།།
ཆོས་ལ་ཉམས་ལེན་ཞན་ཚེ་རྫུན་མར་མཐོང་།།
འདྲེ་ཐོས། ༢༠༡༧།༠༩།༠༤ ལ།
རྨས་མ།
ང་ཚོའི་འཛམ་གླིང་རྨས་སྐྱོན་ཤོར་པའི་ཁྲོད།།
རྨ་ཁའི་གསེང་ན་ཁྲག་གི་ཐིགས་པ་འཛར།།
ང་ཚོའི་སེམས་པ་རི་དྭགས་རྨས་མ་ཞིག།
ནགས་ཀྱི་ཁྲོད་ན་རྔོན་པའི་མེ་མདའི་ཁ།།
འདྲེ་ཐོས། ༢༠༡༧།༠༩།༨ ལ།
སེམས་འབུ་ཁྲ་རིས་མ།
སེམས་ཀྱི་གསང་སར་གནས་པའི་སེམས་འབུ་ཁྲ་རིས་མ།།
དྲན་ཐེངས་རེ་ལ་ན་ཟུག་རེ་ཡིས་འཆིང་ཡོང་ཀྱང་།།
དྲན་པའི་ཚེ་ན་ཁྲག་རྩ་འཕར་བའི་བདེ་བ་རེ།།
དེ་དང་མཉམ་དུ་བདེ་བ་ཐོབ་པའི་ཚོར་བ་རེ།།
ཞིབ་ཏུ་བསམ་ན་ཁ་ཐག་རིང་ཡང་སྐྱོན་མི་འདུག།
བརྩེ་དུང་ཟེར་བར་ལྷད་མེད་ས་བོན་བཏབ་བྱས་ཚེ།།
སོ་སོའི་སེམས་ནས་ཕན་ཚུན་ཉི་མའི་འོད་བསམས་ཤིང་།།
སྙིང་གཏམ་དྲོན་མོ་དེ་ཉིད་སྐྱོ་པའི་རྫས་བསམ་ཆོག།
འཇིག་རྟེན་འཁོར་བ་ཟེར་བ་བྲེལ་འཚུབ་ནང་ན་འཁོར།།
བྲེལ་འཚུབ་ཁྲོད་ཀྱི་མི་རྣམས་རང་རང་ས་ན་འཁོར།།
འཁོར་མཁན་སེམས་པའི་ཚོགས་ལ་གསང་བའི་སྒོ་མོ་རེ།།
ད་ཡི་ལྡེ་མིག་གཙོ་བོ་ལྷད་མེད་བྱམས་བརྩེ་ཡིན།།
འདྲེ་ཐོས། ༢༠༡༧།༠༩།༨ ལ།
བརྩེ་དུང་གི་ལམ་རིམ།
ད་ལྟ་ཡོད་པའི་ཚོར་བ་གཞུག་ནས་བརླག་ཀྱང་སྲིད།།
གཞུག་ནས་ཐོན་རྒྱུའི་ཚོར་བ་ད་ལྟའང་ཚོར་མིན་པས།།
ཚོར་བ་ཟེར་བ་རེ་ཞིག་ཟུར་དུ་གཞག་བྱས་ན།།
རང་གཞན་གཉིས་ལ་རྒྱས་ལོན་བྱེད་པའི་ལམ་ཞིག་བསྐྲུན།།
འཕྲད་མ་ཐག་ཏུ་དགའ་དང་མི་དགའ་བཤད་རྒྱུ་ཁག།
འཕྲད་པའི་རྗེས་སུ་སོ་སོའི་ལོ་རྒྱུས་ལྟ་བ་སོགས།།
སྦ་གསང་མེད་པར་དྲང་བོས་ཕན་ཚུན་སྨྲས་བྱས་ཏེ།།
གཅིག་གིས་གཅིག་ལ་རྒྱུས་ལོན་བྱེད་རྒྱུ་ཐོག་མའི་ལམ།།
ཡག་ཤོས་དེ་ནི་དང་ཐོག་ཕན་ཚུན་འཕྲད་པའི་སྐབས།།
བརྩེ་དུང་དང་ནི་ཚོར་བའི་སྐོར་བཅས་མི་གླེང་བར།།
རང་རང་སོ་སོའི་ལོ་རྒྱུས་དང་ནི་འཇིག་རྟེན་སྐོར།།
རགས་ཙམ་རགས་ཙམ་ཕན་ཚུན་བསྟུན་ཞོར་གླེང་རྒྱུ་གཙོ།།
རང་གི་མི་ཚེ་ཞེས་པ་རང་གི་གྲིབ་མ་སྟེ།།
གང་དུ་མཆིས་ཀྱང་རང་ཉིད་རང་ཡིན་མོད།།
ཉི་མའི་འོད་ཀྱི་གྲིབ་མ་ཉི་མའི་དབང་ན་སྟེ།།
མི་ཚེར་འབྲེལ་བའི་བྱ་བའང་རང་ལས་གཞན་དབང་མང་།།
བརྩེ་དུང་ལམ་དེ་ལམ་ཁ་ཤིན་ཏུ་ལྐོག་གྱུར་ཅིག།
དགའ་སྐྱོ་ཆགས་སྡང་ནམ་ཡོང་ནམ་འགྲོ་རྒྱུས་མེད་ཅིག།
དེ་རིང་ཕ་རོལ་བཞིན་རས་སྒོར་སྒོར་ཟླ་བར་མཐོང་།།
སང་ཉིན་ཟླ་བའི་གཟུགས་དེ་ཐབ་ཀྱི་བག་ལེབ་མཐོང་།།
དོན་དངོས་བརྩེ་དུང་ཟེར་བ་ཕྱི་ཡི་རྣམ་པའམ།།
ཡང་ན་དྲི་མ་མེད་པའི་ཚོར་བ་བདེན་པ་ཞིག།
འཇིག་རྟེན་ཕོ་མོ་ཡོངས་སུ་བརྩེ་དུང་ཁྲོད་ན་འཐོམས།།
བརྩེ་དུང་ཟེར་བ་ཀུན་གྱིས་འཐུང་འདོད་སྨྱོ་ཆང་ཞིག།
འདྲེ་ཐོས། ༢༠༡༧།༠༩།༡༠ ལ།
བོད་ཁམས་འབྲོག་མོ་ཨ་མར་གྱུར་ན་འདོད།
སྐྱེ་བའི་དུས་སུ་རང་གི་མ་དང་ཡུལ།།
སུ་ལ་སྐྱེ་འདོད་གང་དུ་སྐྱེ་བ་ལ།།
རང་ལ་དབང་བའི་འདུ་ཤེས་ཕྲ་མོ་ཞིག།
ལྡན་པའི་ཚེ་ན་བོད་དུ་སྐྱེས་བར་འདོད།།
བོད་ཁམས་འབྲོག་མོ་ཨ་མར་གྱུར་ན་འདོད།།
གསོན་པའི་དུས་འདིར་རང་གི་རྒྱལ་ཁབ་ཞིག།
མེད་པ་མཐོང་བས་རྒྱལ་ཁབ་བསྐྲུན་ན་འདོད།།
གསོན་པའི་ཐབས་ལམ་རྒྱལ་ཁབ་མེད་སྙམ་པ།།
ཤི་གསོན་བར་ནས་གཞན་གྱི་འབངས་ལ་གྱུར།།
བོད་ལ་རང་གི་རྒྱལ་ཁབ་ཡོད་ན་འདོད།།
འཆི་བའི་དུས་སུ་འཆི་ཁའི་རྣམ་ཤེས་དེར།།
བོད་ལ་ལོག་རྒྱུ་མ་བརྗེད་ཅེས་ནས་ཤོད།།
སེར་ཆེན་མེ་ཏོག་ཡག་རབས་ཞེས་ནས་རྗོད།།
འབྲོག་པའི་སྤང་ཐང་སྐྱིད་རབས་ཞེས་ནས་སྨྲས།།
༧གོང་ས་མཆོག་གི་མི་སེར་བྱེད་ན་འདོད།།
འདྲེ་ཐོས། ༢༠༡༧།༠༩།༡ ལ།
འདྲེ་ཐོ་ངའི་ལོག་བཤད་དང་གླེན་བཤད།
ཁྱེད་ལ་ལོག་བཤད་ཡིན་པ་ང་ཡིས་བདེན་པར་མཐོང་།།
ཁྱེད་ལ་བདེན་པར་གྲུབ་པ་ང་ཡིས་རྫུན་མར་འདོད།།
ཁྱེད་ནི་དཀར་པོ་ཡིན་ཞེས་དཀར་མདངས་བསྟན་ན་ཡང་།།
ངས་ནི་ནག་པོར་མཐོང་བས་ནག་པོའི་མདོག་ཏུ་གྲུབ།།
ངེད་གཉིས་དབུ་མའི་ལམ་དུ་ཇི་ལྟར་འཇུག་པར་བྱ།།
ང་ཡིས་ཐག་ཁྲ་སྤྲུལ་དུ་མཐོང་བྱས་ཏེ།།
སྤྲུལ་གྱི་གཟུགས་དེ་དམར་ཁྲིད་བྱེད་ཞོར་དུ།།
སྤྲུལ་ཡང་ཐག་ཁྲ་མིན་པ་བྱ་བས་བསྒྲུབས།།
ཐག་ཁྲ་ཐག་ཁྲ་མིན་པ་ཆད་མས་བསྒྲུབས།།
མཐའ་མར་ཅི་ཡང་མིན་པ་སྟོང་བས་བསྒྲུབས།།
ཅི་ཡང་མིན་པ་ཡིན་པའི་ཚུལ་དུ་མཐོང་།།
ཅི་ཡང་མེད་པ་ཡོད་པའི་གཟུགས་སུ་མཐོང་།།
ཐག་ཁྲ་སྤྲུལ་དུ་མཐོང་ཡང་སྤྲུལ་མ་ཡིན།།
རྣམ་ཤེས་གཟུགས་སུ་མཐོང་ཡང་གཟུགས་མིན་སྨྲ།།
ཡིན་མིན་ཡོད་མེད་བར་ནས་མི་ཚེ་རྫོགས།།
ཐག་ཁྲ་ཐག་ཁྲ་ཁོ་ནར་མཐོང་བྱས་ཚེ།།
དེ་ཉིད་གྲུབ་པའི་རྒྱུ་རྣམས་དོར་བྱེད་དགོས།།
རྒྱུ་དང་བྲལ་བའི་རྒྱུ་ལས་གྲུབ་པ་གང་།།
ཅི་ཡང་མིན་པ་མེད་པ་ཆད་མས་བསྒྲུབས།།
འབྲས་བུ་རྒྱུ་ལས་ཐོན་ཡང་རྒྱུ་མི་རྟག།
འདྲེ་ཐོས། ༢༠༡༧།༠༩།༡༢ ལ།
ནད་པ་དང་ཁུག་དམར།
བསམ་བློའི་ཁྲོད་དུ་ནད་པ་ནད་པར་བསམ།།
ནད་པ་ཡིན་ཚེ་སྨན་ལ་བསྟེན་དགོས་པ།།
བསམ་བློ་བ་ཡིས་བསམ་པས་འཛིན་ནུས་ན།།
ད་དཟོད་གཏོང་ཕོད་ཟེར་བའི་འདུན་པ་སྐྱོ།།
ནད་པ་ནད་པར་མ་མཐོང་སློང་མོར་མཐོང་།།
སློང་མོར་མཐོང་བའི་ནད་པར་རོགས་དངུལ་ཉུང་།།
ནད་པ་ནད་པར་མཐོང་ན་རོགས་སྐྱོར་ཐོབ།།
ནད་པ་ནད་པར་མཐོང་བའི་ཐབས་ལམ་འཚོལ།།
ནད་པ་ཡིན་མིན་གསལ་བོ་ཁེད་པོ་གྱིས།།
རོགས་དངུལ་གཏོང་ཡུལ་ནད་པ་རང་ཡིན་དགོས།།
དངུལ་ཁང་ནང་དུ་ཕེབས་རྒྱུ་དཀའ་ནའང་།།
རང་ལ་བློ་ཐུབ་གྲོགས་རེ་ཡོད་རྒྱུ་རེད།།
ངས་ཀྱང་ནད་པར་རོགས་དངུལ་གཏོང་འདོད་ཡོད།།
ཡིན་ཡང་སྐབས་འདིར་ཁུག་མ་སྟོང་བ་ཡིན།།
དངུལ་ཁང་བརྒྱུད་ནས་གཏོང་རྒྱུ་སྟབས་བདེ་མིན།།
ཁ་ཡག་མིན་ཞེས་མནའ་ཞིག་བསྐྱལ་ན་ཆོག།
ནད་པ་ནད་པར་མ་བསམ་གཏེར་རྡོར་བསམ།།
སྨན་པ་སྨན་པ་མ་ཡིན་གཏེར་གཙག་མཁན།།
གསེར་དངུལ་ཤོག་སྒོར་རྒྱ་བཅས་བཙགས་ཚར་རྗེས།།
ནད་པར་བཅོས་རྒྱུ་མེད་ཅེས་རྡོ་བཞིན་གཡུགས།།
བརྩད་ནས་ཡོང་རྒྱུ་ཡོད་ཅེས་བཤད་ན་ཆོག།
ནད་པ་མིན་པ་དག་གིས་ནད་པར་བརྫུ།།
བརྩད་ནས་ཡོང་རྒྱ་མེད་ཅེས་བཤད་ཀྱང་ཆོག།
ནད་པ་ཤ་སྟག་ཡིན་པ་གསལ་བོ་རེད།།
རྩོད་གླེང་ཁྲོད་ནས་སྨན་ནི་འབྱུང་མིན་པས།།
ནད་པར་མཚོན་ན་ཕན་ཐོག་མེད་པ་འདྲ།།
འོན་ཀྱང་ནད་པ་ཡིན་མིན་གཏན་ཁེལ་ཚེ།།
རོགས་དདུལ་འགའ་རེ་ཐོབ་པའི་རེ་བ་ཡོད།།
དེ་རིང་བདེ་ཐང་ངང་དང་ལུས་ཁམས་ནད་མེད་ཡིན།།
སང་ཉིན་བདེ་ཐང་ཡིན་ཞེས་དེ་རིང་འཆད་པར་དཀའ།།
གང་ལྟར་མི་ལུས་འདི་ནི་འབྱུང་བས་གྲུབ་པ་ཞིག།
འབྱུང་བ་འཁྲུགས་པའི་ཉིན་ནས་རང་ལུས་ནད་པར་གྱུར།།
འདྲེ་ཐོས། ༢༠༡༧།༠༩།༡༢ ལ།
ཉིན་འདི་དག་གི་རང་ལ་ཤར་བའི་བསམ་ཚུལ་འགའ་རེ།
གང་ལྟར། དགོན་པ་རྙིང་ཤོས་དང་དགོན་པ་ལོ་རྒྱུས་རང་ཤོས་དེ་གང་ཡིན་ན། དེ་ནི་ང་ཚོའི་མེས་པོ་དག་གིས་དཀའ་བ་དཔག་ཏུ་མེད་པར་སྤྱད་པའི་མཛད་རྗེས་བླ་ན་མེད་པ་དེ་ཡིན་ལ། དེའི་སྐོར་ལ་ནམ་ཡང་ངན་བརྗོད་དང་མཐོང་ཆུང་བྱེད་མི་རུང་སྙམ་མོ། དེ་དེ་བཞིན་དུ། དགོན་པ་དེ་དག་གི་ནང་དུ་ཆོས་གཉེར་མཁན་གྱི་གྲྭ་བ་དང་བཙུན་མའི་སྡེ་ཁག་ལའང་བརྩི་བཀུར་དང་མཐོང་ཆེན་བྱེད་རྒྱུ་ནི། ང་ཚོའི་འོས་འགན་ཞིག་གཟི་བརྗིད་དུ་བརྩི་ཆོག་པའི་བྱེད་ལས་ཤིག་ཡིན་འདུག་སྙམ།
རང་གི་མེས་པོ་དག་གིས་དཀའ་ལས་དང་། འཇིགས་སྣང་། ཉམས་མྱོང་དང་བསམ་གཞིགས་བཅས་ཀྱི་ཁྲོད་ནས་རང་མི་རིགས་ཀྱི་ཉེར་མཁོའི་འཚོ་བ་དང་བསྟུན་ནས་བཟོས་པའམ་དར་བའི་ཆོས་དེ་མི་རིགས་གཞན་ཞིག་གིས་ཆོས་དེས་མེད་དུ་བཟོ་བཅུག་པ། དེ་དང་བར་དུ་དམག་འཁྲུག་བྱེད་དུ་བཅུག་པ། མཐའ་མར་བཙན་པོའི་རྒྱལ་ཁབ་དེ་ཉམས་ཆགས་སུ་བཏང་བ་ཞིག་རེད་འདོད། ད་ནི་ང་ཚོའི་ཉིན་རེ་དང་མཚན་རེའི་འཚོ་ཐབས་དང་རྒྱང་ཐག་ཤིན་ཏུ་རིང་བའི་ཆོས་ཤིག་ལ་གཉེར་དུ་འཇུག་བཞིན་པ་འདིས། ང་ཚོའི་རྒྱལ་ཁབ་མེད་བརླག་ཏུ་བཏང་བཅུག་པ་མ་ཟད། ད་ལྟའང་དེའི་ཁྲོད་ན་གྲུབ་མཐའ་ཟེར་བ་ཞིག་རྩོད་བཞིན་གཅིག་རྒྱལ་གཅིག་ཕམ་གྱི་བསམ་བློ་ངན་པ་འདྲ་མིན་བཟུང་སྟེ་བོད་མི་རིགས་ཀྱི་མཐུན་སྒྲལ་དང་ཆབ་སྲིད་ལམ་ལུགས་བཅས་ལ་གནོད་འཚེ་སྣ་ཚོགས་ཤིག་ཕོག་གི་འདུག་སྙམ།
ཆོས་ལ་རྨོངས་ཤིང་ཚུལ་ཁྲིམས་མི་སྲུང་བའི།།
གྲྭ་ཆས་དམར་པོའི་འོག་གི་མི་ལུས་དེ།།
སྐྱ་བོའི་ལུས་སམ་ཡང་ན་གྲྭ་བའི་སྐུ།།
གྲྭ་ཆས་གྲྭ་བར་འཛིན་པ་བོད་པའི་སྲོལ།།
དམར་པོ་མེ་དང་ཁྲག་གི་མདངས་འཛིན་པའི།།
བན་བོན་དམར་འཛིང་ཁྲོད་ནས་གྲུབ་པ་ཡི།།
གྲྭ་བའི་གྲྭ་ཆས་དམར་པོ་བསམ་ན་འཇིགས།།
འོན་ཀྱང་དེང་སྐབས་ཞི་བདེའི་རྟགས་སུ་གྲུབ།།
ལྷོག་ལྷོག་མེ་ཡི་དཀྱིལ་ན་འབར་བཞིན་པའི།།
དམར་པོ་གཟན་གྱི་གཡོགས་པ་གྲྭ་བའི་སྐུ།།
མི་རིགས་ཤིག་གི་འདུན་པ་མེ་ལམ་བཅོལ།།
བདག་གཞན་མཉམ་བརྗེའི་མཛད་པ་དེ་ནས་བསྟན།།
གཡུ་འབྲུག་ཡིན་ནམ་ཡང་ན་ནམ་མཁར་འཕོས་པ་ཡི།།
རྒྱ་མཚོའི་མདངས་དེས་འབྲུག་ནི་སྔོ་ལྗང་བཏང་ཡིན་ནམ།།
གནམ་ལྕགས་ཐོག་གི་སྒྲ་དེ་འབྲུག་སྒྲར་འཕྲུལ་མཁན་ཚོ།།
བོད་པ་ཚང་གི་སེང་གེའི་ངར་སྐད་ཐོས་སམ་ཀྱེ།།
ཐོ་ཐོ་ནས།
དཀའ་ལས་ཅུང་ཙམ་བརྒྱབ་རྗེས་ཀྱི་ཚོར་བ་ཞིག
ང་ནི་འཁོར་བའི་ནང་གི་རྡུལ་ཕྲན་ཞིག།
མི་ཡི་གཟུགས་སུ་གྲུབ་ཀྱང་གཞན་དབང་ན།།
ཉིན་མཚན་བརྗེ་རིས་བར་ན་ལྟོ་གོས་འཚོལ།།
རང་ཉིད་རང་ལ་དབང་བའི་དུས་ཤིག་མེད།།
ང་ནི་ཚོང་དཔོན་འོག་གི་གླ་བ་ཞིག།
ཉི་མ་ཤར་ནས་མཚན་མོའི་ཟླ་བའི་བར།།
ཚོང་དཔོན་ཅི་བསམ་ང་ཡིས་བསམ་དགོས་ཆགས།།
ཚོང་དཔོན་ཅི་གསུངས་ང་ཡིས་བསྒྲུབ་དགོས་ཆགས།།
ང་ནི་རྒན་གསོའི་དུས་ལ་བསླེབས་ཡོད་ཀྱང་།།
ལུང་པ་འདི་ན་ད་དུང་གླ་བའི་གཟུགས།།
སྒོར་མོ་ཁོ་ནའི་ཆེད་དུ་མིན་ནའང་།།
གླ་བ་ཡིན་པ་བསྙོན་ཏུ་མེད་པ་ཞིག།
ངོ་དེབ་ཐོག་ཏུ་དྲྭ་གྲོགས་ཤིག་གིས།
“རང་མི་རིགས་ཀྱི་ཆུང་མ་ཁྱེད་ཀྱིས་ལེན་མི་འདོད་པའི་རྒྱུ་ཚན་ཅི་རེད།” ཅེས་པའི་དྲིས་ལན་དུ།
ལས་དབང་ཟེར་བས་བཀོད་པ་ཡིན་ནམ་ཀྱེ།།
ཡང་ན་བརྩེ་དུང་ཟེར་བས་མཉམ་དུ་བཞག་པ་ཞིག།
གང་ལྟར་མི་ཚེ་འདི་ལ་ཙི་ནའི་བུ་མོ་ཞིག།
ཚེ་རོགས་ཆུང་མར་བླངས་ཡིན་བུའང་གཉིས་སྐྱེས་ཡོད།།
དར་མའི་དུས་སུ་རྒྱ་གར་ཡུལ་དུ་བསླེབས།།
ཆུང་མ་བསྟེན་པའི་ལོ་ཟླ་དེ་དག་ནང་།།
བོད་ནས་འབྱོར་བའི་གསར་འབྱོར་མིང་ཐོགས་པས།།
བོད་པའི་བུ་མོས་བློ་ལ་འབབ་རྒྱུ་དཀའ།།
ཆུང་མ་མེད་པའི་ཁེར་རྐྱང་འཚོ་བའི་ཁྲོད།།
རྡ་རམ་ས་ནས་ཁེར་ཉལ་བྱས་བྱས་རྗེས།།
ཡུ་རོབ་གླིང་གི་ཤིན་ཏུ་མཛེས་མ་ཞིག།
ང་ལ་དགའ་སོང་ངའང་ཕར་དགའ་སོང་།།
བརྩེ་དུང་ནང་དུ་ཚོར་བ་མེ་ལྟར་འབར།།
ཚོར་བའི་དབང་གིས་དགའ་མགུར་ཡང་ཡང་སྤྱད།།
ཡུ་རོབ་གླིང་དུ་མག་པ་ཡོང་དགོས་ཆགས།
བཀྲ་ཤིས་རྟགས་བརྒྱད་ཟེར་བའི་བུ་ཞིག་སྐྱེས།།
དེ་ལྟར་ཡུ་རོབ་གླིང་གི་ཆུང་མ་དང་།།
ལོ་བཅུ་ཡས་མས་མཉམ་དུ་བསྡད་པའི་རྗེས།།
བཟའ་འཐོར་མིན་པའི་བཟའ་འཐོར་ལྟ་བུར་ཆགས།།
སོ་སོའི་ས་ནས་སོ་སོའི་འཚོ་བ་རོལ།།
ཉིན་ཞིག་ཙི་ནའི་བུ་མོ་ལཱེན་རྒྱལ་པོར།།
ལས་དབང་ཞིག་གིས་ངོ་ཤེས་གྱུར་དགོས་སོང་།།
ངོ་ཤེས་ཆགས་རྗེས་མོ་ལ་སེམས་པ་ཤོར།།
ཁ་པར་རྫོགས་མེད་བཏང་མཐར་འགུགས་ཐུབ་སོང་།།
དེ་ནས་བརྩེ་དུང་རྦ་རླབས་འཕྱུར་འཕྱུར་བྱས།།
ཚེ་འགྲོགས་བྱེད་རྒྱུ་དམ་བཅའ་དབང་མེད་ཤོར།།
ཆང་སའི་སྟོན་མོ་རྒྱ་ཆེན་མཛད་མེད་ཀྱང་།།
གཉེན་སྒྲིག་བཅའ་ཁྲིམས་འོག་ནས་རྟེན་འབྲེལ་ཞུས།།
འདྲེ་ཐོ་ནས།
རྟེན་འབྱུང་ལས་ཀྱི་བགོས་སྐལ།།
རྒྱ་མོ་བོད་མོར་ཅི་ཁྱད།།
རྟ་མགྲིན་རྒྱལ་པོའི་ཆུང་མ།།
རྒྱ་མོ་ཤ་སྟག་ཡིན་འདུག།
སྲོད་བཙན་སྒམ་པོ་ཆོས་ཅན།།
པཎ་ཆེན་བཅུ་བ་ཆོས་ཅན།།
རྒྱལ་ལོ་དོན་གྲུབ་ཆོས་ཅན།།
རྒྱ་བླ་མང་བོ་ཆོས་ཅན།།
ཆོས་ཅན་རིགས་རུས་མཐོ་ཡང་།།
ཁྱབ་པ་ཁས་ལེན་བྱེད་དགོས།།
རྟ་མགྲིན་རྒྱལ་པོར་ཅི་ཁག།
གསར་འབྱོར་རྒྱུ་མེད་སྤྲང་བོ།།
བརྒྱད་ཅུ་དགུ་བཅུའི་ནང་ལ།།
གསར་འབྱོར་མི་ལ་མི་མཐོང་།།
རྙིང་འབྱོར་དཔལ་འབྱོར་མཐུག་གི།
གསར་འབྱོར་ལག་སྟོང་མཆན་སྟོང་།།
གཡག་རྒོད་འདྲ་བའི་གསར་འབྱོར།།
རྡ་སའི་སྲང་ལམ་གཡུགས་ཤིང་།།
ཞི་བདེ་རྒྱ་མཚོར་བརྒལ་ནས།།
ནུབ་ཕྱོགས་གླིང་དུ་མཆིས་སོང་།།
མགོ་སེར་མཛེས་མའི་ཚོགས་ཀྱིས།།
ཕོ་གསར་ཡིན་པ་ཤེས་སོང་།།
གཡག་དང་འབྲོང་གི་གཤིས་ཀས།།
མགོ་སེར་བུ་མོ་བཀུག་སོང་།།
འབྲོག་གཅེར་བུ་དང་འདྲེ་ཐོ་གཉིས་ནས།
འཁྱམ་པོ་ང་།
ངས་ཀྱང་སྒྲ་ཞིག་དཀྲོལ་ན་འདོད། སུན་སྣང་གིས་བཅིངས་པའི་ཡིད་སེམས་འདི་གསོ་ན་འདོད། ངས་ཀྱང་གླུ་ཞིག་ལེན་ན་འདོད། གཡས་གཡོན་གྱི་སྟོང་ཁམས་དེ་གླུ་སྐད་ཀྱིས་ཁེངས་ན་འདོད། མ་གཞི་ང་ནི་རྨི་ལམ་ངོགས་ཀྱི་གླུ་བ་ཞིག རྨི་ལམ་གྱི་ཕྱི་ན་གླུ་སྐད་མེད། ཉན་མཁན་ཡང་མེད། མ་གཞི། ང་ནི་རྒྱལ་ཁབ་ཤོར་པའི་འཁྱམ་པོ་ཞིག
ང་ནི་སྟོན་དུས་ཁྲོད་ཀྱི་སྡོང་ལོ་སྐམ་པོ་ཞིག།
ཁྱེད་ཀྱི་བརྩེ་སེམས་འོ་མས་ཇི་ལྟར་བརླན་ནའང་།།
ཁྱེད་ཉིད་རེ་སྒུག་ནང་གི་ངོ་མཚར་ལྗང་མྱུག་དེ།།
ཁྱེད་ཀྱི་འདོད་པ་ཇི་བཞིན་འབུས་རྒྱུ་སྨིན་རྒྱུ་མེད།།
ང་ནི་ཁེར་འདུག་ཅིག་གི་རྨི་ལམ་སྟོང་བ་ཞིག།
ཁྱིད་ཀྱི་སྙིང་གཏམ་དྲོད་མོས་སེམས་གསོ་མཛད་ཀྱང་རུང་་།།
ཁྱེད་ཉིད་ཐུགས་ལ་བཅངས་པའི་རེ་བཞག་ཡ་མཚན་དེ།།
ཁེར་འདུག་རྒན་ཁོག་ང་ལས་འབྱུང་རྒྱུའི་དཔེ་མི་སྲིད།།
ང་ནི་རྒྱལ་ཁབ་མེད་པའི་ལྡོམ་པོ་ཤ་སྟག་ཅིག།
ངས་ནི་རེ་བ་འཛིན་སའི་གསུང་གི་ངར་སྐད་དེར།།
ཡང་དང་བསྐྱར་དུ་རྒྱབ་སྐྱོར་ཞོར་དུ་ཉན་ནའང་།།
མི་ཚེ་འདི་ལ་ཕ་སར་ལོག་རྒྱུ་དཀའ་ནི་འདྲ།།
འདྲེ་ཐོས། ༢༠༡༧།༠༩།༡༥ ལ།
ལས་ཀ་དང་སྙན་ངག
དེ་རིང་རླུངས་འཁོར་བཞག་སྟེ་ལས་ཀར་མཆིས།།
ཞོགས་དུས་རླུང་ལ་ངར་ཤུགས་ཆེ་བ་དེ།།
དེ་རིང་མ་གཏོགས་སྔོན་མར་ཚོར་མ་སོང་།།
ང་ནི་ཡོམ་ཡོམ་འཕྱོ་བའི་བྱ་སྤུ་གཅིག།
ལས་ཀའི་ཕྱོགས་སུ་སྐྱོད་བྱེད་མེ་འཁོར་དང་།།
སྤྱི་སྤྱོད་རླངས་འཁོར་བཅས་ནི་དུས་ཐོག་ཐོན།།
ཆུ་ཚོད་ཕྱེད་ཀའི་བར་གྱི་ལམ་ཐག་དེ།།
སྙན་ངག་འབྲི་ཞོར་ཀློག་ཞོར་སྐྱེལ་བཞིན་ཡོད།།
ལས་ཀའི་ལམ་གྱི་སྙན་ངག་བྲེལ་འཚུབ་ཡིན།།
ལས་ཀའི་ཁྲོད་ཀྱི་སྙན་ངག་རྔུལ་ཆུ་ཡིན།།
ལས་ཀའི་ཞོར་གྱི་སྙན་ངག་ཀུ་རེ་ཡིན།།
ལས་ཀའི་མཇུག་གི་སྙན་ངག་འཛུམ་དམུལ་ཡིན།།
ཕྱི་དྲོའི་དུས་སུའི་ལས་ཀ་ཅུང་ཙམ་ཡང་།།
མགྲོན་པོའི་རྒྱན་དེ་ཆུ་བཞིན་མི་འཆད་ཀྱང་།།
གཅིག་རེ་གཉིས་རེ་བྱས་ནས་ཕེབས་ཡོང་བས།།
ཐབ་ཚང་ནང་ལ་དེ་འདྲའི་བྲེལ་བ་མེད།།
མཚན་མོའི་དུས་ལ་ལས་ཀའི་མཇུག་བསྡུས་རྗེས།།
ཉིན་དེའི་ཚོང་གི་ཁེ་སང་བཟང་ཡོད་ཚེ།།
སྦྱིན་བདག་གདོང་ནས་རྒྱས་ཡོད་འཛུམ་ཞིག་མཐོང་།།
ཝུ་ཆང་དམ་བུ་དམ་བུ་ཁྱེར་ནས་ཡོང་།།
འདྲེ་ཐོས། ༢༠༡༧།༠༩།༡༦ ལ།
འདྲེ་ཐོའི་སྨྲ་སྔགས།
གླུ་གཞས་འདྲ་བའི་ཚིགས་བཅད་དག།
སྙན་ངག་ཡིན་དང་མིན་ཞེས་པའི།།
ཐག་གཅོད་བྱེད་རྒྱུའི་སྤོབས་པ་མེད།།
སེམས་ཚོར་ཡིན་པ་ཐག་གིས་ཆོད།།
རང་ཉིད་སྙན་ངག་མཁན་པོ་མིན་པའི་སྟབས།།
རང་གིས་གང་བྲིས་རང་དང་འདྲ་ལེ་ཞིག།
གང་ལྟར་སེམས་ན་བཞུར་པ་གཙང་བོའི་རྒྱུན།།
གང་ལྟར་ཁྱེད་ལ་འབུལ་བ་དེ་ཡི་རྒྱུན།།
ཆུ་ནི་འོ་མར་བརྗོད་པའི་རབ་བཏགས་དང་།།
ཚོར་བའི་རྩ་ཁམས་རེ་རེ་དབྱེ་བྱེད་པའི།།
བློ་དང་རྣམ་དཔྱོད་ང་ལ་ཡོད་མིན་པས།།
གནས་སྐབས་ཤིག་ཏུ་འདི་ལྟར་འབྲི་དགོས་ཆགས།།
ཅི་ཞིག་འཆད་འདོད་གང་ཞིག་བསྟན་འདོད་པ།།
རྒན་གྱིས་སློབ་མར་བསམས་ཤིང་ཚིག་སྦྱར་སྤེལ།།
འདི་ལས་ལྷག་པའི་འབྲི་སྟངས་ངས་མི་ཤེས།།
འདི་ལས་ཟབ་པའི་གནས་ལུགས་ང་ལ་མེད།།
འདྲེ་ཐོས། ༢༠༡༧ །༠༩།༡༧ ལ།
རྒྱང་དུ་འཕུར་བའི་ཁུ་བྱུག་དང་དེ་ཡི་འཁོར།
ང་ནི་གཞས་ཀྱི་ཁྲོད་ན་གཞས་ཀྱིས་བཟི་བའི་འབྲོག་རྒན་སྐྱལ་སྟོང་ཞིག།
ངས་ནི་གཞས་པ་གཞས་མ་སེམས་ཀྱི་ལྷ་དང་ལྷ་མོར་བསྐུར་ནས་ཡོད།།
ང་ནི་རྨ་ཆུའི་འགྲམ་གྱི་ཁུ་བྱུག་གདངས་དེས་ཐེངས་མང་བཟི་མྱོང་ཡོད།།
ངས་ནི་ཁུ་བྱུག་དྲན་དུས་ཁུ་བྱུག་གཞས་དེ་ཁུ་བྱུག་བསམ་ཞོར་གྱེར།།
འདྲེ་ཐོས། ༢༠༡༧།༠༩།༡༧ ལ།
རང་བདེ་གཞན་སྐྱིད།
སེམས་ཀྱི་གཏིང་ནས་ཁོང་ཁྲོ་ལངས་ཀྱང་རུང་།།
གནོད་སེམས་སྐྱེ་རྒྱུར་ས་བོན་མི་སྐྲུན་པར།།
ཁོང་ཁྲོའི་རྣམ་པ་ཟུར་ཙམ་བསྟན་བྱས་ན།།
རང་གཞན་གཉིས་ལ་གནོད་འཚེ་ཐེབས་མི་སྲིད།།
སེམས་ཀྱི་གཏིང་ལ་ཞེ་སྡང་ངན་སེམས་བཅས།།
ཉིན་མཚན་གཉིས་སུ་རེས་མོས་འཆང་བྱས་ཏེ།།
ཕ་རོལ་མི་དེ་དགྲ་ལས་དགྲར་མཐོང་ན།།
རང་གི་བདེ་ཐང་གཤིས་ཀ་བཅས་ལ་གནོད།།
མི་ནི་ལྷ་དང་སངས་རྒྱས་བཅས་མིན་པས།།
རེ་རེའི་སྟེང་ན་སྐྱོན་དང་སྡུག་བསྔལ་རེ།།
རང་ཉིད་ཁམས་བདེ་འཛུམ་གྱིས་གཡོགས་བྱས་ཚེ།།
གཞན་གྱི་སེམས་ལ་སྤྲོ་བ་རྒྱ་ཆེར་བསྐྲུན།།
སྒྱུ་མའི་འཕྲུལ་ལས་མ་འདས་འཇིག་རྟེན་འདི།།
ངོ་མཚར་མཐོང་བ་མིག་གིས་སེམས་ལ་སྤེལ།།
མིག་དབང་ཉམས་པའི་ལོང་བར་དེ་ལྟར་མིན།།
ངེད་ཅག་ཤི་བའི་ཚེ་ན་དེ་བཞིན་ནོ།།
རང་ཉིད་འཆི་རྒྱུ་ཡོད་པ་བརྗེད་མི་འཇུག།
རྒྱུ་དངོས་ཐོབ་ཤོར་ཡོད་པ་ཤེས་བཅུག་སྟེ།།
ཡོད་ཚད་མི་རྟག་བསམས་ཤིང་ཚིམས་བྱས་ན།།
མི་བདེ་མི་སྐྱིད་ཆེན་པོ་ཡོད་མ་ཡིན།།
མི་དང་བར་གྱི་མི་འགྲིག་བསམ་པའི་སེམས།།
རིང་དུ་དོར་ནས་སེམས་དེ་ལྷོད་བཅུག་ན།།
རང་ཉིད་གང་དུ་ཕྱིན་ཡང་ལམ་ཡང་བདེ།།
དགྲ་ཞེས་འཕྲད་སའི་སེམས་ཁྲལ་ཡོད་མ་ཡིན།།
འདྲེ་ཐོ་ནས། ༢༠༡༧།༠༩།༢༠ ལ།
ལུག་རྫི་བུ་མོ་བརྗེད་སོང་མ་བསམ་ལགས།
ལུག་རྫི་བུ་མོའི་གཞས་ནི་སྙན་ལྷང་ལྷང་།།
ཚོར་བའི་རྣོ་ས་ཤིག་ལ་ཕོག་ནས་སོང་།།
ཁ་ཐག་རིང་བས་མཇལ་ཐབས་མེད་འདི་སྐྱོ།།
ཐག་ཉེ་ཞིག་ཏུ་བཞུགས་ན་ཅི་མ་རུང་།།
དྲན་གི་དུང་གི་མེད་ཀི་མི་བསམ་རོགས།།
འཁོར་བའི་ཁ་ལོ་བ་ནི་རང་མིན་པས།།
ཁ་ཕྱོགས་གང་ལ་བསྐོར་དང་ནམ་ཞིག་འདུག།
སྐད་འཕྲིན་རྩེ་རྒྱུ་བཅས་ནི་ངར་མི་དབང་།།
སྐད་འཕྲིན་འཇའ་གཟུགས་རེད་ཅེས་གླུ་ཚིག་ནང་།།
གླུ་བ་བརྩེ་བས་གླུ་ལ་གྱེར་ནའང་།།
འཇའ་གཟུགས་དེ་ཡི་ནང་གི་བུ་མོ་ཁྱེད།།
ང་ལ་མཚོན་ན་འདོད་ལྷ་མ་ཡི་སྐུ།།
ཁྱེད་ཀྱི་གཤིས་ཀ་དཀར་པོ་བལ་ལས་འཇམ།།
ཁྱེད་ཀྱི་མགྲིན་གླུ་སྙན་མོར་འགྲན་ཟླ་མེད།།
ཁྱེད་ཀྱི་སྐད་ངག་རེ་རེར་འདོད་ལྡན་ངའི།།
འདོད་པའི་འཁྲི་ཤིང་གཡོ་བའི་ངག་རྩལ་ལྡན།།
འདྲེ་ཐོས། ༢༠༡༧།༡༠།༣༠ ལ།
བོད་ལ་ལོག་རྒྱུ་བྱུང་ན་གོམ་པ་རྒྱག
འཕྲུལ་རྟར་བཞོན་པའི་ལོ་རྒྱུས་ངས་མི་བཤད།།
རྟ་བོར་བཞོན་པའི་ལོ་རྒྱུས་ངས་བརྗེད་མེད།།
གང་ལྟར་རྡ་སའི་སྐྱབས་བཅོལ་ཡིན་པའི་དུས།།
རྐང་མགོའི་ལྷམ་གཉིས་རྐང་ཐང་ཁྲོད་ནས་རལ།།
རླངས་འཁོར་བསྐོར་བའི་ལོ་རྒྱུས་ངས་མི་བཤད།།
རླངས་འཁོར་མེད་པའི་ལོ་རབས་ངས་བརྗེད་མེད།།
ཡུ་རོབ་གླིང་ན་འཚོ་ཐབས་འགྲིག་ཡོད་ཀྱང་།།
བོད་ལ་ལོག་རྒྱུ་བྱུང་ན་གོམ་པ་རྒྱག།
སྐྱིད་པོ་བྱུང་བའི་ལོ་རབས་ངས་མི་བཤད།།
སྡུག་པོ་བཏང་བའི་ལོ་རྒྱུས་ངས་མི་བརྗེད།།
རང་གི་ཕ་ས་རང་ལ་དབང་སོང་ན།།
སྐྱིད་ན་སྡུག་ན་ཕྱིར་ལ་ལོག་རྩིས་ཡོད།།
འདྲེ་ཐོས། ༢༠༡༧།༡༡།༠༣ ལ།
ང་དང་འགྲོགས་ན།
བདེ་བའི་ཞིང་ཁམས་དེ་ལ་ཚོར་བའི་ལམ་ནས་འཁྲིད།།
མེ་ཏོག་ལམ་དེ་བརྒྱུད་ནས་བདེ་བ་ཐོབ་ཏུ་འཇུག།
དུང་གི་བུམ་པ་གཉིས་དེར་ལྕེ་སྣེ་སྦྱར་བྱས་རྗེས།།
མཚེའུ་དམར་པོའི་ནང་གི་འོ་མའི་ཁུ་བར་རོལ།།
བདེ་བ་ཡང་དང་བསྐྱར་དུ་མང་མང་ཚོར་དུ་འཇུག།
བདེ་བ་ཤིན་ཏུ་ཐོབ་པས་སྐད་རྒྱང་རྒྱག་ཏུ་འཇུག།
ཞོར་དུ་འཁུན་སྒྲ་ལྷང་ལྷང་དབང་མེད་ཐོན་དུ་འཇུག།
ཐེངས་ཤིག་འགྲོགས་པས་ཚེ་གང་སེམས་ལ་ཉར་དུ་འཇུག།
སྔོན་རྒྱབ་གཉིས་དང་སྟེང་འོག་བརྗེ་རེས་རྩིབས་ལོགས་སུ།།
ནང་དུ་འཇོག་ཅིང་རྒྱབ་ནས་བསྣུན་ཏེ་ཚིམ་དུ་འཇུག།
སྟེང་ལ་འཇོག་ཅིང་གྱེན་དུ་འགྲེང་བ་འགེབས་འཇུག་སྟེ།།
ལོ་མང་འཕྲོགས་པའི་འཁྲིག་སྤྱོད་ཐོབ་ཐང་ལོངས་སྤྱོད་འཇུག།
འདྲེ་ཐོས། ༢༠༡༧།༡༡།༠༣ ལ།
རྨ་བྱ་འདྲ་བའི་ཞི་མོ།
མཛེས་སྡུག་རྨ་བྱ་འདྲ་བའི་ཞི་མོ་ཁྱེད།།
ཡིད་འོང་འཛུམ་དམུལ་ཁྲོད་ན་སྐྱིད་སྣང་ཞིག།
སྐྱིད་ཀི་ཉི་མའི་འོད་དེ་གདོང་ལ་ཤར།།
སྡུག་གི་མུན་པ་ངས་ནི་མཐོང་མ་སོང་།།
མི་ཚེའི་མདུན་ལམ་ཟེར་བ་ཀྱག་ཀྱོག་རེད།།
འོན་ཏེ་རང་གི་སེམས་པ་འཁྱོགས་མེད་ཚེ།།
རང་ལ་རན་པའི་ལམ་ཕྲན་བདེ་མོ་ཞིག།
ཞི་མོ་ཁྱེད་ཀྱིས་བརྙེད་ནས་ཡོང་ཁོ་ཐག།
མི་ཚེ་ཟེར་བ་ཀུན་ལ་ལྐོག་གྱུར་ཅིག།
རང་ཐུང་བར་ནས་འཇིག་རྟེན་འདི་དང་འབྲལ།།
སྐྱིད་སྡུག་ཟུང་འབྲེལ་བྱས་ཏེ་ཚེ་གང་བསྐྱལ།།
མཐའ་མར་ཅི་ཡང་མེད་པར་གཅིག་པུར་བཞུད།།
འདྲེ་ཐོས། ༢༠༡༧།༡༡།༠༣ ལ།
ཕ་ཡུལ་དུ་ལོག་པའི་སྤུན་ཟླ་ཞིག་ལ།
སྔར་གྱི་དུས་སུ་ངས་ཀྱང་ཕྱུགས་རྫི་བྱས་མྱོང་ཡོད།།
འབྲོག་ཕྲུག་ང་ཡི་འབྲོང་གི་གཤིས་ཀ་དེ་དུས་འབྱོར།།
ད་ལྟའི་དུས་འདིར་ང་ནི་གྲོང་ཁྱེར་ནང་ན་ལྡོམ།།
འབྲོང་གི་གཤིས་ཀས་ད་དུང་ང་ཡི་སེམས་པ་འཆང་།།
རྨི་ལམ་ངོགས་ནས་ཡང་ཡང་ཐོན་མྱོང་སའི།།
ཕ་ཡུལ་འབྲོག་ས་ཡང་གཅིག་དྲན་དུ་བཅུག།
སྤུན་ཁོའི་གློ་སྙིང་མཆིན་གསུམ་དེ་རུ་གནས།།
ང་ཡི་རྣམ་ཤེས་ལམ་དུ་མཆིས་སོ་ལགས།།
ཕ་ཡུལ་དྲན་ཐེངས་རེ་ལ་སྙན་ངག་རེ།།
སྙན་ངག་འབྲི་ཐེངས་རེ་ལ་མིག་ཆུ་རེ།།
སྤུན་ཁོས་དེ་རུ་ཞོ་དང་འོ་མར་རོལ།།
ངས་ནས་འདི་ནས་མིག་ཆུའི་རྒྱན་ལ་རོལ།།
འདྲེ་ཐོས།
ང་དང་ཉ་མོ།
གོ་རྒྱུ་ཚོར་རྒྱུ་མེད་ཀྱང་།།
འཛུམ་ཞིག་སྟོན་ན་འདོད་སོང་།།
འགྲོ་དོན་བསྒྲུབ་རྒྱུ་ཟེར་ན།།
རྣམ་རྟོག་རྒྱུ་ལས་ཐར་དགོས།།
མཚོ་མོའི་ཉ་ལ་དུང་ན།།
མཚོ་ཁའི་མི་ལ་དུང་ཆོག།
ཉ་མོ་ལྕགས་ཀྱུས་བཟུང་ཐལ།།
ངའི་སེམས་ཁྱེད་ཀྱིས་བཟུང་སོང་།།
ཉ་དང་མི་ཡི་འཇིགས་སྐྲག།
འདྲ་འདྲའི་ས་ན་མི་འདྲ།།
ང་དང་ཉ་ཡི་སྡུག་བསྔལ།།
སེལ་མཁན་ཁྱེད་རང་ཡིན་སོང་།།
ང་དང་ཉ་མོའི་ལས་དབང་།།
ཞི་མོ་ཁྱེད་ལ་བཅོལ་ཡིན།།
ཉ་མོ་མཚོ་ལ་གཏོང་ཆོག།
ངའི་སེམས་བརྩེ་བས་ཉར་ཆོག།
འདྲེ་ཐོས། ༢༠༡༧།༡༡།༠༩ ལ།
མི་ཉག་སྒྲོལ་མར་ཕུལ།
མི་བསླུ་བ་ནི་ཁྱེད་ཀྱི་གཤིས་ཀ་ཁྱེད་ནི་མི་ཡི་བདག་མོར་འོས།།
ཉག་ཕྲན་མདའ་མོ་ཐོགས་པའི་རྒྱལ་ཁབ་སྲུང་བའི་དཔའ་མོར་ཁྱེད་ཀྱང་འོས།།
སྒྲོལ་མ་དཀར་མོའི་ཡིད་འཕྲོག་སྐུ་ཡི་མཛེས་ཉམས་ཞི་མོ་ཁྱེད་ལ་ལྡན།།
ངེད་ཅག་བརྩེ་བའི་གླིང་དུ་ཁྱེད་སྐུ་བཞུགས་པ་ཚོམས་འདིའི་བསོད་ནམས་ལགས།།
འདྲེ་ཐོས། ༢༠༡༧།༡༡།༡༤ ལ།
དགྲ་ལས་རྣམ་རྒྱལ་ལ་ཕུལ།
དུག་གི་ཁ་རླངས་འཕྱུར་བའི་ཚོམས་དེར་གསུང་གིས་དུག་སེལ་གཏོང་མཁས་མཁས་མཆོག་ཁྱེད།།
ལྷ་རྗེའི་ཚུལ་དུ་བྱོན་པ་དགེའོ་ཁྱེད་སྐུར་བདག་གིས་གུས་པས་ཕྱག་བྱའོ།།
བོད་མིའི་བསྟན་དགྲ་དང་ནི་གཞན་དག་ཆེ་མཐོང་བྱེད་སྤྲོའི་ཅོལ་ཆུང་བླུན་པོའི་ཚོགས།།
ཁྱེད་ཀྱིས་ཕམ་པར་བརྒྱབ་ཅིང་རྣམ་པར་རྒྱལ་བས་ཁྱེད་མཚན་དགྲ་ལས་རྣམ་རྒྱལ་བརྗོད།།
འདྲེ་ཐོས།
མཐུན་སྒྲིལ་ནི་གཙོ་བོ་ཡིན།
བཟང་ངན་གཉིས་ནི་ང་ཚོའི་ལག་པ་བཞིན།།
ངན་ཕྱོགས་བཟང་ཕྱོགས་གཉིས་ཀ་དེ་ཡིས་བསྒྲུབ།།
མེ་ཏོག་སྣ་ཚོགས་བཏུས་ཏེ་མཆོད་པ་འབུལ།།
དུག་རྫས་འདྲ་མིན་བསགས་ཏེ་དུག་ཆང་བསྙལ།།
སྲིད་སྐྱོང་ངན་ན་བཟང་ན་སྲིད་སྐྱོང་རེད།།
དོན་གཅོད་བཟང་ན་ངན་ན་དོན་གཅོད་རེད།།
རྒྱལ་ཁབ་ཞིག་ལ་མཚོན་ན་སྲིད་སྐྱོང་གཙོ།།
སྲིད་སྐྱོང་ཞིག་ལ་མཚོན་ན་གཞུང་དེ་གཙོ།།
དོན་གཅོད་དོན་གཅོད་ཡིན་པས་སྲིད་སྐྱོང་འོག།
དོན་གཅོད་དོན་གཅོད་ཡིན་པས་བཀའ་ཤག་འོག།
དོན་གཅོད་ནོར་འཁྲུལ་ཡོད་ཀྱང་མེད་ཀྱང་རུང་།།
དོན་གཅོད་ལས་གནས་བཀའ་ཤག་གཞུང་ལ་དབང་།།
སྲིད་སྐྱོང་སྲིད་སྐྱོང་ཡིན་པས་སྲིད་འཛིན་གཙོ།།
དོན་གཅོད་དོན་གཅོད་ཡིན་པས་བཀའ་བརྩི་གཙོ།།
གཅིག་དེས་བཀའ་ཤག་ཚད་མར་འཛིན་རྒྱུ་གཙོ།།
གཅིག་དེས་སྲིང་སྐྱོང་ཚད་མར་འཛིན་རྒྱུ་གཙོ།།
ཕྱི་ལ་གསལ་བར་བཟོ་བ་རྒྱུ་ལའང་བཟོ།།
ནང་ལ་གསལ་བར་བཟོས་ཚེ་རྩོད་གཞིའི་རྒྱུ།།
ཁྲིམས་ལྟར་སོང་བས་བཀའ་ཤག་བཀའ་དེ་ཕེབས།།
འབངས་ཀྱིས་ཁྲིམས་ལ་བརྩིས་ཏེ་བསྡད་ན་ལེགས།།
ང་ལ་མཚོན་ན་སྲིད་སྐྱོང་ཚད་མར་འཛིན།།
འབངས་ཀྱི་འོས་ཤོག་ཐོབ་མཁན་སྲིད་སྐྱོང་ཡིན།།
རྒྱལ་འབངས་རེ་བ་བཅོལ་ས་སྲིད་སྐྱོང་ཡིན།།
བཀའ་ཤག་ཀ་བ་གཙོ་བོ་སྲིད་སྐྱོང་ཡིན།།
དོན་གཅོད་ནོར་འདུག་ཅེས་ནས་བཤད་ཀི་མེད།།
དོན་གཅོད་ནོར་མེད་ཅེས་ནས་བཤད་མི་ཐུབ།།
དོན་གཅོད་བརྗེ་སྤོར་བྱེད་རྒྱུ་གཞུང་ལ་དབང་།།
བརྗེས་པ་ཙམ་གྱིས་སྐྱོན་ཅན་བསམ་ན་ནོར།།
ཕན་ཚུན་འཆམ་མཐུན་ཡོང་ན་གཞུང་དེ་བརྟན།།
བཀའ་ཤག་དང་ནི་དགའ་ལྡན་ཕོ་བྲང་ལ།།
ངོ་རྒོལ་བྱེད་རྒྱུའི་འཆར་གཞི་དོར་ན་ལེགས།
ཕྱི་གསལ་ནང་གསལ་མཐའ་མཇུག་རྒྱུ་ལ་གསལ།།
བཀའ་ཤག་ཟེར་བ་བོད་མིའི་གཞུང་གཅིག་པོ།།
ཕོ་བྲང་ཟེར་ཡང་ཐུག་ས་རྒྱལ་དབང་ཚང་།།
འདི་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར་ན།།
དོན་གྱིས་ནོར་འཁྲུལ་ཡིན་མིན་དཔྱད་པར་བྱ།།
གཞུང་དེ་མོག་མོག་བཙོ་སའི་ཁོན་ལྟ་བུ།།
འབངས་རྣམས་མོག་ཁོན་སྟེང་གི་མོག་མོག་བཞིན།།
གཡས་འཐེན་གཡོན་འཐེན་བྱས་ཚེ་གཞུང་མི་བརྟན།།
འབངས་རྣམས་མོག་མོག་བཞིན་དུ་འཐོར་ནས་འགྲོ།།
འདྲེ་ཐོས། ༢༠༡༧།༡༡།༡༥ ལ།
བུ་འབྲིང་བའི་མིང་བྱུང་སྟངས།
འབྲུག་དང་སེང་གེའི་བར་དུ་འཆམ་མཐུན་ཡོང་ཕྱིར་དང་།།
དབུ་མའི་ལམ་གྱི་མདོ་ནས་གཉིས་ཕན་ཡོང་བའི་ཕྱིར།།
ཕན་ཚུན་བར་དུ་མཛའ་མཐུན་གྲོས་མོལ་མཛད་པའི་ལོར།།
བདག་གི་གཅེས་ཕྲུག་འདི་ཉིད་འཇིག་རྟེན་འདི་རུ་བྱོན།།
ཨ་ཕ་འདྲེ་ཐོས། ༢༠༡༧ །༡༡།༡༦ ལ།
སྐབས་འདིའི་ཚོར་བ་འགའ།
འཕྲད་པར་འདོད་པའི་འཕྲད་སེམས།།
ཚོར་བར་འདོད་པའི་ཚོར་ཤུགས།།
གཉིས་ཕྱོགས་རབ་ཏུ་འབར་ཡང་།།
ལས་དབང་མེད་ན་དཀའ་མོ།།
བུ་ཟུང་ལོ་ན་ཆུང་གི།
ཚེ་གྲོགས་འཚོལ་རན་མ་རེད།།
མཚན་གྲོགས་བསམ་རན་མ་རེད།།
ཨ་མའི་ལས་འགན་སྒྲུབས་ཤིག།
སྤྱི་ཚོགས་ཟང་ཟིང་ཡིན་འདུག།
ལངས་ཕྱོགས་རྣམ་པ་སྣ་ཚོགས།།
དགའ་ལྡན་ཕྱོགས་ལས་རྣམ་རྒྱལ།།
ནམ་ཡང་ཚད་མར་འཛིན་རོགས།།
ཆབ་སྲིད་ཟེར་བ་དུག་རེད།།
དུག་དེ་སེམས་པར་ཕོག་ཚེ།།
སེམས་པ་འཁྱོགས་ནས་བུད་འགྲོ།
ཁ་ལྕེ་གཡོན་ནས་བུད་འགྲོ།
འདྲེ་ཐོས། ༢༠༡༧།༡༡།༡༦ ལ།
སྨན་དང་གདམས་ངག་ལག་ལེན།
གསོ་བར་མཁོ་བའི་ལུས་ཀྱི་ཆ་ཤས་ལ།།
ཉི་མའི་ཁྱིམ་རྒྱུད་དེ་ཡི་དཀྱིལ་འཁོར་དུ།།
དྲོད་མདངས་གུར་གྱིས་རང་ལུས་གཡོགས་བཅུག་སྟེ།།
བསམ་འཕེལ་ནོར་བུའི་སྡེབ་སྦྱོར་འཐིམ་ཏུ་བཅུག།
འདྲེ་ཐོས། ༢༠༡༧ །༡༡།༡༧ ལ།
ཁྱེད་དང་ང་།
ངེད་གཉིས་དངོས་གནས་རྒད་པོར་འགྱུར་ནས་ཡོད།།
སྔོན་མའི་ཕོ་གསར་རྫིག་པོའི་ཉམས་དེ་ཤོར།།
ཁ་སྤུ་མགོ་སྤུའི་ཚོགས་ཀྱི་ཕྱེད་ཀ་དཀར།།
བསམ་ན་དེའང་ཧ་ལམ་དཀར་པོ་ཡིན།།
ལོ་རེ་བཞིན་དུ་རྒས་ནི་འགྲོ་བ་ཆོས་ཉིད་དེ།།
རྒས་པའི་ཚུལ་དེ་ཕྱི་ཡི་རྣམ་པས་མངོན་ཙམ་ལས།།
ནང་གི་སེམས་དེར་རྒས་པོའི་འདུ་ཤེས་སྦྱོར་མེད་སྟབས།།
ཁྱེད་དང་ང་ལ་རྒས་པོའི་མཚན་ཉིད་ཐོབ་མ་ཡིན།།
ཕོ་གསར་ཇི་བཞིན་གཞོན་སྐྱེས་བུ་མོར་ངེད་གཉིས་སྤྱད།།
ཕོ་གསར་ལྟ་བུའི་འདོད་པའི་ངར་ཤུགས་ངེད་གཉིས་ལྡན།།
ཕོ་གསར་བཞིན་དུ་རྩེ་རིགས་སྣ་ཚོགས་ངེད་གཉིས་རྩེ།།
ཕོ་གསར་ལྟ་བུའི་ཟས་ཀྱི་དང་ག་ངེད་གཉིས་ཡོད།།
རྒས་པོའི་རྟགས་ཤིག་ང་ལ་ཞོག་ཟེར་ན།།
སྙིང་གི་འཕར་ལྡིང་ཅུང་ཙམ་ལྷོད་འདུག་གསུངས།།
ཁྲག་གི་དཀྱིལ་འཁོར་ཅུང་ཙམ་དལ་འདུག་གསུངས།།
མཁལ་མའི་དྲོད་ཚད་ཅུང་ཙམ་ཉམས་འདུག་གསུངས།།
གསུང་མཁན་ལྷ་རྗེ་མཆོག་དེར་བཀའ་དྲིན་ཞུ།།
འདྲེ་ཐོས། ༢༠༡༧།༡༡།༡༧ །
མདོག་ཉེས་པོ་དང་སྐྱུག་བྲོ་བའི་ལྕེ་རྩེ་རུ་གསོན་པའི་རྣམ་ཤེས་དག
ལྕེ་རྩེའི་རྫོབ་ས་ན་གསོན་པའི་རྣམ་ཤེས
ཉིན་མཚན་བར་མེད་དུ་རྫུན་གཏམ་དང་ལབ་ཀྱིས་གསོས
གྲོད་པ་བགྲངས་རྗེས་ཡང་ཕྱིར་བསྐྱུགས
མདུང་མགོ་ལྟར་བརྡར་བའི་ལྕེ་རྩེས
རང་ཕྱོགས་དང་རང་རིགས་ཡོད་ཚད་རྨས
སྐབས་རེར་སྙིང་རྗེ་ཡོད་མདོག་གིས
མཛད་བཙོག་པའི་ལྕེ་སྣེ་དེས
ལམ་ཁར་གསར་དུ་ཞུགས་པ་ཚོར་ལྡག་ཙམ་བྱེད
འདྲེ་ཐོས་རྒྱ་ཡིག་ནང་བརྩམས། ཟིངས་དཀར་མྱི་ལྡིང་གིས་བོད་ཡིག་ཏུ་བསྒྱུར།
བསམ་ན་བོད་པའི་གཞུང་དེ་སྙིང་རེ་རྗེ།
ཤིན་ཏུ་ཉན་ན་མི་སྤྲོའི་ཁ་དམག་རྒྱག།
སེང་གེའི་སྐུ་གཟུགས་ཁྱི་ཡི་གཟུགས་སུ་བསྒྱུར།།
སྐུ་ངོ་སྤེན་པའི་སྐུ་གཟུགས་དཀར་ནའང་།།
ནག་པོའི་ཚོན་གྱིས་ནག་རྐྱང་བཟོས་ཞེས་སྐད།།
བསམ་ན་སྲིད་དོན་ཟེར་བ་སྒེར་དོན་འདྲ།།
བསམ་ན་ལངས་ཕྱོགས་ཟེར་བ་ཆོལ་ཞེན་འདྲ།།
བསམ་ན་བོད་པ་མང་བོ་ཁྲེལ་མེད་རེད།།
བསམ་ན་བོད་པའི་གཞུང་དེ་སྙིང་རེ་རྗེ།།
ཤིན་ཏུ་མཐོང་ན་མི་འདོད་ཡིག་ཉོག་སྤེལ།།
རི་མོ་སྣ་ཚོགས་ལམ་ནས་སེང་གེར་མད།།
སེང་གེར་སྤྱི་སེམས་ཡོད་ཀྱང་མེད་ཀྱང་རུང་།།
ད་ལྟའི་དུས་འདིར་རི་དྭགས་རྒྱལ་པོ་ཡིན།།
ཅོལ་ཆུང་ཡིག་རྨོངས་ཀླད་མེད་དྲྭ་འབུ་མང་།།
མཁས་མདོག་ཤེས་མདོག་བོད་ལ་ཤ་ཚ་མདོག།
སྟོན་གྱིན་འཆད་ཀྱིན་འབྲི་བཞིན་ལངས་ཕྱོགས་བཟོ།།
དོན་གྱིས་ཆོལ་གསུམ་ཆིག་སྒྲིལ་གཏོར་པ་པོ།།
སྐུ་ངོ་སྤེན་པའི་སེམས་ན་རྒྱལ་དབང་བཞུགས།།
རྒྱལ་བའི་མཛད་པ་ཡོངས་སུ་གུས་བརྩི་ལྡན།།
བོད་ལ་ཕན་པའི་ཕྱི་འབྲེལ་མཛད་རྗེས་དག།
རྒྱལ་བའི་བཀའ་དྲིན་ཡིན་པ་ཤེས་ཤིང་བསྔགས།།
སེང་གེས་རི་དྭགས་རྒྱལ་པོ་ཡིན་སྙམ་ཏེ།།
རྒྱལ་བའི་མཛད་རྗེས་རང་གི་རྒྱན་དུ་བཟོ།།
རྒྱལ་བ་གང་དུ་བྱོན་ན་དེ་ལ་བརྒྱུགས།།
དཔོན་པོ་ཆེ་རི་ཆེ་ཚད་མཇལ་ཐབས་བྱེད།།
སྤྱིར་ན་སེང་གེ་ལགས་ལ་བཀུར་འདོད་ཀྱང་།།
ཁོང་གིས་རང་ངོ་རང་གིས་མི་ཤེས་ཤིང་།།
གཞུང་དེ་བཙན་བྱོལ་ཡིན་པ་བརྗེད་བྱས་འདུག།
རྒྱལ་དབང་ཚང་གི་མཛད་རྗེས་རང་ངོར་སྦྱོར།།
འདྲེ་ཐོས། ༢༠༡༧།༡༡།༡༥ ལ།
མ་ཧཱ་བྷ་ར་ཏཱ་ཚང་གི་བུད་མེད་དག
ཁ་བའི་སྲས་མོ།
ཁ་བ་ལྷབ་ལྷུབ་ཁྲོད་ཀྱི་འབྲོག་པའི་སྦྲ་ནག་ཏུ།།
ཁ་བའི་སྲས་མོ་ཞིག་གིས་ཁ་བ་ཆུ་རུ་བཞུས།།
ཁ་བ་བུ་ཡུག་འཚུབ་པའི་རི་འགོའི་རྫི་བོ་དེས།།
ཁ་བའི་གོས་དཀར་བཀླུབས་པའི་ལུག་ཁྱུས་རྫ་རི་བརྒྱན།།
བྲག་སྲས་མོ།
བྲག་སྲས་མོ་ཞེས་རང་ལ་མཚན་སྦྱར་དོན།།
འགྱུར་མེད་བོད་ཞེན་སྲ་བརྟན་བྲག་རིར་བསམས།།
མི་འགྱུར་དམ་བཅའ་བྲག་ཅའི་སྒྲ་རུ་སྦྱར།།
གངས་རིའི་ར་བ་བྲག་རིར་བསྒྱུར་འདོད་སྐྱེས།།
སེར་ཆེན།
སེར་ཆེར་མེ་ཏོག་སྐྱེས་ས་བོད་ཁམས་ཡིན།།
མེ་ཏོག་བཅུད་དེ་འབུལ་ཡུལ་བོད་ཁམས་མིན།།
སེར་ཆེན་ཐུགས་སེམས་སྐྱོ་སྐྱོ་མ་གནང་རོགས།།
ཟེའུ་འབྲུའི་ཚོགས་དེ་བོད་ནས་སྐྱེ་རྒྱུ་བྱོས།།
འཛུམ་དཀར་བུ་མོ།
འཛུམ་དམུལ་ཇི་ལྟར་རྒྱས་ན་དེ་ལྟར་སྤྲོ།།
འཛུམ་གྱིས་བསུ་བ་བྱས་ཚེ་ཀུན་ནི་སྤྲོ།།
འཛུམ་ལས་ལྷག་པའི་མགྲོན་བསུ་ཡོད་མ་ཡིན།།
འཛུམ་དཀར་བུ་མོ་ཁྱེད་ནི་ཁ་བཏགས་ཤིག།
གངས་ལྷ་མེ་ཏོག
གངས་རི་རེ་རེ་ཤེལ་གྱི་མཆོད་རྟེན་རེ།།
དེ་ཡི་མཆོད་རྫས་གངས་ལྷ་མེ་ཏོག་ཉིད།།
ལྷ་རྗེ་རེ་རེ་ལྷ་ཡི་ཕོ་ཉ་སྟེ།།
དེ་ཡི་སྨན་རྫས་གངས་ལྷ་མེ་ཏོག་ཉིད།།
ནག་ཚང་བུ་མོ།
ནག་ཚང་བུ་མོའི་མཚན་རེའི་རྨི་ལམ་ངོགས།།
བཙན་པོའི་དམག་དཔུང་སེར་པོའི་སྡེ་ལ་བསྒྱུར།།
དགྲ་ལ་ནག་སེམས་དཀར་པོའི་ཆོས་ལ་བསྒྱུར།།
འོན་ཀྱང་རིམ་གྱིས་རང་གི་རྒྱལ་ཁབ་བརླགས།།
ཐོ་ཐོས། ༢༠༡༧ །༡༢།༡༩ ལ།
གཞོན་དུས་དང་རྒན་དུས།
ཕོ་སར་ཡིན་པའི་དུས་སུ།།
ཕོ་མཚན་ལྟོགས་སྐོམ་ཅན་པོས།།
མོ་མཚན་སྤྱད་ན་འདོད་ཀྱང་།།
མོ་སར་རག་རྒྱུ་ཉུང་ཉུང་།།
རྒན་ཁོག་དུས་ལ་བསླེབས་དུས།།
རྒན་རྟགས་སྟོན་ན་འདོད་ཀྱང་།།
གཞོན་སེམས་ཨུ་ཚུགས་ཅན་འདིས།།
གཞོན་སྐྱེས་ཡིན་མདོག་སྟོན་འདུག།
གདོང་གི་གཉེར་མ་མེད་ན།།
གཞོན་རྟགས་བསྟན་ན་ལོས་ཆོག།
མགོ་སྤུ་ཁ་སྤུ་ནག་ན།།
རྒས་རྟགས་སྦས་རྒྱུ་སླ་མོ།།
ཕོ་སར་བྱེད་མྱོང་མེད་ན།།
མོ་སར་གཞོན་ཤ་ཚ་པོ།།
དྲན་རྒྱུ་དུངས་རྒྱུའི་དཔེ་མེད།།
རྒན་སེམས་ཉར་ནས་བསྡད་ཆོག།
ཕོ་སར་ཡིན་དུས་སྐྱིད་ཟིག།
མོ་སར་རག་ན་སྐྱིད་ཅིག།
གསར་རྟགས་སྟོན་ཐེངས་རེ་ལ།།
རྒས་རྒྱུ་སེམས་ལ་མ་འཁོར།།
ཕོ་སར་ཡིན་དུས་སྒང་ལ།།
ཨ་རག་ཤེལ་དམ་འཆང་ཞོར།།
ཐ་མག་དཀར་སེར་ནག་གསུམ།།
ཁ་སྣ་གཉིས་ཀྱིས་སྤྱད་མྱོང་།།
ཕོ་སར་ཡིན་དུས་སྒང་ལ།།
འབྲོག་པའི་ཁྱི་ཁ་བཙན་སར།།
ལ་གཞས་བླངས་ནས་སོང་ཟིག།
འབྲོག་མོ་བཙལ་ན་སོང་ཟིག།
ཕོ་སར་ཡིན་དུས་སྒང་ལ།།
འབྲོག་མོ་སྙིང་ལ་རྗེ་བོའི།།
བརྩེ་སེམས་འོ་མ་དཀར་པོའི།།
རིན་ཐང་བློ་ཡིས་མ་རྟོགས།།
ཕོ་སར་ཡིན་དུས་སྒང་ལ།།
འབྲོག་ས་ལྷ་ཡུལ་འདྲ་བོའི།།
ངོ་མཚར་ཡོན་ཏན་མ་རྟོགས།།
རྒྱ་གྲོང་ཕྱོགས་སུ་བརྒྱུགས་ཟིག།
ཕོ་སར་ཡིན་དུས་སྒང་ལ།།
འབྲོག་ཟའི་བཅུད་ཀྱིས་ཁེངས་པའི།།
བྲོ་བར་མྱོང་རྒྱུ་གཡུགས་ཏེ།།
ཁ་ཆེའི་ཟ་ཁང་འགྲིམས་ཟིག།
ཕོ་སར་ཡིན་དུས་སྒང་ལ།།
མེས་པོས་བཞག་པའི་གླེགས་བམ།།
གསར་གཏོད་བསམ་བློ་མེད་ཅེས།།
མགོ་སེར་གསུང་རྩོམ་ཉར་ཟིག།
འདྲེ་ལག་གཡོན་པས། ༢༠༡༧།༡༢།༢༦ ལ།
(རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར། སྒྱུར་མཁན་ནི་མ་ཧཱ་བྷ་ར་ཏཱའི་ཚོགས་མི་བདེ་སྦྱིན་དཔའ་བོ་ལགས་ཡིན།)
ཚོ་བ།
བསམ་བློ་ཞིག
གདོད་མའི་ཚོ་བའི་གསེང་ནས་འཁྲུངས་དུས།
འཆར་ཡན་གྱིས་ཁེངས་པའི་སེམས་གཏིང་གི་ནུས་པ།
རི་ཆུ་ཤིང་ནགས་ཀྱི་སྲུབས་སུ་གཏོར་མགོ་བརྩམས།
ཕྱི་ཡུལ་ལ་མཐུད་འབྲེལ་དང་ཆབས་ཅིག
བསམ་བློ་གསར་བ་ཞིག་གིས་དབང་བསྒྱུར་བྱས་སོང་།
དེ་དང་བསྟུན།
འཚོ་བ་ཡི་མིའི་ཕུང་པོ།
གཡོ་ཉེན་གྱིས་བལྟམས་པའི་གཡང་རོང་དུ་འཕངས།
ཁོ་དང་ཁོ་ཚོ
གློག་འོད་མེད་པའི་མུན་ནག་གི་མཚན་ལྗོངས་སུ་འཁྱམས་མགོ་བརྩམས།
དེ་བཞིན་མ་འོངས་པར་རེ་སྒུག་བྱེད།
གློག་སྒྲོན་ཞིག་གིས་ནག་མུན་གྱི་གོར་ཁྱིམ་དག་གསལ་ལ།
ཐག་རིང་ན།
མེ་ཡང་ལུས་དང་མཉམ་དུ་འབར།
གདོད་མའི་ཚོ་བ།
མི་སེར་སྤེལ་ཡུལ་དང་དབང་བསྒྱུར་འོག
སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་སྤྱད་ནས།
དྲན་སྣང་ཁྲོད་ཀྱི་རང་དབང་གི་ལྷ་མོ་བྲིས།
འདྲེ་ཐོ་ཐོས ༢༠༡༨།༠༡།༠༡
ལམ་ཡིག
མཐེ་བོང་ཙམ་གྱི་གཡར་མའི་རི་ཁྲོད་དུ།།
བཙན་པོའི་གདུང་རྒྱུད་ལས་བྱུང་ཡུལ་གྱར་ཚོགས།།
སངས་རྒྱས་གཉིས་པའི་སྐུ་མཆོག་བསྐོར་བྱས་ཏེ།།
རྒྱལ་ཁབ་ཕྱིར་ལ་ལེན་པའི་རྨི་ལམ་རྨིས།།
མི་འབོར་མང་ཞིང་མདའ་བོའུ་མང་བ་ཡི།།
ཙི་ནའི་དམག་དང་འཐབས་པའི་མཐའ་མ་རུ།།
རང་གི་རྒྱལ་ཁམས་ས་གཞི་ཁེབས་པ་དེ།།
རྒྱང་རིང་ཡུལ་དུ་མི་འཇོག་ཐབས་མེད་བྱུང་།།
ད་ནི་མེ་མདས་འཐབ་པ་དོར་མཛད་ཅིང་།།
ཞི་བ་དང་ནི་གཉིས་ཕན་ཐབས་ཤེས་ཀྱིས།།
རང་གི་རྒྱལ་ཁབ་དེ་ལ་ལོག་ཡིན་ཅེས།།
འཛམ་གླིང་ཀུན་ཏུ་བསྒྲགས་པར་མངོན་པར་བསྟོད།།
ད་ནི་ཡ་མཚན་དཔའ་བོ་ཡིན་མདོག་གིས།།
ཨུ་ཚུགས་ཚ་པོའི་སྙིང་ལ་རླུང་བརྒྱབ་ནས།།
མེ་མདའི་ཁ་ལ་རྒྱག་པའི་དུས་རབས་དེ།།
ལྔ་བརྒྱད་དམར་འཛིང་མཇུག་ནས་རྫོགས་པ་རེད།།
ད་ནི་ཁྲག་དྲི་བྲོ་བའི་ཞེ་འཁོན་དག།
རེ་ཞིག་བསྔོ་བ་དང་ནི་སྨོན་ལམ་ཁྲོད།།
ལྷིང་འཇགས་ངལ་གསོའི་ཚུལ་དུ་གནས་བཅུག་སྟེ།།
དངོས་ཕན་དབུ་མའི་ལམ་དུ་འཇུག་པར་བྱ།།
གཞན་ལ་རྫུན་ཚིག་སྨྲ་བ་སྡིག་པའི་རྒྱུ།།
གཞན་གྱིས་བདེན་པར་འདོད་པ་གནོད་པའི་རྒྱུ།།
གཞན་ལ་མགོ་སྐོར་གཏོང་བ་ངན་སོང་རྒྱུ།།
དེ་དག་འདག་པར་འདོད་ན་བདེན་པར་སྨྲས།།
ཆོལ་གསུམ་གང་དུ་གཏོགས་ཀྱང་བོད་མི་རིགས།།
ཆོལ་ཁའི་ཕྱོགས་ཞེན་མེད་ན་བོད་ཁམས་བདེ།།
ཨ་མའི་བུ་ཞིག་ཡིན་ཚེ་བོད་ཞེན་མཁོ།།
ཆོལ་ཁ་ཟེར་བའི་མིང་ཚིག་རེ་ཞིག་སུབས།།
ཕྲག་དོག་མེ་ལྟར་འབར་བའི་ཁོར་ཡུག་ཏུ།།
མི་ཚེ་ལྷིང་འཇགས་འདོད་ན་མཁས་མི་རུང་།།
མཐུ་དང་ནུས་པ་ཡོད་ན་འདོན་མི་རུང་།།
བླུན་རྨོངས་དབུལ་བོའི་རྣམ་པས་བདེ་བ་བརྙེད།།
འདྲེ་ཐོས། ༢༠༡༨།༠༡།༡༢ ལ།
མཉམ་བྲིས་ཤིག
རླུང་རྟ་ཡར་འགྲོ
རླུང་རྟ་ཡར་འགྲོ་ཚང་གི།
དྲོད་གཤེར་མིག་ཆུའི་ཐིགས་པས།།
མ་ཧཱ་གཞལ་ཡས་ཁང་གི།
བལ་གདན་དཀར་པོ་བརླན་སོང་།།
སེམས་ལ་སྐྱོ་སྣང་མེད་ན།།
མིག་ཆུ་བཞུར་དགོས་མི་འདུག།
སེམས་ན་སྡུག་སྣང་ཡོད་ན།།
ཁོག་ལ་ཉར་ན་ནད་ཡིན།།
རླུང་རྟས་གནམ་འཕང་གཅོད་དུས།།
མིག་ཆུ་ཆབ་ལ་སོམས་ཤིག།
བསང་ཁྲིའི་དུ་བ་ལྷོག་ལྷོག།
ཆབ་ཀྱི་ཐིགས་པ་ཤག་ཤག།
འདྲེ་ཐོས། ༢༠༡༨ །༠༡།༡༤ ལ།
ངོ་རིན་པོ་ཆེ།
ཕན་ཚུན་འགྲོགས་འདྲེས་སོང་བའི་ངོ་ནི་རིན་པོ་ཆེ།།
མཐོ་སའི་དཔོན་ན་བཞུགས་པའི་ངོ་ནི་རིན་པོ་ཆེ།།
མཁས་པའི་མཚན་སྙན་ཐོབ་པའི་ངོ་ནི་རིན་པོ་ཆེ།།
ཚོང་རྒན་སྒོར་མོས་འབགས་པའི་ངོ་ནི་རིན་པོ་ཆེ།།
ཆགས་ཉམས་དམར་མདངས་རྒྱས་པའི་ངོ་ནི་རིན་པོ་ཆེ།།
མ་བཅོས་མཛེས་ཉམས་ལྡན་པའི་ངོ་ནི་རིན་པོ་ཆེ།།
བཅོས་མའི་འཛུམ་གྱིས་ཁེངས་པའི་ངོ་ནི་རིན་པོ་ཆེ།།
བླ་མ་ཡོད་དོ་ཅོག་གི་ངོ་ནི་རིན་པོ་ཆེ།།
བོད་ལ་གར་སྟེགས་སྟེང་དུ་ལ་རྒྱའི་གཞས་གྱེར་བའི།།
གཞས་པ་གཞས་མ་དག་གི་ངོ་ནི་རིན་པོ་ཆེ།།
རྒྱ་ལ་གུང་ཁྲན་ཏང་དུ་བསྟོད་བསྔགས་གཏོང་མཁས་པའི།།
བོད་ཁམས་དཔོན་པོའི་རིགས་དེའི་ངོ་ནི་རིན་པོ་ཆེ།།
བོད་ལ་རང་རིགས་གཅེས་ཤིང་རང་སར་ཤ་ཚ་བའི།།
དཔོན་པོ་དེ་ཡི་རིགས་ཀྱི་ངོ་ནི་རིན་པོ་ཆེ།།
རྒྱ་ལ་བོད་རིགས་དཀྲུགས་ཤིང་བོད་སའི་གཏེར་རྐོ་བའི།།
དཔོན་པོ་དེ་ཡི་རིགས་ཀྱི་ངོ་ནི་རིན་པོ་ཆེ།།
འདྲེ་ཐོས། ༢༠༡༨།༠༡།༡༤ ལ།
དྲན་ཚོར།
རྒྱ་གར་ཕྱོགས་སུ་ཡོང་སྐབས།།
ལྷ་སའི་གྲོང་དུ་ཕྱིན་ཡང་།།
ཇོ་བོར་མཇལ་རྒྱུ་མ་བྱུང་།།
བོད་ལ་ལོག་དུས་མཇལ་འདོད།།
རྒྱ་གར་རྡོ་རྗེ་གདན་དུ།།
མཇལ་བར་ཐེངས་ཤིག་སོང་ཡིན།།
སྨོན་ལམ་བརྒྱབ་པའི་ནང་དུ།།
ཡུལ་མིའི་འདུན་པ་བཅོལ་མྱོང་།།
ཡིད་བཞིན་ནོར་བུར་མཇལ་ཉིན།།
ཡུལ་མི་ཡོད་དོ་ཅོག་ནི།།
སེམས་ལ་སྒོམ་ཞོར་མཇལ་ཡིན།།
བྱིན་རླབས་ཐོབ་ན་བསམས་སོང་།།
མི་ལོ་ཉི་ཤུ་ལྷག་འགྱངས།།
བོད་ལ་ཁ་ཐག་ཇེ་རིང་།།
རྒྱ་གར་ཡུལ་དང་བྲལ་སོང་།།
ཡུ་རོབ་གླིང་ན་འཁྱམ།།
འདྲེ་ཐོས། ༢༠༡༨།༠༡།༡༥ ལ།
མནའ་མ།
གངས་རི་སེམས་ན་མེད་ན།
གངས་ལྷ་མེ་ཏོག་ཅེས་པའི།།
མཚན་དེར་སྦྱར་བའི་དཔེ་མེད།།
གངས་སེང་བཞུགས་ས་གངས་རི།།
མཁར་རྩེ་ཚང་གི་ཁྱིམ་ན།།
མེ་ཏོག་ལྟ་བུའི་མནའ་མ།།
ཁ་བ་ཅན་གྱི་གངས་རིའི།།
གངས་ལྷ་མེ་ཏོག་དྲན་བཅུག།
མནའ་མ་མེ་ཏོག་འདྲ་བར།།
ཁྱོ་བོ་སྟག་ཤར་གཞོན་ནུ།།
ལས་དབང་ལྷ་མོས་གནང་འདུག།
ལས་ལ་ཡིད་ཆེ་གནང་རོགས།།
མནའ་མར་གནང་བ་ལས་དབང་།།
མནའ་མར་ཆགས་པའང་ལས་དབང་།།
སོ་སོར་འཚམ་པའི་ལས་དབང་།།
ལས་དབང་སྒེར་དབང་མ་ཡིན།།
འདྲེ་ཐོས། ༢༠༡༨།༠༡།༡༦ ལ
ལས་དབང་།
ཚོར་བ་དེ་ནི་དམར་རྗེན་རྗེན།།
སེམས་པ་འདི་ནི་སྐྱོ་ལྷང་ལྷང་།།
ངོ་གདོང་དེ་ནི་སྐྱ་རིལ་རིལ།།
གོམ་ཁ་འདི་ནི་འཁྱར་མ་འཁྱོར།།
སེམས་ཀྱི་ན་ཟུག་དུག་ཏུ་གྱུར།།
དུག་གིས་མནར་གཅོད་ཇེ་ཆེ་རེད།།
བོད་ལ་ལོག་རྒྱུ་བྱུང་སོང་ན།།
དེ་ལས་སྨན་ཞིག་མེད་པ་འདྲ།།
རྒྱལ་ཁབ་ཤོར་བ་ལས་དབང་ཞིག།
ཡུལ་གྱར་ཆགས་པའང་ལས་དབང་སྟེ།།
སོ་སོས་ཇི་ལྟར་འཇོན་ན་ཡང་།།
ལས་དབང་བཟློག་ཐབས་དཀའ་མོ་རེད།།
འདྲེ་ཐོས། ༢༠༡༨།༠༡།༡༦ ལ།
ཁོང་ཚོ་ནི་འཛམ་གླིང་འདིའི་མཚམས་སྤྲིན་དམར་པོ།
དེ་རིང་ཡང་གློ་བུར་དུ།
ཕྲེང་བ་ཐོགས་མཁན་རིགས་ཤིག་གི
ངོ་གདོང་དེ་མི་མཐོང་བར་གྱུར།
བོར་བརླག་ཏུ་འགྲོ་བ་ནི་རྒྱུན་ལྡན་ཞིག
གློ་བུར་ཞིག གློ་བུར་ངང་།
ཁོང་ཚོ་དང་སེམས་ཤུགས་ཀྱི་ཚོགས།
འཇིགས་སུ་རུང་བའི་ལྕགས་ཕུག་རེ་རེའི་ནང་།
བཀག་བསྡོམས་བྱས་འདུག
ཁོང་ཚོའང་སྔོན་མའི་དེ་དག་བཞིན།
གློ་བུར་དུ་མི་མཐོང་བར་གྱུར།
ཁོང་ཚོ་དང་རིགས་འདྲ་བའི་རིགས་ཤིག་གིས།
ཁུ་སིམ་སིམ་ངང་།
སྔོན་མའི་གཡུལ་ས་དེ་སྲུང་ནས་འདུག
ཡིན་ཡང་སྐབས་སྐབས་རེར།
བཟོད་དཀའ་བའི་ན་ཟུག་ཞིག་དང་མནར་གཅོད་ཅིག་གིས།
ཁོང་ཚོ་ངར་སྐད་དུ་བསྒྱུར།
རྔམ་སྟོན་དུ་བསྒྱུར། མེ་ལྕེ་རུ་བསྒྱུར།
ཁོང་ཚོས།
མེས་པོས་བཞག་པའི་ས་རྟགས་དེ་ལ་ཕྱག་འཚར་ཞོར།
མདུང་གི་རྩེ་མོ་དེ་བདར་བཞིན་པའི་སྒང་།
ཁོང་ཚོས།
མེས་པོས་བཞག་པའི་བསང་ཁྲི་དེར་སྐོར་ཞོར།
དཔའ་བོ་དག་གི་རྣམ་ཤེས་ཀྱི་ཚོགས་ལ་སྐད་འབོད་བྱེད་བཞིན་འདུག
ཁོང་ཚོ་ནི་དཔའ་བོ་ཕྲེང་བ་ཐོགས་པ་རིགས་ཤིག
ཁོང་ཚོ་ནི་རང་ཚུགས་བརྟན་པོ་ཅན་འབའ་ཞིག
ཁོང་ཚོ་ཞི་བདེ་དང་དབུ་མའི་ལམ་ན།
ཁོང་ཚོ་རང་དབང་དང་རང་བཙན་གྱི་ཕུགས་ན།
ཁོང་ཚོ་ནི་ངའི་གྲོགས་པོ། ཡང་ན་ངོ་ཤེས། ཡང་ན་ཕ་ཡུལ་གཅིག་པ།
ཁོང་ཚོ་ནི་ཁྱེད་ཀྱི་ཕུ་བོ་དང་ནུ་མོ། དེ་དག་གི་བུ་ཕྲུག་དང་ཕ་མ།
ཁོང་ཚོས་ཁུ་སིམ་སིམ་ངང་གཡུལ་ས་དེ་སྲུང་།
ཁོང་ཚོ་ཁུ་སིམ་སིམ་ངང་གཡུལ་ས་དེ་ནས་ཤི།
ཁོང་ཚོས་ཅིའི་ཕྱིར།
གནས་སྤོར་མ་བྱས་པ་རེད།
ང་ཚོ་ནང་བཞིན་ཡུལ་གྱར་བའི་མིང་དེ་ཁོང་ཚོས་ཀྱང་ལེན་ཐུབ།
ཁོང་ཚོས།
སྔོན་མའི་གཡུལ་ས་དེ་བསྲུངས་ནས།
མཛུབ་རྩེ་ཡིས་ལག་ནང་གི་ཕྲེང་བ་དེ།
གཅིག་འཕྲོར་གཅིག་རེ་འདེད་ཀྱིན་འདུག
ཁོང་ཚོས་བསྲུངས་པའི།
གཡུལ་ས་དེའི་ཕྱེད་ཀ
ནག་ཐིང་ཐིང་གི་ལྕགས་ཕུག་ཏུ་བསྒྱུར།
དེ་དག་གི་བསམ་བློ།
དེ་དག་གི་ནང་དུ་འཇུག་ཅི་ཐུབ།
བཙན་དབང་གིས་བཅུག་ནས་ཡོད།
ནུབ་ཕྱོགས་ཀྱི་མཚམས་སྤྲིན་དམར་པོ་དེ་ནི།
ཁོང་ཚོ་ལས་ཕྱིན་པའི།
བེམ་པོའི་ཐོག་གི་ཆེས་མཐའ་མའི་མེ་ཕུང་ལགས།
ཁོང་ཚོ་ནི་འཛམ་གླིང་འདིའི་མཚམས་སྤྲིན་དམར་པོ།
ཞི་བདེ་དང་མེ་དཔུང་གིས་གྲུབ་པའི་དཔལ་འབར་གྱི་ཚོགས།
འདྲེ་ཐོས། ༢༠༡༨།༠༡།༢༤ ལ།
ཁ་བ་དཀར་པོ།
ཁ་བ་དཀར་པོའི་མདངས་དེས།།
ང་ཡི་སེམས་པའི་ཁ་དོག།
དཀར་པོར་བསྒྱུར་ན་བསམ་བྱུང་།།
ནག་སེམས་འདག་ན་བསམ་བྱུང་།།
འདྲེ་ཐོས།
དཀར་རྩི་དང་སེམས་པ།
ལོ་གསར་པའི་ལོ་འགོ་འདི་ལ།།
ཁང་གྲུ་བཞིར་དཀར་རྩི་བྱུགས་ཡོད།།
སེམས་བསམ་པ་དཀར་པོ་བྱེད་རྒྱུའི།།
ལམ་དེ་ལ་ང་ནི་འཇུག་རོགས།།
ལུས་སྟེང་གི་གོས་ལྭ་དཀར་ཡང་།།
ནང་ལོག་གི་སེམས་པ་ནག་ན།།
དཀར་ནག་གི་གོ་ས་ནོར་རེད།།
སེམས་དཀར་ན་ཡོད་ཚད་དཀར་པོ།།
ཁང་གྲུ་བཞིའི་ནང་ལོག་དཀར་ཡང་།།
དེར་གནས་སྡོད་མི་སེམས་ནག་ན།།
དེར་དཀར་རྩི་བྱུགས་ཀྱང་དོན་མེད།།
སེམས་དཀར་པོ་ཁྱིམ་དེའི་ཟླ་བ།།
འདྲེ་ཐོས།
རླུང་བསེར་བུའི་གཡུག་སྟངས་མི་ཡག་གི
གནམ་སྔོན་པོ་ཡིན་ནོ་མི་མཐོང་གི །
སྤྲིན་ནག་པོའི་འཁྲིགས་སྟངས་མི་ཡག་གི །
ས་ལྗང་མདོག་ཡིན་ནོ་མི་ཚོར་གི །
རླུང་དམར་པོའི་གཡུག་སྟངས་མི་ཡག་གི །
གངས་དཀར་པོ་ཡིན་མིན་མི་ཤེས་ཀི །
སེང་དཀར་མོའི་འགྱང་སྟངས་མི་ཡག་གི །
བོད་ཆིག་སྒྲིལ་ཡིན་མིན་མི་ཚོར་གི །
མདོ་སྟོད་སྨད་གནས་སྟངས་མི་ཡག་གི །
སྤྲིན་ནག་པོ་གཏོར་ན་ནམ་མཁའ་བདེ།།
རླུང་དམར་པོ་བཀག་ན་རྩི་ཤིང་བདེ།།
གངས་དཀར་པོར་མཆོད་ན་གངས་སེང་བདེ།།
བོད་ཆིག་སྒྲིལ་ཡོང་ན་བོད་ཁམས་བདེ།།
འདྲེ་ཐོས། ༢༠༡༨།༠༢།༡༠ ལ།
ལོ་སར་སྐད་བསྐུར།
ལོ་གསར་རྙིང་གཉིས་ཀའི་བར་མཚམས་ན།།
ལོ་གསར་པར་རྟེན་འབྲེལ་ང་ཚོས་ཞུ།།
ངེད་ཅག་གི་བླ་མ་བཞུགས་བསྡད་ན།།
བོད་གངས་ཅན་ཡུལ་དུ་བདེ་སྐྱིད་ཡོང་།།
ལོ་རྙིང་བ་ཕེབས་ནས་ཕྱིན་སོང་ཟིག།
སྲོག་མང་བོ་དེ་དང་མཉམ་དུ་མཆིས།།
ཁྱེད་ངེད་གཉིས་ད་རུང་འཚམས་བསྡད་ཡོད།།
སྟབས་བདེ་ན་མགྱོགས་པོར་ཐུག་ནས་ཡོང་།།
ལོ་གསར་པ་ཕེབས་ནས་ཐོན་བཞག་ཐལ།།
ཁྱེད་ངེད་གཉིས་མཉམ་འཛོམས་མ་ཐུབ་ཀྱང་།།
སེམས་བསམ་པའི་ནང་ནས་འཛོམས་རྒྱུ་བྱ།།
ཟས་ཞིམ་པོ་སེམས་ནས་མཉམ་ཟ་བྱེད།།
འདྲེ་ཐོས། ༢༠༡༨།༠༢།༡༡ ལ།
རང་བཞིན་བརྗོད་པ།
བསམ་ན་རྒན་ཁོག་ང་ནི་ཉལ་རྒྱུ་མང་དྲག་འདུག
གཞོན་པའི་དུས་སུ་ལས་ལ་ཤིན་ཏུ་བརྩོན་མེད་ཀྱང་།།
འཚོ་བའི་ཁྲོད་དུ་སྐྱ་བོ་དབུལ་བོ་བྱེད་མ་དགོས།།
རྒས་པའི་དུས་འདིར་དངུལ་དང་བདེ་ཐང་གཉིས་ཀ་དེ།།
ལས་ཀའི་ཁྲོད་ན་མཉམ་དུ་ལེན་གྱིན་ཡོད་འདི་རྨད།།
ཆུང་མའི་ལོ་ན་གཞོན་ལ་བུ་དག་ལོ་ན་ཆུང་།།
བསམ་ན་རྒན་ཁོག་ང་ནི་ཉལ་མང་དྲག་འདུག།
རེ་ཞིག་ཉལ་ས་སྐྱིད་པོར་རྒྱབ་ཏུ་བསྐྱུར་བྱས་ནས།།
དངུལ་དང་བདེ་ཐང་ཕྱིར་དུ་ལས་ལ་འབད་འགོ་བཙུགས།།
ཁང་ཁྱིམ་གྲུ་བཞི་མ་ཞིག་ཉོ་རྩིས་བྱེད་འགོ་བཙུགས།།
བསམ་ན་སྒོར་མོ་མང་བོས་འགྲོ་སོང་གཏོང་དགོས་སྐད།།
གང་ལྟར་ད་ནི་ལོ་འགར་ཉལ་རྒྱུ་མེད་པ་འདྲ།།
དངུལ་ཁང་སྟོང་བར་བཏོན་རྒྱུའི་དུས་ལ་ཐོན་པ་འདྲ།།
མ་གཞི་ཁང་གླ་སྤྲད་ཞོར་བསྡད་ན་སྟབས་བདེ་ཡིན།།
ཁང་པར་སྐྱོན་ཆེན་ཤོར་ཡང་རང་ལ་འགན་ཆེན་མེད།།
ཟླ་རེའི་ཁང་གླ་སྤྲད་ཚེ་ཡོད་ཚད་འགྲིག་བསྡད་ཡོད།།
བོད་ལ་ལོག་ཉིན་ཐོན་ན་དེའི་ཕྱོགས་སེམས་ཁུར་མེད།།
འོན་ཀྱང་གཅེས་ཕྲུག་གཉིས་ནི་ཉིན་རེར་ཇེ་དར་རེད།།
ཉལ་ཁང་གཅིག་དེ་མཐུན་རྒྱུ་རིམ་གྱིས་ཇེ་དཀའ་རེད།།
བུ་གཉིས་ལོ་ན་ཆུང་དུས་སྟབས་བདེ་མིན་རྒྱུ་མེད།།
ད་ནི་བུ་རེར་ཁང་མིག་གཅིག་རེ་མེད་མི་རུང་།།
ཁང་མིག་ཆུང་བའི་ཐོག་ལ་ཁང་སྒོའི་བར་ཐག་ཉེ།།
ཆུང་མའི་འཁུན་སྒྲ་འབྱིན་པར་བར་ཆད་ཤིན་ཏུ་ཆེ།།
འཁུན་སྒྲ་མེད་པའི་འགུལ་བསྐྱོད་ལུས་རྩལ་ཙམ་ཞིག་ལས།།
འདོད་པའི་བྲོ་བར་མྱོང་རྒྱུ་ཚོར་རྒྱུ་ཉིན་མོའི་སྐར།།
འཇིག་རྟེན་འདི་ན་སྐྱིད་ཅིག་ལྷག་ཡོད་པ།།
ཆུང་མའི་ལུས་དང་འབྲེལ་བའི་སྐད་ཅིག་གི།
བདེ་བའི་ཚོར་བ་དེ་ཉིད་ཁོ་ན་ལས།།
རྒན་ཁོག་དུས་འདིར་གཞན་ནི་ཡོད་རེ་སྐན།།
སྐྱིད་པོ་དེ་ཉིད་ལག་ནས་ཤོར་བའམ།།
ཡང་ན་སྟབས་ཀའི་དབང་གིས་ཤོར་གྱུར་ན།།
ཉིན་དང་མཚན་གྱི་མི་ཚེའི་འགྲུལ་བཞུད་ཁྲོད།།
སྐྱིད་པོ་གཞན་ཞིག་ཡོད་དམ་ཀྱེ་མ་ཧོ།།
རང་ཁ་རང་གསོ་རང་མགོར་ཁང་པ་ཞིག།
རང་གིས་འབད་པར་བརྟེན་ནས་འཇོག་ཐུབ་ན།།
ཨ་མའི་བུ་རེད་གོ་ཆོད་རེད་བསམ་ཞོར།།
གཟའ་རེར་ཉིན་ལྔར་ལས་ཀར་འགྲོ་བཞིན་ཡོད།།
སྤྱིར་ན་མེས་པོ་དག་གིས་བསགས་པའི་རྒྱུ།།
ཕྱི་རབས་པ་ཡིས་རིམ་གྱིས་ལོངས་སྤྱོད་ཅིང་།།
གཅིག་གིས་གཅིག་ལ་གནང་བའི་དཔེ་ཡོད་ཀྱང་།།
ང་ཚོ་བོད་པར་མཚོན་ན་ལམ་དེ་བཀག།
ལྔ་བཅུ་ལྔ་བརྒྱད་ལོ་ཡི་དམག་འཁྲུག་དང་།།
རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་ཁྲོད།།
ཁ་བ་ཅན་གྱི་མི་སེར་ཡོད་དོ་ཅོག།
ཡོད་དགུ་འཕྲོག་བཅོམ་བྱས་མཐར་སྤྲང་བོའི་བསྒྱུར།།
འདྲེ་ཐོས་བྲིས། ༢༠༡༨།༠༢།༡༢ ལ།
དགུ་ཐུག
རང་གི་ས་དང་རང་གི་རིགས།།
ཁྱིམ་ཚང་གཅིག་པའི་བཟའ་མི་དག།
རྒྱང་རིང་བོད་དུ་བཞུགས་པས་ན།།
དགུ་ཐུག་ཟེར་བར་བྲོ་བ་མེད།།
སྲོལ་རྒྱུན་ཁོ་ན་ཙམ་གྱི་ཕྱིར།།
མགོ་སེར་ལུང་པའི་ཐབ་ཀའི་སྟེང་།།
བོད་ཀྱི་དགུ་ཐུག་བསྐོལ་ན་ཆོག།
ཞིམ་མདོག་བསྟན་ནས་བཏུང་ན་ཆོག།
ཡང་ན་གཅེས་ཕྲུག་བུ་གསུམ་ཆེད།།
ལོ་སར་ཆོ་ག་བསྒྲིག་བྱས་ཏེ།།
ང་ཚོ་བོད་ཡིན་ཞེས་པའི་བརྡ།།
དགུ་ཐུག་འཐུང་ཞོར་སྤྲད་ན་ཆོག།
འདྲེ་ཐོ་ནས། ༢༠༡༨།༠༢།༡༤ ལ།
ཤོ་བ་གཡོན་རྐང་བ།
འདི་དག་ཉིན་དེ་རྒྱན་འཇོག་ཁྲོད་ནས་བཞུད།།
སེམས་འཚབ་ཁྲོད་ན་རྒྱལ་ཕམ་གཉིས་ཀྱིས་འདེད།།
ཐོབ་པའི་ཚེ་ན་སེམས་ན་དྲོད་ལྷིང་ལྷིང་།།
ཤོར་བའི་ཚེ་ན་བཟོད་དཀའི་ཟ་འཕྲུག་ཅིག།
མི་ཚེ་ཟེར་བ་ཀྱག་ཀྱོག་རྒྱལ་ཕམ་ཁྲོད།།
སེམས་པ་དེ་ལ་རྒྱལ་ཕམ་སྦྱོང་རྡར་མཁོ།།
རྒྱན་འཇོག་ཁྲོད་ན་རྒྱལ་ཕམ་བརྗེ་རེས་བྱེད།།
རྒྱལ་ཕམ་གཉིས་ཀྱི་ཚོར་བ་སེམས་པས་མྱོང་།།
ཤོ་བ་རེ་ནི་ཉེན་ཁའི་དོང་ཁ་ན།།
དོང་ཁ་རེ་ན་ཇག་པ་རིག་རྒོད་རེ།།
རྡེལ་བུའི་ཚོགས་ཀྱིས་ཚང་ཁ་ཤིག་ཤིག་རྒྱག།
སྒོར་ཁུག་གྲོད་ཁོག་བགྲངས་རྒྱའི་གོ་སྐབས་ཉུང་།།
འོན་ཀྱང་ཐེངས་འདིར་བསོད་ནམས་ཆེ་ཡིན་ནམ།།
ཡང་ན་ཤོ་རྒྱག་རྩལ་དེ་མཐོ་དྲག་པ།།
གང་ལྟར་བདག་གི་གྲོགས་མཆོག་གཡོན་རྐང་བས།།
ཡུ་རོབ་གླིང་གི་ཤོ་ཁང་མང་བོ་ཕམ།།
ཐེངས་རེར་སྟོང་ལོ་ཁྲི་ལོ་མང་དུ་ལེན།།
འཛུགས་ཐེངས་རེ་ལ་སྟོང་གི་ཡན་ཆད་མང་།།
ངེད་ཅག་ཟླ་བ་ཧྲིལ་བོའི་གླ་ཕོགས་དེ།།
གཡོན་རྐང་བ་ཡིས་འཛུགས་ཐེངས་གཅིག་གིས་ལེན།།
གང་ལྟར་གཏོང་ཕོད་ཆེ་བའི་གྲོགས་མཆོག་དེས།།
ཡུ་རོབ་གླིང་དུ་སྐོར་བ་ཐེངས་ཤིག་བརྒྱབ།།
རྒྱན་ཁང་གང་མང་ཞིག་ལ་འགྲིམས་པའི་མཐར།།
ཕྱི་རྒྱལ་སྒོར་མོ་ཁྲི་ལོ་ཁ་ཤས་བླངས།།
ཇི་ཙམ་བླངས་ན་དེ་ཙམ་སྦྱིན་པ་གཏོང་།།
དབྱིན་གྱི་རྒྱལ་ཁབ་བརྒྱུད་སྐབས་སྟོང་ལོ་གཉིས།།
སུད་སི་རྒྱལ་ཁབ་བརྒྱུད་སྐབས་སྟོང་ལོ་བརྒྱད།།
ཁྱོན་བསྡོམས་ཁྲི་ལོ་ཞིག་གིས་སྦྱིན་པ་བཏང་།།
ཇི་ཙམ་གཏོང་ཕོད་ཆེ་ན་བསོད་ནམས་ཆེ།།
ཇི་ཙམ་ཚོགས་བཟང་བསགས་ན་ལམ་འགྲོ་ཡོད།།
སྔོན་མར་ 县长局长 ཡིན་དུས་སུ།།
ལྐོག་ཟ་མགོ་སྐོར་བྱས་པའི་ལོ་རྒྱུས་མེད།།
ཧ་ཅང་མཐོན་པོའི་དཔོན་སར་བཞུགས་མྱོང་མེད།།
ཤིན་ཏུ་དམའ་བའི་དཔོན་པོར་མཐོང་ཆུང་མེད།།
མི་གཤིས་ཤིན་ཏུ་བཟང་ཞིང་ནུས་པ་ལྡན།།
党员 མིན་པས་དཔོན་ལམ་བཀག་ཅེས་སྐད།།
སྔོན་གྱི་ཚོགས་བསགས་བཟང་བོའི་འབྲས་བུ་དང་།།
ད་ལྟའི་གཞན་ཕན་བསམ་བློ་འཛིན་སྟངས་ཀྱིས།།
མི་ཚེ་འདི་ལ་ལམ་འགྲོ་ཡག་པོ་འདུག།
དགོན་དང་རི་སྡེར་ཞབས་ཞུ་མང་བོ་མཛད།།
འདྲེ་ལག་གཡོན་པས་བྲིས།
དྲྭ་ཐོག་གི་ཆགས་གཏམ།
མདང་དགོང་ཆ་རུ་འགྱེལ་དུ་མ་བཅུག་པས།།
དེ་རིང་གཅེས་ཕྲུག་སྤོ་དང་ངར་ཐོག་ཏུ།།
ད་ནི་ཁྱེད་སྐུ་བྱོན་པས་སྟབས་ཀ་འགྲིག།
ཚོར་བའི་ལམ་ནས་ཁྱེད་དང་ཆ་སྦྱར་བྱེད།།
ནུ་མོ་ཇི་བཞིན་གཅེས་ན་འདོད་རྒྱུ་མ།།
སེམས་གྲོགས་ཇི་བཞིན་འགྲོགས་ན་འདོད་རྒྱུ་མ།།
གློ་མཆིན་སྦྱར་སའི་ཚེ་གྲོགས་ཁྱེད་སྐུ་འོས།།
ཁྱེད་དང་རྟག་ཏུ་འདོད་པར་སྤྱོད་ན་འདོད།།
ནུ་མོར་བསམས་པས་ཁ་བརྡ་བསླབ་བྱ་ཡོད།།
སེམས་གྲོགས་ཡིན་པས་སེམས་གཏམ་གསང་གི་མེད།།
མཛེས་མ་ཡིན་པས་འདོད་པ་འཕེལ་བའི་རྒྱུ།།
དགའ་ནི་དྲག་པས་འདོད་པས་འཁྱུད་ན་འདོད།།
མར་ལོ་ལྟ་བུའི་སྐུ་དེ་དམར་རྗེན་རྗེན།།
བདག་གི་འགྲན་ན་ཡོད་ན་ཅི་མ་རུང་།།
ཁྱེད་སྐུར་ཆགས་པའི་འདོད་པའི་མེ་ལྕེ་དེས།།
དལ་ལྷོད་ཁྲོད་ནས་ཁྱེད་སྐུ་བལྡག་ན་འདོད།།
དང་པོ་ནུ་མའི་ཐོག་དང་རྩེ་དེ་བལྡག།
གཉིས་པ་ལྟེ་དང་མཚན་མའི་བར་དེ་བལྡག།
རིམ་གྱིས་རིམ་གྱིས་མཚན་མའི་གཡས་དང་གཡོན།།
གཞུག་ཤོས་དེ་ལ་ནང་བཅས་མཉམ་དུ་བལྡག།
ཞོར་དུ་འཁུན་སྒྲ་འདོན་པར་ཉན་ན་འདོད།།
ཞོར་དུ་ཆགས་ཉམས་སྟོན་པར་བལྟ་ན་འདོད།།
ཞོར་དུ་འཇིག་རྟེན་འདི་ཉིད་བརྗེད་ན་འདོད།།
ཞོར་དུ་ལྷ་ཡུལ་ཁམས་ན་ཡོད་ན་འདོད།།
འདྲེ་ཐོས། ༢༠༡༨།༠༡།༡༠ ལ།
ཁང་པ།
ད་ལོའི་འཆར་གཞི་ཁང་པ་ཉོ་རྒྱ་སྟེ།།
ཁང་གོང་གནམ་ལ་འཕུར་བའི་རྒྱལ་ཁབ་འདིར།།
ཁང་པ་ཉོ་རྒྱུ་དེ་འདྲའི་སླ་བོ་མིན།།
དངུལ་སྒོར་ཡོད་ཚད་དཀར་པོ་ཡིན་རྒྱུ་གཙོ།།
འབུམ་དྲུག་འབུམ་བདུན་འོག་གི་ཁང་པ་མེད།།
ཁང་པ་དེའི་རིགས་ཅུང་ཙམ་མཐའ་ཁོབ་རེད།།
གྲོང་ཁྱེར་ནང་དུ་དེ་ལས་རིན་གོང་ཆེ།།
རེ་ཞིག་གྲོང་གསེབ་ཞིག་ནས་འདུག་རྩིས་ཡོད།།
སྤྱིར་ན་ཁང་པ་དེའང་མགྲོན་ཁང་ཙམ།།
གཏན་དུ་སྡོད་གནས་མིན་པའི་བེམ་པོ་ཙམ།།
རྡོ་དང་ལྕགས་ལས་གྲུབ་པའི་དངོས་པོ་ཞིག།
ནམ་ཞིག་དེ་དང་འབྲལ་དགོས་ཆོས་ཉིད་ཅིག།
ཡིན་ཡང་ལོ་ན་ཆུང་བའི་བུ་ཕྲུག་གཉིས།།
ཉིན་རེ་བསྡད་ཀི་ཇེ་ཆེ་ཇེ་དར་རེད།།
ཁང་མིག་གཅིག་དེ་མཐུན་རྒྱུ་ཁག་པོའི་རྐྱེན།།
ཁང་པ་ཉོ་རྒྱུའི་འཆར་གཞི་ཐེན་དགོས་བྱུང་།།
མི་ཚེ་ཟེར་བ་ཐུང་ཐུང་ལྐོག་གྱུར་རེད།།
ཁང་པའི་ཚེ་ནི་མི་ལས་རིང་བོར་འདུག།
མི་རབས་གཉིས་ལ་བེད་སྤྱོད་བྱེད་ཐུབ་པའི།།
ཁང་པ་ཞིག་ནི་ཉོ་རྒྱུའི་གན་རྒྱ་བཞག།
ནག་པོ་མིན་པའི་ནག་པོ་ལྟ་བུའི་དངུལ།།
རང་གི་མཛོད་ན་གྲངས་འབོར་མི་ཉུང་བ།།
དེ་ལ་གྲོགས་མཆོག་གཉིས་ཀྱིས་ཁ་སྣོན་བརྒྱབ།།
དེ་གཉིས་གཡོན་རྐང་བ་དང་རྨེ་ཁ་བ།།
གང་ལྟར་ད་ནི་བསམ་དོན་འགྲུབ་ས་རེད།།
ཁང་པ་ཆེ་རྒྱུ་ཆུང་རྒྱུ་མེད་ནི་ཞིག།
ངེད་ཅག་བཟའ་མིའི་མགོ་ལ་ཡོང་ས་རེད།།
སེམས་འདི་ལྷོད་ནས་བསྡད་ན་ཆོག་ས་རེད།།
འདྲེ་ཐོས། ༢༠༡༨།༠༣།༡༤ ལ།
ཉམས་མྱོང་།
བསམ་ན་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་དེ།།
ཁྲིམས་དང་བསྟུན་ནས་འབངས་ལ་ཞབས་ཞུ་དང་།།
ཁྲིམས་མེད་ལུགས་མེད་མེད་པར་སྔགས་བརྗོད་འོས།།
ཡིན་ཡང་སྐབས་རེར་དངོས་གནས་ཁག་པོ་འདུག།
རང་ལ་སྒོར་མོ་ཡོད་ཀྱང་དེ་དག་གི།
ཡོང་ཁུངས་གཅིག་གཅིག་གཉིས་གཉིས་གསལ་མིན་ཚེ།།
ཚོང་དང་ཁང་པ་ཉོ་རྒྱུ་དཀའ་མོ་ཞིག།
མདོར་ན་རང་གི་སྒོར་མོ་བརྐུས་ཁྱེར་འདྲ།།
སྒོར་མོ་ག་ཚོད་བཟོས་ཀྱང་གཅིག་འཕྲོར་གཅིག།
རྒྱལ་ཁབ་འདི་ཡི་དངུལ་ཁང་བཞག་ན་ཡག།
དངུལ་དག་རང་གི་ཁྱིམ་དུ་ཉར་བྱས་ཚེ།།
ཚོང་ཆེན་རྒྱག་དགོས་འདོད་ན་དཀའ་མོ་ཞིག།
ང་ལ་མཚོན་ན་དངུལ་སྒོར་མང་བོ་མེད།།
ཅུང་ཙམ་ཡོད་པ་ཆུང་མའི་ཕ་མ་ཡིས།།
ཁང་པ་ཉོ་རྒྱར་ཁ་སྣོན་བརྒྱབ་པ་ཞིག།
གྲོཊ་མཆོག་འགའ་རེས་འཚམས་རྟཊ་གནང་བ་ཞིག།
ཡིན་ཡང་ཅུང་ཙམ་འདུས་པའི་དངུལ་སྒོར་དག།
ད་ལྟའི་བར་དུ་བེད་སྤྱོད་བྱེད་མ་ཐུབ།།
འདི་དག་ཉིན་ལ་གློ་བུར་ཁང་པ་ཞིག།
ཉོ་བརྩིས་བྱས་ཚེ་དཀའ་ལས་མང་བོར་འཕྲད།།
དངུལ་གྱི་ཡོང་ཁུངས་ཚང་མ་བཤད་དགོས་དཔེ།།
ཕ་མའི་འཚོ་བའི་གནས་སྟངས་བཤད་དགོས་དཔེ།།
གྲོགས་པོས་འཚམས་རྟགས་གནང་དོན་བཤད་དགོས་དཔེ།།
མདོར་ན་དངུལ་སྒོར་ཚང་མར་ཁུངས་སྐྱེལ་དགོས།།
གང་ལྟར་ད་རུང་ཁང་པ་ཉོ་རྒྱུའོ་སྐོར།།
ང་ཡིས་ཕྱོགས་ནས་གཏན་ལ་ཕབས་ཀྱང་རུང་།།
དངུལ་ཁང་ཚང་གིས་དཔྱད་པ་གཏོང་པའི་སྒང་།།
སྒོར་མོའི་ཡོང་ཁུངས་ཁྲིམས་དང་བསྟུན་དགོས་ཟེར།།
སྤྱིར་ན་དེ་འདྲའི་ཛ་དྲག་མིན་ནའང་།།
སེམས་འདིར་ལྷིང་འཇགས་ཁྲོད་ནས་འདུག་མ་བཅུག།
ངེད་ཅག་བཟའ་མིར་མཚོན་ན་ཁང་པ་དེ།།
ད་ལྟའི་དུས་འདིར་དགོས་མཁོ་ཤིན་ཏུ་ཆེ།།
ཁང་པ་དེ་ཡི་གོང་ཚད་འགྲིག་གི་འདོད།།
ཁང་པ་དེ་ཡི་ཆེ་ཆུང་འགྲིག་གི་འདོད།།
གཙོ་བོ་ཉལ་སའི་ཁང་མིག་གསུམ་ཡོད་པས།།
ང་དང་རྒན་མོའི་འདོད་པ་ཚིམ་ཏུ་བཅུག།
བུ་རེར་ཁང་མིག་རེ་དང་ཁང་མིག་ཆེ།།
ང་དང་རྒན་མོའི་ཉལ་ས་དེ་ལས་ཆེ།།
ཉིན་རེ་གཉིས་ཏེ་སྔ་དང་ཕྱི་དྲོ་ལ།།
ཉི་མའི་འོད་ཀྱིས་ཤར་ལྷོ་གཉིས་ནས་བསུ།།
ཁང་པ་ཡོད་སའི་ཡུལ་ལྗོངས་ཤིན་ཏུ་མཛེས།།
རི་དང་ནགས་ཀྱིས་རྒྱབ་ཕྱོགས་བསྐོར་ནས་ཡོད།།
མདུན་དུ་མཛེས་པའི་གྲོང་ཁྱེར་འོད་ལྷམ་ལྷམ།།
འགྲིམ་འགྲུལ་སློབ་གྲྭ་བཅས་ཕྱོགས་སྟབས་ཀ་བདེ།།
འདྲེ་ཐོས། ༢༠༡༨།༠༣།༡༦ ལ།
བུ་མོ་ཞིག་ལ།
བྲང་ན་ནུ་མའི་དབྱིབས་ཙམ་འབུར་མེད་ཅིང་།།
ལྟེ་འོག་སྐེད་པའི་མཚམས་དེ་ཟླུམ་ཟླུམ་ཅན།།
ཤིང་ཐུར་གཅིག་ལ་གོས་ཀྱིས་གཡོགས་འདྲ་བའི།།
རྐུབ་མེད་བུ་མོའི་གཟུགས་འདིས་འདོད་པ་བསད།།
འདྲེ་ཐོས།
དགུན་དུས།
དཔྱིད་དཔལ་བུ་མོས་འདོད་པའི་ཉམས་སྟོན་ཞོར།།
དགུན་དུས་ལྭ་བ་དོར་བའི་ལང་ཚོ་ཅན།།
བོད་ཁམས་གཞོན་ནུར་ལུས་འབྲེལ་བྱེད་འདི་མཚར།།
འོན་ཀྱང་ཚོམས་འདིར་དགུན་དུས་བསླེབས་དོན་ཅི།།
དགུན་དུས་རྒད་པོ་བཙན་པོ་ཕྱིན་སོང་ཟིག།
དཔྱིད་ཀའི་ལྗང་མྱུག་འབུ་བ་བར་ཆད་མེད།།
མེ་ཏོག་ལྡུམ་ར་ལྟ་བུའི་ཚོམས་འདི་རུ།།
རིགས་མང་མྱུ་གུ་འབུ་བར་རང་དབང་ཐོབ།།
འདྲེ་ཐོས། ༢༠༡༨།༠༤།༡༧ ལ།
སེམས།
སེམས་ལྷོད་ཅིང་སེམས་ཐུག་རྒྱག་སའི་རིགས།།
ངའི་བོད་རིགས་སྤུན་ཟླའི་ནང་ལ་ཡིན།།
སེམས་རྩུབ་མོ་བརྡར་ནས་འཇམ་དུ་གཏོང་།།
སེམས་སེམས་པའི་བར་ཐག་ཉེ་རུ་གཏོང་།།
སེམས་ཡོད་ན་སེམས་དེས་རང་རིགས་སོམས།།
རང་རིགས་རྒྱུད་གཅིག་པའི་བོད་རིགས་སོམས། །
རབ་ཡིན་ན་འགྲོ་བ་ཡོངས་སུ་སོམས།།
གཅིག་གཅིག་ལ་བྱམས་བརྩེ་ཡོད་རྒྱུ་བྱོས།།
སེམས་འདི་ནི་བྱིས་པ་ཆུང་ཆུང་ཞིག།
བདག་ཡག་པོ་བརྒྱབ་ན་ཁྱིམ་ཚང་བདེ།།
ཁྱིམ་བདེ་ན་སྡེ་བའི་རྒྱན་ཟིག་ཡིན།།
སྡེ་ཆེ་བོའི་བསྟན་པ་སེམས་ལ་ཐུག།
འདྲེ་ཐོས། ༢༠༡༨།༠༥།༠༩ ལ།
ཆ་རྐྱེན་འདི་མོ་ཡོད།
སྐྱེ་ཡུལ་བོད་ཁམས་ཡིན་ཐོག།
སྐྱེ་ས་འབྲོག་ས་ཡིན་འདུག།
བོད་སྐད་ཕ་སྐད་ཡིན་ལ།།
རྒྱག་རྒྱུ་འབྲོག་སྐད་ཡིན་ལགས།།
བོད་ཡིག་འབྲི་ཀློག་གཉིས་ལྡན།།
བོད་པའི་བུ་ཞིག་ཡིན་པས།།
བོད་ལ་ཤ་ཞེན་ལོས་ཡོད།།
ཕ་མར་བརྩེ་བ་ལོས་ཡོད།།
ཕ་མའི་བཀའ་དྲིན་བརྗེད་མེད།།
གཉེན་ཉེར་སེམས་ཐག་ཉེ་ཡ།།
ཡ་རབས་མིན་རྒྱུ་མེད་ལགས།།
མཛའ་མོ་གཅེས་བཞིན་སྒང་ཡིན།།
གདོང་དམར་བོད་ཀྱི་བརྒྱུད་པ།།
སྐལ་ཆོས་སྣ་རྭའི་ཚ་བོ།།
ཕོ་སྒོ་འགྲིག་ནས་བསྡད་ཡོད།།
ཤ་མདངས་དམར་སྨུག་གཉིས་ལྡན།།
ཁ་ན་དུང་སོ་དཀར་པོ་ཡོད།།
ཁ་ཤ་འཇིབ་རྒྱུར་ཞིམ་ཁོ་ཐག།
མིག་གཉིས་ཆེ་ཆུང་འགྲིག་བསྡད་ཡོད།།
ཡོད་ཚད་འཛུམ་གྱིས་བསུ་བཞིན་ཡོད།།
སྨུན་མ་ཨཱ་མ་རྫོ་ནཱེ་ཨ།། (Amazônia)
གདོང་བ་རྨ་ཆེན་རི་རྒྱུད་དེ།།
གཉེར་མའི་རྒས་རྟགས་ཡོད་མ་ཡིན།།
སྐྲ་གཟེངས་ཨཱ་མ་རྫོ་ནཱའི་སྤུན།།
དཔུང་ཞེང་གནམ་གྲུའི་གཤོག་པར་འདྲ།།
བྲང་གཞུང་སྤོའུ་རྗེ་རི་བོར་འདྲ།། (Fuji)
ཆེ་ཆུང་འགྲིག་པའི་གཟུགས་པོ་འདིར།།
བལྟས་ན་མཚམས་པའི་ཨོང་ཤ་ཡོད།།
རྐང་ལག་སྦོམ་ཕྲ་འགྲིག་བསྡད་ཡོད།།
བརླ་ཤ་སྦོམ་ཞིང་མཁྲེགས་པོ་ཡིན།།
ཁ་ལྕེ་བདེ་ལ་སྙན་ངག་འབྲི།།
ཁ་ཁོག་མེད་པའི་དྲང་མོ་ཞིག།
སེམས་ལ་བྱམས་བརྩེ་བཅངས་ནས།།
འཛམ་གླིང་ཕྱེད་ཀར་བསྐོར་ཡིན།།
ཆོས་ལ་སྐྱབས་སུ་ཞུ་ཞོར།།
སེམས་ཀྱི་རྨོངས་པ་འདུལ་བཅུག།
ཁ་སྤོ་ལེན་ས་བོད་རིགས།།
ཞེ་སྡང་འབར་ས་རྒྱ་གཞུང་།།
ཁོག་དཔུང་འཛིན་ས་རྒྱ་རིགས།།
ཁ་རྩོད་བྱེད་ས་ནང་མི།།
ལ་རྒྱའི་རྩོད་གཞི་ཞེན་ཁོག།
སྐད་དང་རིགས་རུས་ཆེད་ཡིན།།
གློག་ཀླད་ཆེད་མཁས་དམག་དཔུང་།།
ཡོང་འབབ་བཟང་ན་འཛུགས་འདོད།།
གཏོང་ཕོད་ཆེ་ན་བསམ་ཡོད།།
ཟ་འཐུང་འཛོམས་ན་བསམ་ཡོད།།
མོ་ལྷ་འཁོར་ན་ལོས་དགའ།།
ལ་གཞས་ཤེས་ན་ལོས་བཟང་།།
ལ་གཞས་ལེན་གྲོགས་མང་ན།།
རྒན་མོ་མེད་ཀྱང་ཆོག་འདོད།།
དགའ་བོ་མང་བོ་ཡོད་མྱོང་།།
ཀུན་དང་བརྩེ་འདུས་བརྩེ་བྲལ།།
མཐར་མཇུག་ཆུང་མ་རྒྱ་མོ།།
རྒྱ་མོ་ནང་མའི་གྱུར་རྗེས།།
བསྒོམ་རྒྱུ་རྒྱ་མོ་ཡིན་སོང་།།
ཟ་འཕྲུག་ཕར་རྩོང་ཚུར་རྩོང་།།
རིག་གནས་སྣ་ཚོགས་སྦྱངས་ཡིན།།
ཀུན་སློང་ངན་པས་བསླུས་མེད།།
འཇོན་ཐང་ཆེ་རྒྱུ་མེད་ཀྱང་།།
ངོ་ཚ་ཤེས་ནི་ཟིག་ཡིན།།
ཆང་རིགས་སྣ་ཚོགས་བཏུང་མྱོང་།།
ཆང་སྐྱོན་ཟེར་བ་མི་ཤེས།།
བསོར་མོ་གླེང་ཞོར་བཏུང་ཡིན།།
བསོར་མོ་ལས་ཞོར་བཏུང་མྱོང་།།
མཇེ་རྒན་ཟེར་ན་མི་ཤེས།།
མཁྲེགས་སྦོམ་འགྲིག་ནས་བསྡད་ཡོད།།
གཡབ་ཐེངས་རེ་ཡི་རྗེས་དེར།།
ཁྱེད་དང་འཛག་རྒྱུར་དགའ་ཟེར།།
གཡབ་རེས་ཟེར་བ་སྒྱུ་རྩལ།།
ལྡག་ཞོར་འཇིབ་ཞོར་བར་ནས།།
སྟེང་འོག་བརྗེ་རེས་བྱེད་དེའི།།
དབྱངས་ནི་དབུགས་རིང་ངུ་སྐད།།
ཕན་ཚུན་མིང་གི་འབོད་ཞོར།།
གཅེས་ཕྲུག་སྲོག་ལྡོག་ཟེར་ཞོར།།
གཅིག་སྲོག་གཅིག་གིས་བཅད་པའི།།
ཚོར་བ་ཤུགས་ཆེན་འབར་བཅུག།
འདྲེ་ཐོས། ༢༠༡༨།༠༥།༠༩ ལ།
ཕུག་རོན་དཀར་པོ།
ནམ་མཁའི་སྤྲིན་ཕུང་དཀར་པོ།།
ཕུག་རོན་དཀར་པོའི་སྤྲུལ་བ།།
སྤྲིན་པ་ནག་པོས་ཁེབས་པའི།།
བོད་ཁམས་དཀར་ན་འདོད་རེད།།
སྐེ་ཡི་ཁ་བཏགས་དཀར་པོ།།
ཕུག་རོན་དཀར་པོའི་གཤོག་པ།།
ནམ་འཕང་ཐད་ཀྱིས་གཅོད་ཞོར།།
སྤྲིན་ནག་དེད་ན་འདོད་རེད།།
ཁ་བའི་ལྗོངས་ཀྱི་གངས་ཆུ།།
ཕུག་རོན་དཀར་པོའི་མིག་ཆུ།།
འོ་མའི་བཞུར་རྒྱུན་དཀར་པོས།།
ཁྲག་མདངས་བཀྲུ་ན་འདོད་རེད།།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༥།༡༠ ལ།
སྐྱེ་འཇིག
སྐྱེ་འཇིག་གཉིས་ཀ་མཉམ་དུ་སྟེ།།
སྐྱེས་པ་གང་ཞིག་འཇིག་པས་བཟུང་།།
སྐྱེ་ཞོར་འཇིག་ཞོར་འབྱུང་བར་འཐབ།།
མཐའ་མའི་མཐའ་མར་འཇིག་ཅིང་རྫོགས།།
མོའོ་རྒན་སྐྱེས་པས་བོད་ཀྱང་འཇིག།
བོད་ཁམས་འཇིག་པས་རྒྱལ་ཁབ་ཤོར།།
ནང་བསྟན་དར་བས་གླིང་དར་བཀྲོངས།།
གླིང་དར་བཀྲོངས་བས་བོད་ཁམས་གཏོར།།
དོན་སྙིང་ལྡན་དང་མི་ལྡན།
དོན་དང་སྙིང་བོ་ཟེར་བ་ལྟོས་འཇོག་ཅིག།
ཁྱེད་དང་ང་ཡིས་དོན་མེད་འདོད་པ་དེ།།
གཞན་པའི་སེམས་སུ་དེ་ལྟར་གྲུབ་ཡོད་མེད།།
མ་ཤེས་པ་ན་དེའི་རིགས་དཔྱད་པའི་རྒྱུ།།
དེ་རིང་ནམ་མཁའ་དྭངས་པའི་ཆར་མེད་འདོད།།
སང་ཉིན་ནམ་མཁའ་ནག་པས་ཆར་ཡོད་འདོད།།
དོན་དངོས་ཆར་བ་འབབ་དང་མི་འབབ་དེ།།
འགྱུར་བའི་རང་བཞིན་ཅན་གྱི་འབྱུང་བར་གསལ།།
གླེན་པའི་གོ་བ་ལེན་སྟངས།
ལྷ་ཡི་རྗེའམ་མི་རྗེ་གང་།།
བཙུན་མོའི་མཆོག་ཏུ་འཛིན་པ་མ།།
རྗེ་བཙུན་སྒྲོལ་མར་གྲགས་ཞེས་སྐད།།
དེ་ལ་གསོལ་ན་ཡིད་བཞིན་འགྲུབ།།
འཁྲུངས་དུས་འཁྲུངས་ལོ་ལྷ་ལ་གསལ།།
འདས་རྒྱུ་མེད་མེད་འབངས་ལ་གསལ།།
དུས་ནས་དུས་སུ་སྒྲོལ་མར་གསོལ།།
སྒྲོལ་མའི་སྐུ་ཚེར་རྫོགས་མཐའ་མེད།།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༥།༡༠ ལ།
འདྲེན་པ་ལྷ་སྲས་ལགས་ལ།
རང་གི་ལྟ་བར་ཆགས་པའི་ཆགས་སྡང་དང་།།
སེམས་ནས་སྡང་བའི་ཁུ་ཚུར་ལྷོད་བྱས་ན།།
ད་གཟོད་འཛམ་གླིང་འདི་ཡི་རྙོག་འཛིང་ཀུན།།
རིམ་གྱིས་དགེ་དང་ཕན་པའི་ཕྱོགས་སུ་འགྲོ།།
༢༠༡༨།༠༥།༡༠ ལ།
དབྱར་རྩྭ།
མཐོ་སའི་རི་བོའི་རྩེ་མོ་ན།།
དབྱར་རྩྭའི་མགོ་བོ་ལྗང་ལྡེམ་ལྡེམ།།
རླུང་དང་ཁ་བ་འཚུབ་མའི་ཁྲོད།།
བོད་ཁམས་ཡོངས་ན་འགྲན་རྒྱུག་བྱེད།།
དམའ་སའི་སྤང་ལྗོངས་ལྗང་ཐིང་ཐིང་།།
མེ་ཏོག་དཀར་དམར་སེར་གསུམ་བཞད།།
འབྲོག་པའི་འབྲོག་ས་ནོར་གྱི་གཏེར།།
བོད་མིའི་ཐོན་ཁུངས་ཕུན་སུམ་ཚོགས།།
བོད་ཁམས་བོད་ལ་དབང་བར་སྨོན།།
ཡུལ་ལྗོངས་སྦགས་བཙོག་མི་བཟོ་རོགས།།
ས་ཆུ་གཙང་མར་གཞག་བཞག་ན།།
སེམས་ཀྱི་མདུན་པ་བླ་མས་བསྒྲུབ།།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༥།༡༡ ལ།
དབྱངས་སྲས་ལགས་ལ།
གཡང་ཁ་གཡང་ལག་དེ་ལས་སེམས་ཀྱི་བཅུད།།
དབྱངས་ལ་སྡེབས་པའི་གསུང་གི་མགྲིན་དབྱངས་དག།
མ་ལུས་སྲིད་འདིར་འགོད་མཁས་དབྱངས་སྲས་ཁྱེད།།
མ་ཧཱ་ཚོམས་འདིར་མེད་དུ་མི་རུང་སྲས།།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༥།༡༡ ལ།
དབྱར་རྩྭ་དང་བུ་མོ།
ན་ནིང་དབྱར་དུས་གྲོང་ཁྱེར་བུ་མོ་དེའི།།
ཁྲ་ཆུང་མིག་གིས་ངའི་སེམས་ཡོངས་སུ་འཕྲོགས།།
ང་ནི་ཕོ་སར་ཤིན་ཏུ་མི་རྫིག་ཀྱང་།།
ངའི་ཡུལ་དབྱར་སར་དབྱར་རྩྭ་མང་བོ་ཡོད།།
༜ བོད་ནང་གི་གླུ་ཚིག་ཅིག་སྟེ་རྒྱ་སྐད་ནང་བླངས་པ་དེ་ངས་བོད་ཡིག་ཏུ་བསྒྱུར་པ་ཡིན། འདྲེ་ཐོ་ཐོ་ནས། ༢༠༡༨།༠༥།༡༢ ལ།
ལེན་འདོད་པའི་ལ་གཞས་ཤིག
མ་བུ་མོ་སེམས་ལ་འབབ་རྒྱུ་མ། །
ཁྱེད་བཞུགས་ཡུལ་ཐག་རིང་ཡིན་ནའང་། །
སེམས་དམར་པོ་ཁྱེད་ཀྱི་ཕྱོགས་སུ་འཁོར། །
ཁ་ལ་གཞས་ཁྱེད་ལ་ལེན་ན་འདོད། །
རོགས་ཡིན་ན་འདོད་རྒྱུའི་ཞི་མོ་ཁྱེད། །
རོགས་བསྒྲིག་རྒྱུའི་ལས་དབང་ཡོད་རྒྱུ་ན། །
ཁྱེད་ངེད་གཉིས་སྙིང་གཏམ་འཆད་ཞོར་དུ། །
ཤ་མཆིན་པའི་སྟེང་འོག་བརྗེ་རེས་བྱེད། །
ལས་ཟེར་བའི་རི་མོས་མ་བཀོད་ན། །
འགྲོགས་ཟེར་རྒྱུ་དཀའ་མོ་དཀའ་མོ་ཞིག།
ཐུག་འདོད་རུང་སེམས་ན་དངངས་སྐྲག་ཅིག།
ཐུག་བཞག་རུང་ལ་གཞས་ལེན་རེས་ཙམ། །
འདྲེ་ཐོས། ༢༠༡༨།༠༥།༡༨ ལ།
རྨ་དུག་ལྕེ་ལགས་ལ་བྲིས།
རྨ་རེད་འདོད་པའི་རྨ་ཁ་ཡོངས་སུའི་རིགས།།
དུག་སེལ་བྱེད་མཁས་དུག་གཅོད་ལྕེ་ནག་པ།།
ཁ་བའི་ལྗོངས་སུ་སྙན་པ་འབྲུག་བཞིན་གྲགས།།
དུག་གིས་བཟུང་བའི་བོད་འབངས་བདེ་ལ་འདྲེན།།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༥།༡༧ ལ།
འདྲེ་གླུ།
འདྲེ་ཅན་པོར་སྐྲག་གི་ཟེར་ན། །
ལྷ་ཅན་པོའི་མིང་རྟགས་བཀོད་ནས། །
མ་ཁྱེད་ཚོར་ཐུག་ཐབས་བྱེད་ཆོག །
དེ་ཡིན་རུང་རང་གཤིས་འགྱུར་མེད། །
འདྲེ་ཡིན་ཚུལ་སྟོན་མཁན་ཉུང་ཉུང་། །
ལྷ་ཡིན་མདོག་སྟོན་མཁན་མང་མང་། །
འདྲེ་ལྷ་རུ་འདོད་ཀྱང་འདྲེ་རེད། །
ལྷ་དངོས་གནས་བྱོན་ན་བསམ་བྱུང་། །
ལྷ་ལྷ་མོ་བཞུགས་ས་ཤིག་ཏུ། །
ཁྱེད་ངེད་གཉིས་གནས་ཐབས་ཡོང་ན། །
འདྲེ་ཟེར་བའི་གནོད་པ་མི་ཐེབས། །
འདྲེ་ཡོད་ཀྱང་སྐྲག་དོན་མེད་ཀི།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༥།༡༨ ལ།
ཆང་གི་ས་བོན་ནི་སེམས་ཡིན།
སྤྱིར་ན་སྣ་བའི་སྣུམ་བྱ་དྲི་ལྡན་རིགས།།
བདུད་རྩི་ཆང་གི་དྲིའང་དེ་བཞིན་ནོ།།
འོན་ཏེ་ཚོམས་འདིར་མཚོན་ན་སྣ་མི་མཁོ།།
ཆང་གི་དྲི་དེ་སྣ་བས་ཚོར་ནས་ཡོང་།།
མ་གཞི་ཆང་དེ་ཞིམ་པ་སུས་ཀྱང་ཤེས།།
ཆང་ལ་རོལ་སྟངས་ཤེས་ན་ཇེ་ཞིམ་ལགས།།
ཆང་གི་ཉེས་དམིགས་རང་གི་སེམས་སྟེང་ན།།
ཆང་གི་ས་བོན་རང་གི་སེམས་དེ་ལགས།།
ཆང་ནི་ཆང་ལ་བསམས་ཤིང་བཏུང་བ་ན།།
ཆུ་ནི་ཆུ་ལ་བསམས་ཤིང་འཐུང་པ་བཞིན།།
ཆང་གི་བཟི་ཁས་སེམས་པ་སྐྱིད་ལ་བཀུར།།
ཆུ་ཡི་ནུས་པས་སྐོམ་པའི་སྡུག་བསྔལ་བསལ།།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༥།༡༩ ལ།
འདྲེ་ཐོའི་ཁ་བཙོག
གཡས་ནས་བལྡག་ཅིང་གཡོན་ནས་འཇིབ་པའི་ཞོར།།
ནུ་མའི་རྩེ་མོ་འཕྲུག་དང་བཙིར་བྱས་ཏེ།།
འདོད་པའི་འཁུན་སྒྲས་རམ་འདེགས་གནང་བའི་ཚེ།།
འདོད་པས་མི་ཚུམ་བུ་མོ་ཡོད་རེ་སྐན།།
འདོད་པའི་དངོས་གྲུབ་སྩོལ་མཁས་མཆོག་སྩོལ་མའི།།
ཞབས་ལ་གུས་པས་གཏད་ཅིང་མེ་ཏོག་ལམ།།
མིག་གིས་སྤྱོད་ཞོར་ཡིད་ཀྱི་ཁམས་བྱོན་ཏེ།།
ལྕེ་ཡིས་གར་སྟབས་སྒྱུར་ཞོར་འདྲེན་ན་འདོད།།
དྲི་ཟའི་བུ་མོའི་མགྲིན་གླུའི་འགྱུར་ཁུག་ན།།
འདྲེ་ཐོ་ང་ནི་དབྱངས་རྟ་ཚ་བོ་ཞིག།
སྙན་ཞིང་འཇེབས་པའི་མགྲིན་དབྱངས་དཀྱིལ།།
འདྲེ་ཐོ་ང་ནི་གར་བ་སྨྱོན་པ་ཞིག།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༥།༡༩ ལ།
ངའི་ཆུང་མ།
ངར་ཆུང་མ་མེད་པའི་དུས་དེར།།
དེང་སང་གི་སྐད་འཕྲིན་མེད་ཀི།
ངས་འབྲོག་མོ་བཙལ་ན་འདོད་ཀྱང་།།
ངས་སྐད་ཆ་བཤད་ས་མ་རྙེད།།
ངར་ཆུང་མ་ཡོད་པའི་དུས་འདིར།།
ངས་ང་ལ་འདྲེ་ཐོ་བཏགས་ནས།།
ངས་དྲྭ་འབུ་བྱས་པར་མཐའ་མེད།།
ང་འབྲོག་མོ་མང་བོས་བསྐོར་མྱོང་།།
ངའི་ཆུང་མ་ལྷོ་ཁའི་རྒྱ་མོ།།
ལྷོ་རྒྱ་མཚོའི་ངོགས་ནས་སྐྱེས་རེད།།
རྒྱ་ཡིན་ཡང་གཤིས་རྒྱུད་བཟང་པོ།།
སྐབས་རེ་ལ་བོད་མོའི་ཡན་ཟིག།
འདྲེ་ཐོ་ཐོས། ༢༠༡༨ །༠༥།༣༠ ལ།
ལྷ་དང་མཐུ་ལྡན་རྣམས་ལ་ཡར་ཞུ།
ཚེ་འདིར་གཞན་ལ་མནར་གཅོད་བཏང་བའི་རྒྱུར།།
ཚེ་ལོ་གཞུག་མར་བསྒུག་ནི་མི་མཁོ་བར།།
ཚེ་འདིའི་ལུས་ཐོག་སེམས་ཐོག་མངོན་སུམ་དུ།།
འབྲས་བུ་གཞན་ལ་ཇི་བཞིན་ཡོང་བར་ཞུ།།
འདྲེ་ཐོས། ༢༠༡༨ །༠༥།༢༩ ལ།
ང་དང་ངའི་མིག་ཤེལ།
ང་ཡི་མིག་ཤུགས་ཉམས་ནས་ཡུན་རིང་འགྱངས།།
བརྒྱ་ཆའི་སུམ་བཅུ་གློག་བརྙན་བལྟས་པས་ཉམས།།
བརྒྱ་ཆའི་ཉི་ཤུ་དཔེ་ཀློག་བྱས་པས་ཉམས།།
བརྒྱ་ཆའི་བཅུ་ཞིག་རྒས་པོར་གྱུར་པས་ཉམས།།
ད་ནི་ལྷག་མ་བརྒྱ་ཆའི་བཞི་བཅུ་དེར།།
མིག་ཤེལ་མི་འགེབས་ཤིག་གི་རང་འགེབས་ཏེ།།
རྒས་པོའི་ཉམས་འདི་སྦས་ཚུལ་མེད་པར་གྱུར།།
མིག་ཤེལ་རྒྱབ་ན་མིག་མདངས་རྒུད་ནས་འགྲོ།།
འདྲེ་ཐོ་ཐོས། ༢༠༡༨།༠༥།༣༠ ལ།
འཕགས་ཡུལ་དུ་གྲྭ་བ་ཇེ་ཉུང་དུ་འགྲོ་རྐྱེན།
རང་གི་རྒྱལ་ཁབ་བརྟན་ཕྱིར་དམག་འགོག་ཕྱིར།།
གོང་མ་ཆིན་ཧྲི་ཚང་གིས་ལྕགས་རི་བརྒྱབ།།
སྐྱབས་སུ་ཕེབས་མཁན་དུག་ཚོང་བཅས་འགོག་ཕྱིར།།
སྲིད་འཛིན་ Trump ཡིས་རྡོ་ལྕགས་བརྩེགས།།
བོད་ནས་བླ་མར་མཇལ་བར་ཕེབས་འདོད་པར།།
རྒྱ་ནག་གཞུག་གིས་དམག་མིའི་གྱང་ར་བཙུགས།།
འདྲེ་ཐོས། ༢༠༡༨།༠༦།༠༡ ལ།
སྤྲིན་ནག་གིས་བཟུང་བའི་ཟླ་བ།
སྤྲིན་པ་ནག་པོས་མནར་གཅོད་འཇིགས་སུ་རུང་།།
ལོ་ཟླ་བ་མང་བོར་མྱངས་པའི་ཟླ་བ་ཁྱེད།།
དེ་རིང་དངོས་སུ་མཇལ་རྒྱུའི་བསྐལ་བ་ཐོབ།།
སང་ཉིན་ཁ་བ་ཅན་གྱི་ནམ་མཁར་ཕེབས།།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༦།༠༢ ལ།
ཐ་མ་དང་ཕ་མ།
རང་ཁྱིམ་གྲུ་བཞི་མ་དེར་ལོག་པའི་རྗེས།།
ཐ་མ་འཐེན་རྒྱུའི་གོ་སྐབས་མེད་རབས་བཤད།།
ཐ་མའི་དྲི་ངན་ཆུང་མས་མི་ཚོར་ཕྱིར།།
ཁ་ལ་ཟ་རྒྱུ་ལུས་ལ་གཏོར་རྒྱུ་ཡོད།།
ཨ་ཕར་མ་ཆགས་སྔོན་དུ་ཐ་མའི་རིགས།།
ཅི་དགར་ལོངས་སུ་སྤྱད་ཀྱང་ཆོག་ཅེས་བཤད།།
ཕྲུ་གུ་ཞིག་གི་ཕ་ལ་གྱུར་ཉིན་ནས།།
ཁྱིམ་དེའི་དབང་ཆ་ཆུང་མར་ཤོར་ཞེས་བཤད།།
མ་གཞི་དབང་ཆ་ཟེར་ཡང་ཁྱིམ་ཞིག་ན།།
དེ་འདྲའི་རྩོད་རྒྱུ་ཆེན་པོ་ཡོད་མ་ཡིན།།
ཁྱིམ་དེར་ཐ་མག་འཐེན་མཁན་ཡོད་གྱུར་ན།།
ཐ་མ་ཁྱིམ་ནས་འཐེན་ན་རྩོད་པ་ཡོད།།
རང་གི་བདེ་ཐང་སྐོར་ལ་མི་བསམ་ཡང་།།
ཕྲུ་གུའི་བདེ་ཐང་སྐོར་ལ་བསམ་དགོས་ཞེས།།
ཐ་མ་མི་འཐེན་མཁན་དེས་འཐེན་མཁན་ལ།།
ཐ་མག་ཕྱི་ནས་འཐེན་རོགས་ཞེས་ནས་ཞུ།།
འཐེན་མཁན་སེམས་ཁམས་སྐྱིད་ནས་ཡོད་པའི་ཚེ།།
མི་འཐེན་མཁན་དེས་ཅི་ལྟར་སྨྲས་ཀྱང་རུང་།།
ཡ་དང་ལགས་སོ་ཞེས་ནས་ཕྱི་སྒོ་དང་།།
ཉིན་ར་བཅས་ལ་སོང་སྟེ་ཐ་མག་འཐེན།།
གཙོ་བོ་ཕྲུ་གུ་དང་ནི་བྱིས་པ་དག།
ལོ་ན་གཞོན་པས་དོན་ལྔ་སྣོད་དྲུག་དེ།།
མི་གཙང་དྲི་ངན་རིགས་ཀྱིས་གཡོགས་མེད་ཅིང་།།
མི་རུང་བསམ་སྦྱོར་ངན་པས་སྦགས་ནི་མེད།།
བྱིས་པའི་སེམས་ཁམས་དཀར་པོ་དུང་འདྲ་ཡིན།།
བྱིས་པའི་བསམ་བློར་བྱམས་བརྩེས་ཁེངས་ནས་ཡོད།།
བྱིས་པའི་གློ་བ་དམར་པོ་བྱུ་རུའི་མདོག།
བྱིས་པའི་དུས་དེར་ཕ་མས་གཟབ་རྒྱུ་གཙོ།།
ཐ་མ་འཐེན་མཁན་ཀུན་གྱི་གློ་བའི་མདོག།
ནག་པོའི་སོལ་བ་ཇི་བཞིན་འཇིགས་སུ་རུང་།།
གཤིན་རྗེ་གཤེད་མས་མཐོང་ན་འཛུམ་མདངས་འཆོར།།
འཇིག་རྟེན་སྨན་པས་མཐོང་ན་སྨྲ་སྔགས་འཆོར།།
དེས་ན་ཐ་མག་འཐེན་མཁན་ཕ་མ་ཚོས།།
ཕྲུ་གུ་བྱིས་པའི་ཉེ་འགྲམ་གང་རུང་དུ།།
ཐ་མག་འཐེན་རྒྱུའི་སྤྱོད་པ་སྤང་བྱས་ཏེ།།
རང་གི་བུ་རབས་ཚ་རྒྱད་གཅེས་སྐྱོང་མཛོད།།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༦།༠༤ ལ།
འབུ་དང་གསེར།
ཁ་དོག་སེར་པོ་ཡིན་པ་གཅིག་མཚུངས་ཏེ།།
གཉིས་ཀར་རིན་གོང་ཆེ་བ་གཅིག་མཚུངས་ཏེ།།
འབུ་ནི་གསེར་དུ་གྲུབ་པའི་བདེན་དཔང་དུ།།
ལག་གི་འབུ་དང་ལག་སྐེའི་འབུ་ལ་གཟིགས།།
འདྲེ་ཐོས་རྩེ་མཚར་དུ་བྲིས་པའོ།
མི་རུང་བ་ཐེར་འདོན།
གཞན་གྱིས་མི་གུས་པའི་སྤྱོད་ངན་དེ་ཐེར་འདོན་གཙོ།
ཁ་ཆེའི་བླ་མའི་མདུན་དུ་ཕག་མགོ་མི་རུང་བཞིན།།
བོད་པའི་བླ་མའི་མདུན་དུ་ཐལ་ཕོར་འཇོག་རུང་ངམ།།
ང་ཡིས་མི་རུང་ཞེས་ནས་ཐེར་འདོན་བགྱིས་པ་དེར།།
ཁྱེད་ཚོས་ཅི་འདོད་གང་འདོད་ཚིག་རྩུབ་མངགས་དོན་ཅི།།
མི་ཡི་ཁ་ནས་མངགས་པའི་ཚིག་རྩུབ་མདའ།།
མེ་མདའི་ཁ་ནས་མངགས་པའི་སྲོག་གཅོད་མདའ།།
གཅིག་ནི་གདངས་དང་འགྲོགས་པའི་མགྲིན་པའི་མདའ།།
གཅིག་དེ་མེ་ཡིས་བཅིངས་པའི་ལྕགས་ཀྱི་མདའ།།
གོ་ཁ་དྲོན་མོར་འདུས་པའི་གླིང་ཚོམས་འདིར།།
གོ་ལོག་གོ་མཁན་ལེན་མཁན་ཅོལ་ཆུང་ཚོ།
དང་ཐོག་འབྲོང་རེད་བསམས་ནས་དུངས་པ་སྐྱེས།།
ད་ནི་རྟོལ་བུ་ཡིན་པ་ཚོར་དུ་བཅུག།
མི་རིགས་གཞན་པའི་མགོ་དཔོན་ཆེ་དྲག་ཚོས།།
རང་རིགས་བླ་ཆེན་དག་ནི་གདན་ཞུ་མང་།།
ཡག་པོ་བསམས་ནས་གདན་འདྲེན་ཞུས་མིན་ཏེ།།
ཀླད་པ་བཀྲུ་བར་འདོད་ནས་ཞུས་པ་ཞིག།
ཀླད་པའི་ནང་དུ་བོད་དྲི་ཡོད་མི་རུང་།།
བོད་དྲི་ཡོད་ཚེ་ཚིག་རྣམས་འདག་རྫས་བཞིན།།
ཡང་དང་བསྐྱར་དུ་བཀྲུ་ཕྱིར་སྨྲ་བྱེད་ཅིང་།།
དག་རག་བར་དུ་བོད་ལ་ཕྱིར་མི་གཏོང་།།
བླ་མར་བཀུར་བསྟི་མེད་ཅིང་འཇིགས་སྐུལ་བགྱི།།
འཇིགས་སྐུལ་ཁྲོད་ནས་བླ་མའི་ཚུལ་ཁྲིམས་འཕྲོགས།།
བླ་མ་སྲིད་ཀྱི་ལག་ཆར་བསྒྱུར་པར་རྔམ།།
བླ་མ་དཔའ་བོ་མིན་ན་དཀའ་མོ་ཞིག།
རག་གི་བླ་མར་རང་གིས་གུས་ལོས་བྱེད།།
གཞན་གྱིས་མི་གུས་པ་དེར་རྒོལ་ལོས་ཆོག།
དྲི་ངན་ཐ་མག་སྙིགས་རོ་གཏོར་ས་དེ།།
ང་ཚོའི་བླ་མའི་མདུན་དུ་འཇོག་དོན་ཅི།།
བླ་མའི་སྐུ་པར་མཆོད་བཤམས་ནང་གི་བརྟེན།།
དེ་ལ་བོད་པ་རྣམས་ཀྱིས་གུས་ཕྱག་འབུལ།།
ཐ་མ་ཁ་ཡི་ཐལ་ཕོར་བརྟེན་མིན་པས།།
དེ་ནི་མཆོད་བཤམས་ནང་དུ་འོས་སམ་ཀྱེ།།
འདྲེ་ཐོས། ༢༠༡༨།༠༦།༠༧ ལ།
ལྷ་དང་མཐུ་ལྡན་རྣམས་ལ་ཡར་ཞུ།
ཚེ་འདིར་གཞན་ལ་མནར་གཅོད་བཏང་བའི་རྒྱུར།།
ཚེ་ལོ་གཞུག་མར་བསྒུག་ནི་མི་མཁོ་བར།།
ཚེ་འདིའི་ལུས་ཐོག་སེམས་ཐོག་མངོན་སུམ་དུ།།
འབྲས་བུ་གཞན་ལ་ཇི་བཞིན་ཡོང་བར་ཞུ།།
གཞན་གྱི་ཟས་ཕྱིར་ཚེ་སྲོག་ཤོར་བཞིན་པའི།།
རྩྭ་ཟན་སེམས་ཅན་ཚོགས་དེ་སྙིང་རེ་རྗེ།།
ཚེ་སྲོག་ཤོར་ནི་མ་རེད་འཕྲོགས་ནི་རེད།།
འཕྲོག་མཁན་གཏེ་བོ་ང་ཚོ་མིའི་རིགས་ཡིན།།
ང་ཚོས་གསོད་ཁར་འཇིགས་སྣང་བསྐྲུན་པ་དང་།།
ཁོང་ཚོར་འཆི་ཁར་འཇིགས་སྣང་སྐྱེས་པ་བཅས།།
ཟས་ཕྱིར་བཤམས་པའི་ཤ་དང་ཚིལ་བུའི་གསེང་།།
འཇིགས་པ་སྟོང་ལྡན་ཚུལ་དུ་འཐིམ་རོགས་ཞུ།།
སུ་ཡིས་སེམས་ཅན་ཤ་ཚིལ་སྤྱོད་བྱས་ན།།
དེ་ཉིད་འཇིགས་སྣང་དྲག་པོས་འཛིན་པར་སྨོན།།
དེ་ལ་བླ་མ་དང་ནི་ལྷ་རྗེ་ཡིས།།
མཐུ་དང་སྨན་གྱིས་བཅོས་ཐབས་མེད་པར་སྨོན།།
འདྲེ་ཐོས། ༢༠༡༨།༠༦།༡༠ ལ།
དྲྭ་ཐོག་གི་ཞི་མོ་ཞིག་ལ།
འདི་ནས་ཁྱེད་ཉིད་སྒོམ་ཞོར་འཆར་སྣང་དུ།།
ཁྱེད་ཀྱི་པདྨའི་མདོག་ཅན་མེ་ཏོག་ལམ།།
སེམས་ཀྱི་ཚོར་བའི་ནང་དུ་ཤར་བཅུག་སྟེ།།
ཁྱེད་དང་མཉམ་དུ་དགའ་མགུར་སྤྱོད་པར་བརྩོན།།
དོ་དགོང་རྨི་ལམ་ནང་དུ་ཐུག་རྒྱུ་བྱེད།།
དོ་དགོང་མེ་ཏོག་ལམ་དུ་བསུ་རྒྱུ་བྱོས།།
དོ་དགོང་འོ་མ་དཀར་པོས་མཆོད་འབུལ་བྱ།།
དོ་དགོང་དགའ་བ་འབུམ་གྱིས་སྐྱིད་དུ་འཇུག།
འདྲེ་ཐོས། ༢༠༡༨།༠༦།༡༠ ལ།
རྨ་ཆུ།
རྨ་ཆུ་གཡུ་འབྲུག་སྔོན་མོ་འཁྱུག་པ་ཡིན།།
རྨ་མྱི་གནམ་ལྕག་ཐོག་གི་ངོ་བོ་ཡིན།།
རྨ་གཞུང་མེ་ཏོག་སྣ་བརྒྱའི་ལྡུམ་ར་ཡིན།།
རྨ་མྱི་གཡུ་སྦྲང་གཞོན་ནུའི་སྣང་བ་ཡིན།།
འབྲོག་གཅེར་བུས་བྲིས།
རྨ་མྱི་ལ་ལ་རིག་པ་རླུང་བརྡོལ་ཡིན།།
རིག་པའི་རླུང་དམར་རྩོམ་གྱི་ནང་ན་ལྡང་།།
རྨ་མྱི་ལ་ལ་གླུ་ཡི་རྒྱལ་བོ་ཡིན།།
གླུ་སྐད་འབྲུག་སྒྲ་མཚོ་བོད་སྒང་ལ་མཆེད།།
ཨ་དོན་ཉིས་བྲིས།
རྨ་ཆུ་སྔོན་མོ་གངས་རིའི་ཟུངས་ཁྲག་ཡིན། །
རྨ་ཆུའི་རྩྭ་ཐང་འབྲོག་རུའི་ཕ་ཁྱིམ་ཡིན། །
རྨ་ཡུལ་ཕོ་རྒོད་འབྲོང་གི་རྣམ་ཤེས་ཅན། །
རྨ་ཡུལ་དལ་འབབ་རིང་མོའི་རླབས་སྒྲ་ཡིན། །
གཉན་ཆེན་གྱིས་བྲིས།
རྨ་ཆུ་སྒང་བ་བོད་པའི་འཐུང་ཆུ་ཡིན།།
རྨ་ཡུལ་སྒང་པ་ཚང་གི་འབྲོག་ཁྱིམ་ཡིན།།
རྨ་ལྷ་གདོང་དམར་བུ་ཡི་དགྲ་ལྷ་ཡིན།།
རྨ་མྱི་རྒད་པོ་ང་ཡི་འགྲོ་རོགས་ཡིན།།
རང་འདོད་ཅན་གྱིས་བྲིས།
ཨོཾ་མ་ཎི་པདྨེ་ཧཱུ།
ན་བ་སྙིང་དུ་སྒོམ་པའི་དུས་ཤིག་ན།།
རེ་བ་གྲོགས་ལ་བཅོལ་བའི་སྐབས་ཤིག་ན།།
བདེན་པའི་གནས་ལུགས་རྟོགས་པའི་རྣལ་འབྱོར་ང་།།
འཆི་བའི་འདུན་མར་མ་ཕྲད་ངོ་མཚར་ཆེ།།
ཞེས་པའི་ཚིགས་བཅད་འདི་ནི་འདས་པོ་ཏོག་ཚ་མདའ་སྨྱུག་ལགས་སྐུ་བཞུགས་པའི་དུས་སུ་བྲིས་པའི་ཚིགས་བཅད་ཅིག་ཡིན་འདུག
མི་རིགས་ཤིག་ལ་ཡོད་པའི་སེམས་ཀྱི་ན་བའམ་ན་ཟུག་དེ་སྙིང་གི་འཕར་རྩ་ལ་འབྲེལ་བའི་དུས་འཇིགས་སུ་རུང་བ་དེའི་ནང་དུ། རང་ཉིད་ནམ་འཆི་ངེས་མེད་དང་། ཡང་ན་རང་གི་ཚེ་སྲོག་དེ་ནམ་གསོད་ངེས་མེད་ཅིག་ཡིན་པ་ཚོར་བས། རང་མི་རིགས་དེའི་ཐོག་ལ་བཟུང་བའི་རེ་བ་དག་བློ་ཐུབ་ཀྱི་གྲོགས་ལ་བཅོལ་དགོས་པའི་དུས་ཤིག་ཏུ་བསླེབས་འདུག་སྙམ་ཏེ། ཁོང་གི་རེ་བ་དང་ཁོང་གིས་བསྒྲུབ་འདོད་ཀྱང་བསྒྲུབ་མ་ཐུབ་པའི་བྱ་བ་དེ་དག་རང་གི་བློ་ཐུབ་ཀྱི་གྲོགས་ལ་བཅོལ་བྱས་ཤིང་། བདེན་པར་འདོད་པ་དང་བདེན་པར་རྟོགས་པའི་བྱ་གཞག་དང་གནས་ལུགས་བཅས་ཀྱི་སྐོར་མངོན་གསལ་དོད་པོས་དང་མ་གསང་མ་སྦས་པར་གསུང་བྱས་ཏེ། ཡང་དག་པའི་ལམ་དབང་དུ་གྱུར་པའི་རྣལ་འབྱོར་པ་ལྟ་བུར་བཞུགས་འདུག་པ་ཁོང་ཉིད། སྐབས་ཤིག་ལ་ད་དུང་འཆི་མ་དགོས་པའམ་བསད་མ་སོང་བར་གནས་ཐུབ་ཡོད་པར་ངོ་མཚར་ཆེར་སྐྱེས་ཏེ། འཆི་བའི་འདུན་མར་མ་ཕྲད་ངོ་མཚར་ཆེ་ཞེས་བྲིས་འདུག
ཁྱེད་སྐུ་བེམ་པོའི་ཚུལ་དུ་བཞག་བྱས་ཏེ།།
ཁྱེད་ཀྱི་རྣམ་ཤེས་འཇིག་རྟེན་གཞན་དུ་གཤེགས།།
ཁྱེད་ཉིད་མེད་པའི་བོད་ཁམས་སྔར་བཞིན་ཏེ།།
ནམ་ཞིག་བོད་ལ་ལོག་རྒྱུ་མ་བརྗེད་རོགས།།
འདྲེ་ཐོ་ཐོས། ༢༠༡༨-༠༦-༡༢ ལ།
གནའ་མྱི།
ང་ནི་སྒྲ་ཕྱིར་འཚོ་ཞིང་སྒྲ་ལ་གཉེན།།
གླུ་དང་གར་ནི་ང་ཡི་ཆུང་མར་བསམ།།
གར་སྟེགས་ཡོད་ཚད་ང་ཡི་ཁྱིམ་ལ་འདོད།།
གང་དུ་ཕྱིན་ན་དེ་རུ་གླུ་གཞས་འབུལ།།
མི་ཚེ།
ཞོགས་དུས་གཉིད་ནས་སད་ས་རང་ཁྱིམ་ཏེ།།
ཕྱི་དྲོར་གཉིད་དུ་གཡུར་ས་ཐང་སྟོང་ཞིག།
དགོང་མོར་ནང་དུ་ལོག་རྒྱུའི་སྐལ་བཟང་དུས།།
ཐོབ་ཞེས་འཆད་རྒྱ་སྐབས་འདིར་སྔ་དྲགས་འདུག།
འདྲེ་ཐོ་ཐོ་ནས། ༢༠༡༨-༠༦-༡༤
ཀ་ཁའི་དབྱངས་རྟ།
ཀ་ཁའི་དབྱངས་རྟར་གླག་རྒོད་གཤོག་པ་ཐོགས།།
བོད་ཁམས་གང་ས་གང་ལ་འཕུར་ནས་ཡོད།།
སྦྲགས་སྐད་སྦྲགས་ཡིག་ཙི་གུ་ཨབ་རའི་ཚོགས།།
གཅིག་ཀྱང་མ་ལུས་ཚར་གཅོད་གཙང་དག་བཟོས།།
འདྲེ་ཐོས། ༢༠༡༨-༠༦-༡༥ ལ།
དྲག་རྩལ་ཉམས་པའི་ང་།
ང་ནི་བརླན་གཤེར་ཤོར་བའི་བོའུ་སྨན་ཐར་ཐོར་ཞིག།
རི་དྭགས་མིག་ཅན་བརྔོན་རྒྱུའི་མཐུན་རྐྱེན་ཚང་རྒྱུ་དཀའ།།
ཚེས་བཟང་དུས་བཟང་བསྒུགས་ཤིང་དཔའ་རྟགས་འཇོག་འདོད་ཀྱང་།།
ཆུང་མའི་འདོད་པ་ཚིམས་པའི་དྲག་རྩལ་ངོམ་ཐབས་ཟད།།
འདྲེ་ཐོ་ཐོས། ༢༠༡༨།༠༦།༡༧ ལ།
དྲྭ་གྲོགས་ང་རོ་ཅན།
སྒྱུ་རྩལ་བ་དང་སྐད་སྒྱུར་ཡིག་སྒྱུར་བའི།།
མཚན་དེ་འབྱོར་ཞིང་ཚད་མར་འཇོག་འོས་མི།།
བལྟས་ཚོད་ཙམ་ལ་མཚན་མོའི་སྐར་མ་བཞིན།།
དཔྱད་ཅིང་བརྟགས་ན་ང་རོ་ཅན་ལས་སུ།།
འདྲེ་ཐོས། ༢༠༡༨།༠༦།༡༧ ལ།
འཁོར་བ།
འཁོར་བའི་ལམ་ན་འཁོར་ཚུལ་མི་འདྲ་བ།།
ཁ་ཕྱོགས་སྙིང་རྗེའི་ཕྱོགས་སུ་འཁོར་བྱ་ཞིང་།།
སེམས་པ་བྱང་ཆུབ་སེམས་དཔའི་ལམ་དུ་སྟེ།།
སྤྱོད་པ་འཚེ་བ་མེད་པའི་ལམ་ལའོ།།
འཁོར་བའི་ལམ་དེ་ཀྱ་ཀྱོག་ལམ་ཆེན་ཞིག།
འགྲོ་བ་མི་ནི་རྡེའུ་དཀར་ནག་ཅིག།
དཀར་ནག་རྡེའུ་བསྲེས་པའི་ལམ་ཆེན་སྟེང་།།
མཐའ་གཅིག་དཀར་པོ་མེད་ལ་ནག་པོའང་མེད།།
མི་རྣམས་འཆི་རྒྱུར་སྐྲག་ཀྱང་མ་སྐྲག་སྐྱོང་།།
ཐམས་ཅད་འཆི་བདག་ཚང་གི་གོ་ཁ་ནས།།
འདུས་པའི་མཐའ་མར་འབྲལ་དགོས་ཆོས་ཉིད་དེ།།
འགྲོ་སའི་ཡུལ་དེ་མི་འདྲ་ཁ་ཁ་རེད།།
འཆི་བ་མི་རྟག་ཡིན་པ་ཤེས་ན་ལེགས།།
རྒྱུའང་མི་རྟག་ཡིན་པ་ཚོར་ན་བཟང་།།
མ་ཤིའི་སྔོན་དུ་འདོད་རྔམ་ཆུང་བཅུག་སྟེ།།
རྒྱུ་ཕྱིར་འཆི་བ་བརྗེད་དུ་མི་འཇུག་རོགས།།
གང་ལྟར་འཆི་བ་ནམ་ཐོན་མི་ཤེས་པས།།
རང་གི་ནུས་པས་བསྒྲུབ་ནུས་བྱ་བ་དག།
ལས་འགོ་ད་ལྟ་ཉིད་དུ་འཛུགས་རྒྱུ་བྱོས།།
འཆི་བའི་དུས་དེར་ལས་འཕྲོ་མེད་དུ་ཆུགས།།
འདྲེ་ཐོ་ཐོས། ༢༠༡༨-༠༦-༢༠ ལ།
གཞོན་ནུ་ཞིག་ལ།
ཁྱེད་སྐུ་འབབ་པའི་རྔུལ་ཆུའི་ཐིགས་པ་དག།
ང་ཡིས་སྦྲང་རྩིར་བསམས་ཤིང་བལྡག་ན་འདོད།།
ཁྱེད་སྐུར་མངོན་པའི་པདྨའི་མེ་ཏོག་དེ།།
ང་ནི་སྦྲང་མར་བསམས་ཤིང་འཇིབ་ན་འདོད།།
ཁྱེད་ཀྱི་པར་རིས་རེ་རེའི་ཉམས་འགྱུར་དེས།།
ངའི་ནི་ཤ་གསེང་རུས་གསེང་འདར་དུ་བཅུག།
ང་ལ་མཚོན་ན་བསླུ་བྲིད་ཆེ་ཤོས་དེ།།
མེ་ཏོག་ཐང་དུ་གན་ཀྱལ་ཉལ་བ་དག།
ཉལ་ས་སྐྱིད་པོའི་དེའི་སྟེང་།།
ཉལ་རོགས་ཕུ་བོ་ཡིན་ན།།
ནུ་མོའི་ནུ་མར་འཐམས་ནས།།
མཚན་གང་རྨི་ལམ་བཏང་ཆོག།
(ནུ་མོ་ཞེས་འབྲི་དོན་ནི། འཆར་སྣང་དུ་ཡོད་པའི་བུ་མོ་དེ་ལ་ཤིན་ཏུ་དུངས་པས་ན་ཉིད་ནི་རང་གི་ནུ་མོ་ལྟ་བུར་བསམས་ཏེ། དེ་དང་མཉམ་དུ་འཁྲིག་སྤྱོད་དང་ཁ་བཙོག་བཅས་བྱེད་མི་རུང་དང་མི་འོས་སྙམ་པས་སོ། འོན་ཀྱང་ཡང་འདོད་པའི་དབང་གིས། ནུ་མོ་མིན་པའི་ནུ་མོ་ལྟ་བུའི་བུ་མོ་དེའི་ནུ་མར་འཐམ་ན་འདོད་པ་དེའང་དམར་རྗེན་དུ་མ་བྲིས་ཐབས་མེད་དུ་བྱུང་བ་ཞིག) འདྲེ་ཐོ་ཐོས་བྲིས།༢༠༡༨-༠༦-༢༢ ལ།
རྐུབ་ཀྱག
འདྲེ་ཐོ་ཐོས།
འབྱུང་བས་འདུས་ཤིང་འབྱུང་བས་འཇིག་བྱས་པའི།།
ཐང་སྟོང་དེ་ཡི་རྐུབ་ཀྱག་ཁེར་རྐྱང་དེ།།
སྔོན་མར་དཔོན་དང་བླ་མའི་བཞུགས་ཁྲི་སྟེ།།
བརྗིད་ཆགས་ངང་དང་རྫིག་པོར་བཤམས་ཡོད་སྐད།།
གངས་ལྷ་མེ་ཏོག་གིས།
ཞེ་རྩ་སྨག་གིས་བཟུང་བའི་མྱ་ངམ་ཐང་། །
དྲན་པ་ཐེད་པོ་རླུང་གིས་བསེད་ས་རེད། །
ལོ་ཟླ་ཟད་པོས་མིག་ཆུ་བཞུར་ས་རེད། །
རང་སེམས་སྐྱ་མོ་ཐང་ལ་ལྷུང་ས་རེད། །
སེམས་ཀྱི་མེ་ལོང་ནི་ཏིང་ངེ་འཛིན།
རང་གི་མིག་གིས་རང་གི་གདོང་དེ་མཐོང་འདོད་ན།།
མེ་ལོང་བསྟེན་ཏེ་མེ་ལོང་མདུན་དུ་བཞག་བྱས་ནས།།
མེ་ལོང་ངོ་ནས་རང་ཉིད་གདོང་དེ་ཤེས་དགོས་བཞིན།།
རང་གི་སེམས་དེར་དཔྱད་པའི་མེ་ལོང་ཏིང་ངེ་འཛིན།།
འདྲེ་ཐོ་ཐོས་གསུང་བཤད་ཅིག་ལ་ཉན་རྗེས་ཀྱི་ཟིན་བྲིས། ༢༠༡༨།༠༦།༢༦ ལ།
སེམས་འཛིན་རྒྱུ་ཞིག
སེང་དཀར་མོའི་སེམས་ལ་འཛིན་རྒྱུ་ཞིག
འབྲོང་འབྲོང་ཕྲུག་སེམས་ལ་འཛིན་རྒྱུ་ཞིག
དགུང་ཨ་སྔོན་མ་རེད་མུན་ནག་རེད།
ཆར་དྲག་པོ་འབབ་སའི་འབྱུང་གནས་རེད།
ཆར་བསིལ་འབབ་རྒྱུ་དཀའ་མོ་རེད།
སེང་དཀར་མོའི་སེམས་ལ་འཛིན་རྒྱུ་ཞིག
གངས་དཀར་པོ་མ་རེད་དམར་པོ་རེད།
ཁྲག་དམར་པོའི་མདངས་ཀྱིས་གཡོགས་སོང་ཟེར།
གངས་དཀར་པོར་བསྒྱུར་རྒྱུ་མ་བརྗེད་རོགས།
སྐྱེས་ཕོ་རབ་སེམས་ལ་འཛིན་རྒྱུ་ཞིག
བོད་ཆོས་ས་མ་རེད་གཡུལ་ས་རེད།
དམག་ཇག་པ་འདྲ་བོས་བཅོམས་སོང་ཟེར།
བོད་ཆོས་སར་བསྒྱུར་རྒྱུ་མ་བརྗེད་རོགས།
ཐོ་ཐོས། ༢༠༡༨-༠༧-༠༣ ལ།
རྣམ་ཤེས་དང་ཟླ་བ།
བྲང་གི་ནུ་མའི་བར་གྱི།
དཀར་གསལ་ཟླ་བའི་གཟུགས་སུ།
ང་ཡི་རྣམ་ཤེས་ཞུགས་ཡོད།
ཟླ་བ་རུམ་དུ་འཇུག་རོགས།
མེ་ཏོག་ལམ་ན་འབབ་པའི།
སྦྲང་རྩི་དཀར་པོའི་ཐིགས་པས།
ཟླ་བའི་ནང་གི་ང་ཡི།
འདོད་པའི་ལྟོགས་སྐོམ་སེལ་རོགས།
འདྲེ་ཐོ་ཐོས། ༢༠༡༨-༠༧-༠༣ ལ།
评论
发表评论