Gyalpo Tamding A collection of poems སྙན་ངག་ཕྱོགས་བསྒྲིགས། 诗歌集 page 04
འདྲེ་ཐོས་བཏབ་པའི་མེ་ཏོག
མེ་ཏོག་ཁྲ་ཁྲ་མ་ཁྲ།
སེམས་ཀྱི་འཇའ་ཚོན་སྣ་ལྔ།
སེམས་ལ་ཁ་དོག་ལྡན་ན།
མི་ཚེར་ངོ་མཚར་ལྡན་ནོ།
མདང་དགོང་བཏབ་པའི་མེ་ཏོག
འབུལ་སའི་ཞི་མོ་ཁྱེད་ཡིན།
ཉི་འོད་ཡོད་སར་འཇོག་རོགས།
རྫ་ཆུ་བསིལ་མ་བླུགས་རོགས།
སེམས་ཀྱི་ཚོར་བ་དེའང་།
མེ་ཏོག་དཀར་དམར་སེར་གསུམ།
ལྗང་མདོག་གློ་ཁ་ལྟ་བུ།
ཕྱོགས་གཅིག་འབབ་རྒྱུ་ཁག་པོ།
མདོར་ན་མི་སེམས་དེ་ནི།
མེ་ཏོག་སྣ་ལྔས་གྲུབ་པའི།
ཚོར་བ་སྣ་ཚོགས་ཅན་ཞིག
དགའ་སྐྱོ་སྐྱིད་སྡུག་འདྲེས་མ།
མེ་ཏོག་བརྩེ་དུང་ཡིན་ལ།
མེ་ཏོག་སྙན་ངག་ཡིན་ཏེ།
ཁྱེད་ཀྱིས་མེ་ཏོག་མཐོང་ཡང་།
ངས་ནི་ཚེ་སྲོག་མཐོང་ཡོད།
འདྲེ་ཐོས། ༢༠༡༨-༠༧-༠༦ ལ།
མཆོག་གི་སྩོལ་མ།
འདང་ཅན་རོགས་ལོ་རྩེ་གྲོགས་དགོད་གྲོགས་རེད།།
ཁྱིམ་གྱི་ཆུང་མ་སྐྱོ་རོགས་སྡུག་རོགས་རེད།།།
སེམས་ཀྱི་རྨ་ཁ་འདང་ཅན་རོགས་ལོས་གསོ།།
འཚོ་བའི་དཀའ་ངལ་ཁྱིམ་གྱི་ཆུང་མས་སེལ།།
སྙིང་ལ་བཅངས་པའི་བརྩེ་བ་འགྱུར་མེད་རེད།།
སེམས་ལ་བཟུང་བའི་རོགས་ལོ་འབྲལ་མེད་རེད།།
མཚན་མོའི་རྨི་ལམ་ཉིན་གྱི་དྲན་ངོགས་སུ།།།
ཡིད་ཀྱི་སྙིང་སྡུག་མ་ཁྱེད་གསལ་ལྷང་ལྷང་།།
བརྩེ་སེམས་བལ་དཀར་འཇམ་པོ།།
འདོད་སེམས་མེ་ལྕེ་དམར་པོ།།
བལ་དང་མེ་ལྕེའི་བར་ན།།
མེ་ཡི་སྙན་ངག་འབར་བཞིན།།
ནམ་མཁའི་ལྷ་མོ་ལྷ་རེད།།
ང་དང་རྒྱང་ཐག་རིང་འདུག།
སེམས་ཀྱི་སྙིང་སྡུག་སེམས་རེད།།
སེམས་དང་འབྲལ་རྒྱུའི་དཔེ་མེད།།
ཁ་ཐག་རིང་གི་འདོད་པ་སེམས་ཚོར་ཙམ།།
སེམས་ཐག་ཉེ་རུ་གཏོང་བ་སྐད་ཅིག་ནང་།།
སེམས་ལ་གླག་རྒོད་གཤོག་པ་བསྒོམ་བྱས་ན།།
ཁ་ཐག་ཇི་ལྟར་རིང་ཡང་འཕུར་ནས་ཐོན།།
འདྲེ་ཐོས། ༢༠༡༨-༠༧-༠༦ ལ།
འཛུམ་གྱི་བདག་མོའི་ཚབ་ཏུ།
ཚོགས་པའི་ནང་ན་འདང་ཆེན་རོགས་ལོ་ཟིག།།
ཐོ་ཐོའི་རྩུབ་ན་ཆུང་མ་བཙན་པོ་ཞིག།།
བརྙན་དང་སྒེར་ཐོག་སྙིང་གཏམ་བཤད་རེས་དེ།།
འདྲེ་ཐོར་མཚོན་ན་དཀའ་མོ་དཀའ་མོ་ཞིག།
བརྩེ་བ་ཆེ་ཆེ་ཞིག་སྙིང་ལ་ཟུག་ནས།།
ཧམ་པ་ཆེ་ཆེ་ཞིག་སེམས་ལ་བཟུང་བས།།
ལོ་ཟླ་མང་མང་ཞིག་ཕར་ལ་བཞུད་ཀྱང་།།
དུང་བ་མང་མང་ཞིག་ཁྱོད་ལ་བཤད་འདོད།།
མི་ཁ་མང་མང་ཞིག་འཁོར་ཉེན་ཆེ་བའི།།
སྙིང་གཏམ་མང་མང་ཞིག་བཤད་འཕྲོ་ལུས་ཡོད།།
གསང་གཏམ་མང་པོ་ཞིག་བཤད་ཀྱི་ཡོད་ཀྱང་།།
སྐྱ་ཡ་བཙན་པོ་ཞིག་འགྲམ་ན་ཡོད་ན།།
ཚིག་ངན་བཙན་པོ་ཞིག་ཁྱོད་ལ་བཤད་ན།།
སྡུག་བསྔལ་མང་པོ་ཞིག་ང་ལ་ཡོད་གི།།
རང་སེམས་སོང་བའི་མི་ལ།།
ཤ་འདྲེས་པགས་འདྲེས་བྱུང་ན།།
ས་ཡི་ནོར་བུ་མི་དགོས།།
ནམ་མཁའི་ལྷ་མོ་མི་དགོས།།
ལས་ལ་བསྐོས་པའི་མི་དེ།།
ཁ་ཐག་ཇི་འདྲ་རིང་ཡང་།།
མ་བཅོས་ཚིག་སྒོ་གཅིག་ལས།།
སེམས་ལ་མདུད་པ་བསྣོལ་བྱུང་།།
ཡང་ཡང་དྲན་པའི་དབུས་སུ།།
མེ་ཏོག་འཛུམ་རིས་རྒྱས་ཡོད།།
འཕྲད་པའི་ཉིན་མོ་དེ་ལ།།
མེ་ཏོག་ཁྱེད་ཕྱོགས་བཞད་ཡོང་།།
འཛུམ་གྱི་བདག་མོ་དང་མཆོག་སྩོལ་མ་གཉིས་ནས། ༢༠༡༨-༠༧-༠༦ ལ།
འབྲི་འདོད་པའི་སེམས་ཚོར།
སྐྱེས་ས་སྐྱེ་ཡུལ་ཡིན་པས།།
འབྲོག་ས་ངོ་སོ་བསྟོད་རྒྱུར།།
བྲལ་ནས་ལོ་ཟླ་མང་བོ།།
དྲན་ནས་སྐྲ་འདབ་དཀར་སོང་།།
བརྩེ་སེམས་འོ་མའི་མདངས་ཅན།།
འབྲོག་མོ་སྙིང་ལ་རྗེ་བོར།།
མ་ཐུག་ལོ་དང་ཟླ་བ།།
མཇལ་རྒྱུའི་གོ་སྐབས་ཨེ་ཡོད།།
བྱམས་དང་སྙིང་རྗེའི་བདག་པོ།།
བོད་རིགས་སྤུན་ཟླའི་ཚོགས་ལ།།
ཁ་ཁོག་འདྲེས་པའི་གཏམ་ཞིག།
མ་བཤད་ཡུན་རིང་འགྱངས་སོང་།།
རྒྱུས་མེད་གཞན་གྱི་ཡུལ་ན།།
ཆ་མེད་མྱི་ཚོགས་དཀྱིལ་ན།།
ཅི་ཡང་མི་འཇོན་ང་ནི།།
ཅི་འདྲའི་གནས་སྟངས་སྐྱོ་བ།།
བོད་སྐད་བོད་གླུ་མེད་པའི།།
མགོ་སེར་རྒྱལ་ཁམས་འདི་ན།།
སྐྱིད་ཅིག་ཡོད་ཀི་བསམ་མེད།།
རོགས་ཤིག་ཡོད་མྱོང་མེད་ལགས།
འདྲེ་ཐོ་ཐོས། ༢༠༡༨-༠༧-༠༦ ལ།
ཁ་བརྡ་ཆད་སོང་།
ཡུན་རིང་དུས་རིང་ཞིག་ཏུ་ཁ་བརྡ་བྱས་མེད་རྐྱེན།།
སེམས་ཀྱི་ཚོར་བ་འདི་ནི་ཡ་མཚན་ཡ་མཚན་ཞིག།
བསམ་ན་འདང་ཅན་དགའ་གྲོགས་དྲན་གྱིན་ཡོད་པ་འདྲ།།
མདང་དགོང་རྨི་ལམ་ངོགས་ནས་ཡང་ཡང་མཐོང་མྱོང་འདྲ།།
འདྲེ་ཐོས། ༢༠༡༨-༠༧-༡༧ ལ།
གཅེར་བུའི་ལུས།
འཇིག་རྟེན་འདི་ལ་ཕེབས་སྐབས་དམར་རྗེན་རྗེན།
འཇིག་རྟེན་འདི་དང་འབྲལ་སྐབས་དམར་རྗེན་རྗེན།
འཇིག་རྟེན་འདི་རུ་འཚོ་སྐབས་གོས་ཀྱིག་གཡོགས།
འཇིག་རྟེན་མི་ཡི་མིག་ལ་དམར་རྗེན་མཛེས།
ཐོ་ཐོས། ༢༠༡༨-༠༧-༡༧ ལ།
དྲྭ་གྲོགས་མས་བསྐུར་བའི་པར་ལ།
དཀར་ལྗང་སྔོ་གསུམ་འདྲེས་པའི་གནམ་སའི་བར།།
སྤྲིན་པ་དཀར་དཀར་ཞིག་གི་ཁ་བཏགས་འཕྱུར།།
སྤང་ལྗོངས་ལྗང་ཁུ་ཞིག་གི་གོས་གདན་བཏིངས།།
རས་གུར་སྔོ་དཀར་ཞིག་གིས་གཤོག་པ་བརྐྱངས།།
འདྲེ་ཐོས། ༢༠༡༨-༠༧-༡༧ ལ།
གཞས་མ་ཚེ་རིང་སྐྱིད།
འཇིབ་ན་འདོད་པའི་མཆུ་སྒྲོས་དམར་མདངས་ཅན།།
འཁྱུད་ན་འདོད་པའི་སྐྱེ་གཟུགས་སྒེགས་ཉམས་ཅན།།
ཉན་ན་འདོད་པའི་མགྲིན་གླུ་སྙན་མོ་ཅན།།
མཛེས་མ་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག།
འདྲེ་ཐོས། ༢༠༡༨-༠༧-༢༡ ལ།
ཡིག་ཐོག་ཏུ་ཕ་ཡུལ་གྱི་སྤུན་ཁོ་ཞིག་དང་ཁ་བརྡ་འདི་འདྲ་ཞིག་བྱས་ཡིན།
སྤུན་ཁོ་བྲོས་བཀྲ་ནས།
“རྟ་མགྲིན་རྒྱལ་བོ་ལགས། བདེ་མོ་ཡིན་ན། ངས་གོ་ནོ་ལྟར་ན་ད་སྐབས་ཁྱེད་ཀྱིས་རྩོམ་འབྲི་པས་ཞོར་དུ་སེམས་པ་ཡང་མཛེས་མ་རེའི་ཕྱོགས་སུ་ཤོར་འདུག་ཟེར་བ་བདེན་ནམ།”
དེའི་ལན་དུ།
ཟུར་ཙམ་བདེན་ལ་སེམས་ཀྱི་ཟུར་ཙམ་རེ།།
མཛེས་མ་རེ་ཟུང་ཕྱོགས་སུ་ཤོར་བ་འདྲ།།
འོན་ཀྱང་ཆུང་མའི་གདོང་དེ་མཐོང་ཐེངས་རེར།།
མཛེས་མ་དེ་དག་གློ་བུར་ཡལ་ནས་འགྲོ།།
བྲོས་བཀྲ་ནས།
སྤྱན་གཉིས་མཛེས་མའི་ཕྱོགས་སུ་ཤོར་པ་ལས།།
སེམས་ནི་མི་འགྱུར་ཆུང་མའི་ཕྱོགས་སུ་གནས།།
དེ་ནི་སྐྱེས་པ་དག་གི་ཡོན་ཏན་ཡིན།།
དེ་འདྲ་ཨེ་རེད་སྤུན་ཁོ་རྟ་བྷེ་ལགས།།
ཆུང་མ་མ་གཏོགས་མཛེས་མ་གཞན་དག་དེ།།
སེམས་སུ་འཁོར་ཕྱོགས་ཙམ་ཡང་མེད་པ་ན།།
སྐྱེས་པ་དག་གི་ཞན་ཆ་མ་ཡིན་ནམ།།
དེ་འདྲ་ཡིན་མིན་ཁྱེད་ཀྱིས་དཔྱད་པར་མཛོད།
བྲོས་བཀྲ་དང་འདྲེ་ཐོ་གཉིས་ནས། ༢༠༡༨-༠༧-༢༢
མཆོག་སྩོལ་མ་ལ་ལན།
ལུས་དང་སེམས་པ་གཉིས་ནི་རྒན་མོའི་རུམ་ན་ཏེ།།
དེ་ནི་བརྩེ་དུང་དང་ནི་འོས་འགན་ཞིག་གི་ཆེད།།
འོན་ཀྱང་རྨི་ལམ་ནང་གི་ཁྱེད་ཀྱི་གཟུགས་བརྙན་དེ།།
རྩེ་གྲོགས་དགོད་གྲོགས་དྲན་པའི་རྟགས་མཚོན་གསོན་པོ་ཞིག།
མཆོག་སྩོལ་མས།
“ལུས་པོ་རྒན་མོའི་རུམ་ན་ཡོད། སེམས་པ་དགའ་རོགས་ཕྱོགས་ལ་སོང་།”
འདྲེ་ཐོས། ༢༠༡༨-༠༧-༡༧ ལ།
མེ་ཏོག་རྐང་གཅིག
སྒོར་སྒོར་ཟླ་བའི་འོད་ན་མེ་ཏོག་རྐང་གཅིག་གཡོ།།
མཛེས་མ་ཁྱེད་ཀྱི་སེམས་ན་འདང་ཅན་གྲོགས་ཤིག་གཡོ།།
མེ་ཏོག་འོད་ཀྱིས་འཁྱུད་པས་དགའ་བའི་འཛུམ་དམུལ་ཤོར།།
དགའ་གྲོགས་སེམས་སུ་བཅངས་པས་འདོད་པའི་རྣམ་པ་ཤོར།།
འདྲེ་ཐོས། ༢༠༡༨-༠༧-༢༤ ལ།
ལོ་ལོའི་སྙན་ངག
ཆུ་བོ་རྡོལ་བཞིན།
ཁུ་བ་མཆོད་བཞིན།
ཚོར་བས་བཅིངས་པའི་སྙན་ངག
ལྷུག་ལྷུག་ཏུ། མེར་མེར་དུ།
འདི་ལ་བཞུར། འདི་ལ་ཟགས།
འདྲེ་ཐོས། ༢༠༡༨-༠༧-༢༥
ཁ་བའི་གླིང་གི་འབྲོང་རྒོད།
ཁ་བའི་གླིང་གི་ཁ་བའི་ཡུལ་ལྗོངས་སུ།།
ཁ་བས་བསྟུམས་པའི་འབྲོང་གི་རྭ་ཁ་དེ།།
སྨུག་ཞགས་འཁྲིགས་པའི་སྦྲ་ནག་སྒོ་འགྲམ་དུ།།
ཁ་བའི་འབྲོག་པའི་སེམས་སུ་དགྲ་ལ་གཏོད།
འདྲེ་ཐོས། ༢༠༡༨-༠༧-༢༥ ལ།
ས་མཐའི་ཐོ་ཐོ།
ཐོ་ཐོ་ང་ནི་བྲེལ་བའི་ནང་ན་འདུར།།
ཐོ་ཐོའི་སེམས་ནི་ཚོང་གི་ནང་ན་འདུར།།
འདུར་རྒྱུག་ཁྲོད་ན་ཐོ་ཐོས་དཀའ་བ་སྤྱད།།
ས་མཐའི་ཐོ་ཐོའི་གནས་སྟངས་འདི་རེད།
འདྲེ་ཐོས། ༢༠༡༨-༠༨-༠༤ ཉིན།
ཐོ་ཐོའི་འཁོར་བ།
ཐོ་ཐོ་ང་ནི་བྲེལ་བའི་ནང་ནས་ཐར།།
ཐོ་ཐོ་ང་ནི་རང་ཁྱིམ་སྐྱིད་པོར་ཐོན།།
ཐོ་ཐོ་ང་ཡིས་དབྱར་ཀའི་ཚོང་མཇུག་བསྡུས།།
ཐོ་ཐོའི་འཁོར་བ་རང་ཁ་རང་གསོ་ཡིན།།
༢༠༡༨།༠༨།༡༦ ལ།
དབྱར་དང་སྟོན།
དབྱར་དུས་བུ་མོའི་ཤོམ་ལྭ་མེ་ཏོག་ཚོགས།།
སྟོན་ཁ་རྒད་པོའི་འདོད་པའི་རླུང་འཚུབ་འོག།
མི་འདོད་བཞིན་དུ་རེ་རེ་དོར་བཅུག་ཅིང་།།
གསེར་མདོག་གཅེར་བུའི་ལུས་དེ་མངོན་དུ་བཅུག།
ཐོ་ཐོ་ནས། ༢༠༡༨།༠༨།༢༤
འདང་ཅན་རོགས་ལོ་དྲན་པ།
ཁྱེད་སར། ཆར་བ་ཤག་ཤག་འབབ།
ང་སར། མིག་ཆུ་ལོང་ལོང་འཐོར།
ངེད་གཉིས། ཚེ་འདིར་ལྷན་འཛོམས་མེད་པ་འདྲ།
འོ་ཧོ་འདང་ཅན། རོགས་ལོ་ཁྱེད་ནི་དྲན་གི་ཡོད།
ཁྱེད་སར། ཉི་མ་འོད་ལམ་ལམ།
ང་སར། ཟླ་བ་གྲང་བསིལ་བསིལ།
ངེད་གཉིས། སྡོད་གནས་མི་འདྲ་ཁ་ཁ་རེད།
འོ་ཧོ་འདང་ཅན། རོགས་ལོ་ཁྱེད་ནི་དྲན་གི་ཡོད།
ཁྱེད་སར། མེ་ཏོག་ཆར་བས་བསྟུམས།
ང་སར། མེ་ཏོག་ཁ་བས་མནན།
ངེད་གཉིས། ལས་དབང་མི་འདྲའི་མེ་ཏོག་གཉིས།
འོ་ཧོ་འདང་ཅན། རོགས་ལོ་ཁྱེས་ནི་དྲན་གི་ཡོད།
ཐོ་ཐོ་ནས། ༢༠༡༨།༠༩།༠༤ ལ།
སེམས།
སེམས་འདིས་སྟོང་བ་བསམས་ཤིང་སྟོང་ཁམས་འགྲིམས།།
ཅི་ཡང་ཡོད་པ་ཅི་ཡང་མེད་པར་སྒྲུབས།།
འདོད་ཆགས་ཞེ་སྡང་ཕྲག་དོག་ཞེ་འཁོན་བཅས།།
དེ་རིང་སྣང་ངོར་གྲུབ་ཀྱང་རྨི་ལམ་ཙམ།།
སེམས་འདི་རྟ་རྒོད་ཇི་བཞིན་རྒོད་དུས་ཡོད།།
སེམས་འདི་བལ་སྤུ་ཇི་བཞིན་འཇམ་དུས་ཡོད།།
སེམས་ལ་བདག་པོ་ཇི་ལྟར་རྒྱག་ཐུབ་ན།།
སེམས་ཀྱི་ཁམས་འདིར་དེ་ལྟར་ལྷིང་འཇགས་ཐོབ།།
སེམས་དང་སེམས་པའི་བར་གྱི་བར་ཐག་དང་།།
སེམས་དང་སེམས་པའི་བར་གྱི་འགལ་ཟླ་བཅས།།
སེམས་པ་འཇམ་དུ་བཏང་སྟེ་ཉེ་རུ་ཆུགས།།
སེམས་པ་སྙི་རུ་བཏང་སྟེ་མཐུན་དུ་ཆུགས།།
འདྲེ་ཐོས། ༢༠༡༨།༠༩།༠༥
སྨན་པ་དང་ནད་པ།
གཡུ་ཐོག་ཟེར་བའི་ལྷ་རྗེ་མཁས་པ་ཞིག།
འཇིག་རྟེན་འདི་ལ་བྱོན་པས་ནད་ཡམས་བཅོམ།།
སྨན་ལ་བོད་སྨན་རྒྱ་སྨན་ཕྱི་གླིང་སྨན།།
དབྱེ་བ་འབྱེད་ཀྱང་གཞི་རྩའི་ནད་པའི་ཕྱིར།།
ནད་པ་མེད་ཚེ་སྨན་པར་ལག་ཡོང་མེད།།
སྨན་པ་མེད་ཚེ་ནད་པར་དྲག་རྒྱུ་མེད།།
འདི་གཉིས་གཅིག་ལ་གཅིག་རྟེན་འཚོ་དགོས་པ།།
བསྙོན་དུ་མེད་པའི་འཇིག་རྟེན་ཆོས་ཉིད་ཅིག།
འདྲེ་ཐོས། ༢༠༡༨།༠༩།༠༧ ལ།
མེ་ཏོག་དང་སྦྲང་མ།
“འདང་ཅན་འདྲེ་ཐོའི་གཞས་ཚིག །
མེ་ཏོག་ནང་གི་སྦྲང་རྩི། །
ཨ་ཕ་བརྩེ་བའི་གཞས་སྐད། །
གསེར་སྦྲང་སེར་པོའི་གཤོག་སྒྲ།།”
མེ་ཏོག་གིས་བྲིས།
ཡུལ་གྱལ་སྦྲང་མ།
ཁྱེད་སར་དབྱར་ཀའི་མེ་ཏོག་མགོ་ལྕོགས་ལྡེམ་ལྡེམ་གཡོ།།
ང་སར་དགུན་ཁའི་ཁ་བའི་འདབ་མ་ལྷབ་ལྷིབ་འཐོར།།
མེ་ཏོག་མཛེས་པར་བཞད་ཀྱང་འདབ་མ་ཆར་བས་བསྟུམས།།
སྦྲང་མས་མེ་ཏོག་བསམ་ཡང་སྦྲང་མ་ཁ་བས་མནན།།
མེ་ཏོག་འདབ་མའི་ཟུར་ན་སྦྲང་རྩི་དཀར་པོ་འཛག།
གསེར་སྦྲང་གཤོག་སྒྲའི་བར་ན་གླུ་གཞས་སྙན་མོ་སྒྲོག།
ཁྱེད་ནི་ཆར་བས་བསྟུམས་པའི་འབྲོག་སའི་མེ་ཏོག་གཅིག།
ང་ནི་ཁ་བས་མནན་པའི་ཡུལ་གྱར་སྦྲང་མ་ཞིག།
འདྲེ་ཐོས། ༢༠༡༨།༠༩།༠༩ ལ།
གདོང་འབག་ནི་རིན་མི་མཁོ་བའི་སྐུ་སྲུང་བ་ཞིག
སང་ཉིན་ཉི་མ་ཤར་ཚེ་ངེད་གཉིས་རྒྱུས་མེད་གྱུར།།
འོན་ཀྱང་དོན་གྱིས་ང་ནི་སྔར་བཞིན་ཁྱེད་ལ་དུངས།།
ཡིན་ཡང་རང་ཉིད་སྲུང་ཕྱིར་རང་ངོར་འབག་ཁེབས་ཤིག།
མི་བུ་གསར་པར་བརྫུ་ཕྱིར་མི་འགེབས་ཐབས་མེད་གྱུར།།
མི་ཚོགས་ཁྲོད་ཀྱི་གདོང་གི་ཁ་དོག་འདྲ་མིན་དེའི།།
མང་བོའི་ཕྱོགས་སུ་མཐུན་པའི་གདོང་འབག་གྱོན་བྱས་ན།།
རང་ལ་རྒོལ་མཁན་མེད་ཅིང་སེམས་ལ་ལྷིང་འཇགས་ཐོབ།།
སེམས་གཏམ་ལྷག་བསམ་བཅས་ནི་རེ་ཞིག་སྦས་དགོས་བྱུང་།།
འདྲེ་ཐོས། ༢༠༡༨ ༠༩།༠༩ ལ།
ཕ་ཡུལ།
རང་སེམས་གང་དུ་ལྷོད་ལ་འབབ་ཐུབ་ཞིང་།།
གང་སར་བདེ་ཞིང་སྐྱིད་པའི་འདོད་པའི་ཚེར།།
དེ་སར་ཁྱེད་ཀྱི་ལུས་སེམས་བཅོལ་བྱས་ཆོག།
དེ་ས་ཁྱེད་ཀྱི་ཕ་ཡུལ་ངོ་མར་འོས།།
རང་ལུས་ན་རྒྱུ་ཚ་རྒྱུ་མེད་སའི་ས།།
རང་སེམས་སྐྱོ་རྒྱུ་སྡུག་རྒྱུ་མེད་སའི་ས།།
རྒྱལ་ཁམས་སུ་ཡི་ཁུངས་གཏོགས་ཡིན་ཡང་རུང་།།
ང་ལ་མཚོན་ན་རང་གི་ཕ་ཡུལ་འདྲ།།
རང་གི་ཕ་ཡུལ་ངོ་མ་གཞན་དབང་དུ།།
རང་སེམས་དངོས་སུ་དུང་ས་བོད་ཡུལ་ཏེ།།
ཡིན་ཡང་བཙན་གནོན་འོག་ནས་བཙན་བྱོལ་དུ།།
རང་ཡུལ་ངོ་མ་གཡུགས་ནས་ཡོང་དགོས་བྱུང་།།
འདྲེ་ཐོ། ༢༠༡༨།༠༩།༡༦ ལ།
ཆགས་སྨྱོན་དུ་སོང་བའི་ཐོ་ཐོ།
དམ་བཅའ་བྲག་ལ་བརྐོས་ཀྱང་རྡོ་ཐོག་རི་མོ་ཙམ།།
དམ་བཅའི་ཕྱག་རྒྱ་བརྒྱབ་ཀྱང་ཤོག་ངོར་ཚོན་རྩི་ཙམ།།
སེམས་ཀྱི་དམར་ས་ཤིག་ཏུ་འདང་ཅན་ཚུལ་བཞག་སྟེ།།
རུམ་ཁ་དྲོན་མོ་ཕྱེ་ནས་འཛུམ་གྱིས་ནི་བསུ་རོགས།།
ཕོ་ང་འགྲོ་རྒྱུའི་དུས་དེར་སླེབས་མེད་འདྲ།།
མོ་ཁྱེད་ལངས་རྒྱུའི་དུས་དེར་ཐོན་མེད་འདྲ།།
ངེད་གཉིས་མཉམ་དུ་སྦྱར་བའི་ངོ་མཚར་དུས།།
ད་ལྟ་ད་དུང་མུ་མཐུད་འགྲོ་བཞིན་སྒང་།།
ཕོ་དང་མོ་ཡིས་འཁྲིག་པ་སྤྱོད་པའི་སྐབས།།
སྐྱིད་ལ་ཁད་ཀྱི་ཛ་དྲག་བར་མཚམས་དེར།།
ཤིན་ཏུ་མགྱོགས་ཤིང་མགྱོགས་ནས་མགྱོགས་སུ་འགྲོ།།
ལྷོད་ཅིང་དལ་བར་གཏོང་མཁན་རི་བོང་རྭ།།
གླིང་འདིར་དུས་ཆེན་སྟོན་མོ་མང་མང་ཡོད།།
འོན་ཀྱང་འཁྲིག་པའི་དགའ་སྟོན་ཀུན་ལས་མཆོག།
ལས་དེར་འཇུག་པར་ཉིན་མཚན་དབྱེ་འབྱེད་མེད།།
ལས་དེར་ཞུགས་ཚེ་ཡོད་ཚད་གློག་ལྟར་མྱུར།།
རྒད་པོ་ལོ་ན་ཤིན་ཏུ་རྒས་གྱུར་པས།
ཕོ་མོའི་རྩེ་དགར་ཉམས་མྱོང་ཡོད་ཀྱང་རུང་།།
འཁྲིག་རྩལ་སྔར་བཞིན་དྲག་ཏུ་མི་ལྡན་པས།།
ལོ་ཆུང་བུ་མོས་འཕྱ་སྨོད་མི་བྱེད་རོགས།།
ཁྱེད་ཚོའི་རུམ་ཁ་དྲོན་མོ་ལྷོད་བྱས་ཚེ།།
ང་ནི་དམར་ཡག་སྟག་བཞིན་མཆོང་ནས་ཡོང་།།
འོན་ཀྱང་ཞི་མོ་ཁྱེད་ཚོ་ང་ཡི་སྟེང་།།
མཆོང་རྒྱུ་ཟེར་ན་ངས་ཀྱང་གོ་སྐབས་སྟེར།།
ཞི་མོ་ཁྱེད་ཚོའི་འོག་ན་མཚེའུ་ཞིག།
རྒད་པོ་ང་ཡི་འོག་ན་ཉ་རྒན་ཞིག།
ཉ་འདི་མཚོ་ལ་འཇུག་ཏུ་བཅུག་བྱས་ཚེ།།
ངས་ནི་འདོད་པའི་རྦ་རླབས་འཕྱུར་དུ་འཇུག།
གང་ལྟར་ཁྱེད་ཚོའི་ཉལ་ས་སྐྱིད་པོའི་ཐོག།
ང་ནི་ཐེངས་ཤིག་རུམ་ནས་ཚོད་ལྟ་བྱོས།།
ཁྱེད་ཚོ་བདེ་བ་ཅན་གྱི་ཞིང་ཁམས་སུ།།
མ་ཤི་གསོན་པོ་དྲོན་པོར་ང་ཡིས་འདྲེན།།
སྨྱོན་པ་ཐོ་ཐོ་ནས། ༢༠༡༨ །༠༩།༡༩ལ།
ང་ཚོ་བོད་པའི་ནོར་བུ།
འཛམ་གླིང་འདི་རུ་ནོར་བུ་གཅིག་མཆིས་པ།།
རྟ་བདུན་དབང་བོ་ལས་ནི་གང་ཞིག་མཆིས།།
ང་ཚོ་བོད་ལ་མཚོན་ན་ནོར་བུ་ལས།།
ནོར་བུ་རྩ་ཆེན་དེ་ནི་༧གོང་ས་མཆོག།
ཉི་མའི་འོད་དེ་ནམ་མཁའི་དབྱིངས་སུ་འཕྲོ།།
༧གོང་ས་མཆོག་གིས་འཛམ་གླིང་ཡོངས་སུ་འགྲིམ།།
ང་ཚོ་བོད་ལ་མཚོན་ན་ཉི་མ་ལས།།
༧གོང་ས་མཆོག་ནི་མེད་དུ་མི་རུང་ལགས།།
ཉི་མ་ནུབ་ལ་བཞུད་རྗེས་མེད་ཀྱང་རུང་།།
ང་ཚོ་ཟླ་བའི་ངོགས་སུ་འཚོ་ཆོག་མོད།།
འོན་ཀྱང་ཡིད་བཞིན་ནོར་བུའི་མཛད་པ་དང་།།
བྱང་ཆུབ་ཆོས་སྐུ་མེད་ཚེ་ཇི་ལྟར་བྱ།།
ཀྱེ་ཧོ་༧གོང་ས་མཆོག་ཁྱེད་སྐུ་ཚེ་བརྟན།།
ཀྱེ་ཧུད་བོད་པའི་བདེན་མཐའ་བསལ་བར་སྨོན།།
ཀྱེ་མ་བོད་ལ་ཕེབས་རྒྱུའི་བསྐལ་བཟང་དུས།།
ཀྱེ་ཀྱེ་མྱུར་བར་མྱུར་དུ་འབྱུང་བར་སྨོན།།
འདྲེ་ཐོ་ཐོ་ནས། ༢༠༡༨།༠༩།༢༡ ལ།
གྲོགས་ཤིག་གི་ཇེ་མང་དུ་སོང་།
སིལ་ཏོག་དམར་རིས་ཤིག་གི་མགོ་པར་རྗེས།།
འཚམས་འདྲི་འཛུམ་དམུལ་ཅན་གྱི་པར་རིས་ཤིག།
འདྲེ་ཐོའི་ཁ་པར་འཆར་གཞུང་སྟེང་དུ་མངོན།།
དེ་ཡི་བྱིན་རླབས་གྲོགས་ཤིག་མང་དུ་བཏང་།།
ཐོ་ཐོས། ༢༠༡༨།༠༩།༢༢ ལ།
བླ་མ་ཞིག་གི་མཛད་པ།
གསང་ཡུམ་གཟིམ་ཤག་ཕུགས་སུ་སྦས་མི་བྱེད།།
གདུང་སྲས་མནའ་བཟའི་ཁུགས་སུ་བསྐུངས་མི་བྱེད།།
འཇིག་རྟེན་མི་ཡི་རང་བཞིན་ངོ་མ་དེ།།
ཆོས་ཁྲིམས་འདུལ་ཁྲིམས་བར་ནས་མངོན་དུ་བཅུག།
འདྲེ་ཐོས། ༢༠༡༨།༠༩།༢༣ ལ།
ཚོར་བའི་ནང་གི་པདྨའི་མེ་ཏོག
འདྲེ་ཐོའི་སེམས་སུ་དམར་མདངས་ཅན་གྱི་པདྨའི་མེ་ཏོག་ཅིག།
མེ་ཏོག་དེ་ལ་ཞིམ་དྲི་ལྡན་པའི་མཚེའུ་རབ་འཕྱུར་པ།།
འདྲེ་ཐོའི་མིག་ཏུ་དུང་ལྟར་དཀར་པའི་གངས་ཀྱི་རི་བོ་གཉིས།།
རི་བོ་དེའི་རྩེར་འདྲེ་ཐོའི་མཛུབ་རྗེས་རྨི་ལམ་ནང་ནས་སྤར།།
འདྲེ་ཐོས། ༢༠༡༨།༠༩།༢༩ ལ།
བསམ་ཚུལ་ཞིག
འཛིན་རྒྱུ་མེད་པའི་གྲིབ་གཟུགས་མངོན་སུམ་བཞིན།།
མཐོང་བའི་སྣང་ཚུལ་སེམས་ཀྱི་རྣམ་རྟོག་ཙམ།།
མེ་ལོང་ནང་དུ་རང་གཟུགས་མཐོང་བ་ལྟར།།
དོན་དངོས་མིན་པ་ལྷ་དང་འདྲེ་ཡི་གཟུགས།
འདྲེ་ཐོས། ༢༠༡༨།༠༩།༣༠ ལ།
རྒད་པོའི་ཁོག་སྟོད་ཐེངས་ཤིག་བྱ།
འོད་འབར་ལགས་ཀྱིས་བཟོད་སྒོམ་གནང་རོགས་ཞུ།།
སྦྲ་ནག་པ་ཡིས་དགོངས་དག་ཞུ་རོགས་ལགས།།
ཁྱིམ་ཚང་གཅིག་གི་བཟའ་མི་མིན་ནའང་།།
མི་རིགས་གཅིག་པའི་བོད་རིགས་སྤུན་ཟླ་ཡིན།།
འཇིགས་སྐུལ་དང་ནི་བསྙོན་འཛུགས་ཉེས་འགེལ་བཅས།།
སྐུ་ངོའི་ཐོག་ཏུ་དྲག་ཆར་བཞིན་དུ་འབབ།།
མནོ་བསམ་ཐོངས་ཤིག་ལོ་རྒྱུས་སྨྲ་བའི་བུ།།
གྲོགས་ཤིག་བརླག་ན་གྱོང་གུན་ཆེན་པོ་ལགས།།
ཁྱེད་ཀྱི་ཐུགས་ཁམས་དབྱར་ཀའི་གནམ་གཤིས་བཞིན།།
རྩེ་མཚར་ཉི་མའི་འོད་སྟོང་འཕྲོ་བའི་བར།།
གློ་བུར་ཁྲོས་ཤིང་ཚིག་རྩུབ་དྲག་ཆར་ཕབ།།
སྐུ་ངོའི་བཟོད་སྒོམ་ནམ་མཁའི་མཐའ་དང་མཉམ།།
འདྲེ་ཐོས། ༢༠༡༨།༠༩།༣༠ ལ།
གཅེར་བུའི་ལུས།
སྐྱེ་བའི་དུས་སུ་སྒྲིབ་བྱེད་ཅི་ཡང་མེད།།
ཤི་བའི་རྗེས་སུ་བསྒྲིབས་ཀྱང་ཕན་པ་མེད།།
སྐྱེ་འཆིའི་བར་གྱི་དུས་ཡུན་ཐུང་ཐུང་ནང་།།
སྤྱོད་པ་བཟང་མདོག་གོས་ཀྱིས་གཡོགས་ཤིང་བསྟན།།
འདྲེ་ཐོས། ༢༠༡༨།༠༩།༣༠ ལ།
མི་ཚེ་འགྱུར་བའི་རང་བཞིན།
མེ་ཏོག་བཞད་ཅིང་འཐོར་ལ་ཐོར་རྗེས་སླར་ཡང་སྐྱེ།།
སྤྲིན་པ་འཕྱུར་ཞིང་འཐོར་ལ་ཐོར་རྗེས་བསྐྱར་དུ་འདུ།།
མི་ཚེ་དར་ཞིང་རྒས་ལ་རྒས་རྗེས་འཆི་མོད་ཀྱང་།།
ཤི་རྗེས་སླར་ཡང་མིའམ་གཞན་དུ་སྐྱེ་ཞེས་སྐད།།
གང་ལྟར་ཡོད་ཡོད་ཚད་ཚད་མགོ་མཇུག་མེད་པར་འཁོར།།
གཏན་དུ་འགྱུར་དང་བསྒྱུར་རྒྱུ་མེད་པ་སྲིད་འདིར་དཀོན།།
མི་རྟག་པ་ནི་ཕྱི་ནང་སྣོད་བཅུད་ལུས་དང་སེམས།།
མི་བསླུ་བ་ནི་འཆི་བདག་རྒད་པོས་འཆི་ཡོད་གཏམ།།
སྐྱེ་འཆིའི་བར་དུ་ཤི་སོང་ཞེས་ན་གཞན་སེམས་རྟོགས།།
མ་ཤིའི་སྔོན་དུ་ཤི་བ་ཇི་བཞིན་བརྗེད་ཡོད་པས།།
གསོན་ནས་ཡོད་ཀྱང་ཤི་ནས་ལོ་མང་སོང་བ་འདྲ།།
དངོས་སུ་གཤེགས་ཚེ་ཕངས་སེམས་སྐྱེ་མཁན་ཡོད་སྲིད་དམ།།
སྐྱེ་འཆིའི་བར་དུ་ཤི་སོང་ཞེས་ནས་ཐེངས་ཤིག་བསྒྲགས།།
མ་ཤིའི་སྔོན་དུ་ཤི་བ་ཇི་བཞིན་བརྗེད་ཡོད་སྨྲས།།
གསོན་ནས་ཡོད་ཀྱང་ཤི་ནས་ལོ་མང་སོང་འདྲ་བརྗོད།།
དངོས་སུ་གཤེགས་ཚེ་ཕངས་སེམས་སྐྱེ་བ་ཤ་སྟག་འདོད།།
སྐྱེ་འཆིའི་བར་དུ་ཤི་སོང་ཞེས་ནས་གཞན་སེམས་དཔྱད།།
མ་ཤིའི་སྔོན་དུ་ཤི་བ་ཇི་བཞིན་བརྗེད་ཡོད་འདྲ།།
གསོན་ནས་ཡོད་ཀྱང་ཤི་ནས་ལོ་མང་སོང་བ་འདྲ།།
དངོས་སུ་གཤེགས་ཚེ་ཕངས་སེམས་སྐྱེ་བ་ལྟ་ཅི་སྨོས།།
འདྲེ་ཐོས། ༢༠༡༨།༡༠།༠༡ ལ།
ཚོགས་ཁུངས་ནས་རྒྱང་ཕུད་བཏང་སོང་།
ང་ནི་ཁ་ལྕེ་མེད་པའི་གླང་རྒན་ལྐུག་པ་ཞིག།
ང་ནི་དགོས་མཁོ་མེད་པའི་མི་བུ་ལྷག་མ་ཞིག།
ང་ནི་ཡོན་ཏན་མེད་པའི་དྲྭ་འབུ་ཀླད་སྟོང་ཞིག།
ང་ནི་རྒྱང་ཕུད་བཏང་བ་ཁྱེད་ཀྱི་རྒྱལ་ཁ་ཞིག།
འདྲེ་ཐོས། ༠༡-༡༠-༢༠༡༨ ལ།
གཞས་མ་ཞིག་ལ།
མཉེན་ཞིང་གཡོ་བའི་སྦྲང་མའི་གཤོག་ཟུང་ལྡེམ་པ་བཞིན།།
དལ་ལྷོད་ཁྲོད་ཀྱི་འཇམ་པོའི་དབྱངས་ཀྱི་འགྱུར་ཁུག་དེས།།
ས་མཐར་འགྲིམས་པའི་འབྲོག་ཕྲུག་ང་ཡི་ཡིད་དབང་བཀུག།
ཁྱེད་དང་མཉམ་དུ་ཐེངས་ཤིག་མཇལ་ན་ཅི་མ་རུང་།།
ཕ་ཡུལ་དྲན་པའི་སེམས་འདིའི་སྐྱོ་སྣང་རྨ་ཁའི་གྱུར།།
ཁྱེད་ཀྱི་གླུ་སྐད་འདི་ཉིད་བཅོས་བྱེད་སྨན་གྱི་མཆོག།
ཁྱེད་དང་མཇལ་ཚེ་ལྷ་རྗེ་ནང་བཞིན་བཀུར་ན་འདོད།།
ཁྱེད་ཀྱི་མཆུ་སྒྲོས་སེམས་ཀྱི་དམར་སར་འབྲེལ་ན་འདོད།།
ཁྱེད་ཀྱི་བརྩེ་སེམས་འོ་མའི་དཀར་ཐིགས་ཟགས་པ་དེས།།
ང་ཡི་སེམས་འདིའི་སྐྱོ་སྣང་གྱོང་བོ་བརླན་ཞིང་གསོས།།
ཁྱེད་ཀྱི་གླུ་སྐད་སྙན་མོའི་དབྱངས་རྟ་ངོ་མཚར་པས།།
ང་དང་ངའི་སེམས་ཐེངས་ཤིག་ཕ་ཡུལ་ཕྱོགས་སུ་བསུས།།
ཐོ་ཐོས། ༢༠༡༨།༡༠།༠༡ ལ།
འདྲེ་ཐོས་རང་ཉིད་བརྗོད་པ།
དེང་གི་ཐོ་ཐོ་སྔར་གྱི་ཐོ་ཐོ་སྟེ།།
མཐོང་གི་མེད་པ་རང་གི་སེམས་འདི་ཉིད།།
ཚོར་གི་མེད་པ་ཕྱི་ཡི་འཇིག་རྟེན་ཏེ།།
ཐོ་ཐོ་ང་ནི་ཋཽ་ཋཽའི་མི་གཏོང་རོགས།།
ཐོ་ཐོ་ང་ནི་རྒན་ཁོག་རྒན་ཁོག་ཅིག།
མགོ་སྤུ་ཁ་སྤུས་དུང་དང་འགྲན་ཡ་བྱེད།།
ན་ཆུང་བུ་མོར་འགྲོགས་འདོད་ཡོད་ཀྱང་རུང་།།
ཤུགས་དང་འཁྲིག་རྩལ་ཉམས་ནས་ལོ་བརྒྱ་ཕྱིན།།
འོན་ཀྱང་ལུས་ནི་རྒས་ཀྱང་སེམས་མ་རྒས།།
འདོད་གཏམ་ཚ་བོ་སྙན་ངག་ལམ་ནས་བསྐོལ།།
འཁྲིག་རྩལ་ཡོད་མདོག་སྙན་ངག་ལམ་ནས་བསྟན།།
ཝ་ལེར་བསམ་ན་ཕྲ་མ་ཕྲ་མ་ཞིག།
འདྲེ་ཐོ་ཐོས། ༢༠༡༨།༠༩།༠༣ ལ།
མ་ཤིའི་སྔོན་དུ་བོད་ལ་བསླེབ་ན་འདོད།
ནངས་སྔ་མོའི་ཉི་རྩེ་བརྒྱབ་དུས་ན།།
ཁ་འཁོར་ས་ཤར་གྱི་བོད་ཁམས་ཕྱོགས།།
རེ་བཅོལ་ས་ཡིད་བཞིན་ནོར་བུ་མཆོག།
ངས་ལྷ་སའི་ཉི་མར་མཇལ་ན་འདོད།།
ཉིན་གུང་གི་དྲོས་ཇ་འཐུང་སྐབས་དེར།།
སྔར་ཟོས་པའི་རྩམ་པ་དྲན་ནས་ཡོང་།།
སྔར་འགྲོགས་པའི་འབྲོག་མོ་དྲན་ནས་ཡོང་།།
སྔར་ཞོན་པའི་རྟ་བོ་དྲན་ནས་ཡོང་།།
དགོང་ཕྱི་དྲོའི་མཚམས་སྤྲིན་ཤར་དུས་ན།།
སེམས་ཕྱོགས་ས་དཀོན་མཆོག་གསུམ་པོའི་གྱུར།།
རེ་བཅོལ་ས་སྔས་མགོའི་བླ་མར་མཐོང་།།
ང་མ་ཤི་བོད་ལ་བསླེབ་ན་འདོད།།
འདྲེ་ཐོས། ༢༠༡༨།༡༠།༠༣
བོད་མོའི་མགྲིན་གླུར་ཆགས་སོང་།
ཁོམ་པ་ཡོད་དུས་རེ་དང་།།
ཚོར་བ་ཐོན་དུས་རེ་ལ།།
རོགས་མཐུན་ལ་གཞས་རེ་དང་།།
རོགས་ལོ་དྲན་གི་ཡོད་པའི།།
ལ་གཞས་ལྷོད་ཀྱིས་གྱེར་རོགས།།
ས་མཐའི་གྲོང་ཁྱེར་དཀྱིལ་ན།།
ལ་གཞས་སྙན་མོ་ལེན་པའི།།
ཞི་མོ་ཁྱེད་ཀྱི་མགྲིན་གླུར།།
ཡང་དང་བསྐྱར་དུ་ཉན་ཞོར།།
ལས་ཀ་ལས་པའི་སྒང་ཡིན།།
རང་ཉིད་བོད་རིགས་ཡིན་པས།།
བོད་ཀྱི་ལ་གཞས་གྱེར་མཁས།།
བོད་མོའི་མགྲིན་གླུར་ཆགས་སོང་།།
མི་རིགས་གཞན་གྱི་གཞས་ལ།།
སྤྲོ་བ་ཡོང་རྒྱུ་དཀའ་མོ།།
འདྲེ་ཐོས། ༢༠༡༨།༡༠།༠༤ ལ།
ཆོས་དཔེ་དང་ཁོ་ཧྥེ།
ཆོས་དཔེའི་འགྲམ་གྱི་མགོ་སེར་ཁོ་ཧྥེའི་དྲིས།།
ཆོས་ཚིག་རྣམས་ནི་རེ་ཞིག་ཡ་མཚན་བཅུག།
འོ་ཇ་དཀར་པོའི་བྲོ་བ་མ་ཚོར་བས།།
ཀློག་མཁན་མི་ལ་རེ་ཞིག་དོགས་པ་སྐྱེས།།
ཁེར་འདུག་བགྱིས་པའི་མཆོད་ཀོང་སྙིང་རེ་རྗེ།།
དེ་ཉིད་གཟིམས་ནས་ལོ་བརྒྱ་ཕྱིན་པ་འདྲ།།
ས་མཐར་འགྲིམ་པའི་གྲོགས་ཁྱེད་སྙིང་རེ་རྗེ།།
ཆོས་དང་བྲལ་ནས་ཡུན་རིང་འགྱངས་པ་འདྲ།།
ཐོ་ཐོས། ༢༠༡༨།༡༠།༠༥ ལ།
འགྱིག་ཞྭ་གྱོན་པའི་དོམ་གྱི་སྒྲུང་གཏམ།
ཟས་ཕྱིར་འགྱིག་ཟོམ་སེར་པོའི་ནང་དུ་མཆུ་ཏོ་བསྲིངས།།
མཉམ་དུ་རང་གི་མགོ་བོ་ཆེའང་ནང་དུ་བཅུག།
དེ་ནས་འགྱིག་ཟོམ་ནང་གི་ཟས་ཡོངས་ཟོས་པའི་རྗེས།།
རང་གི་མཆུ་དང་མགོ་བཅས་འགྱིག་གིས་བསྡམས་བྱས་སོང་།།
དེ་ལྟར་འཇིགས་སྣང་ཁྲོད་དུ་ཞ་ར་ཇི་བཞིན་དུ།།
ཡུལ་དེའི་གང་ས་གང་ལ་བརྒྱུགས་དང་འདུར་བའི་རྗེས།།
སྙིང་རྗེའི་བདག་པོ་བོད་བཙུན་སྙིང་སྟོབས་ལྡན་པ་འགའ།།
བྲག་རི་མཐོན་པོར་འཛེགས་ཤིང་ཁོང་ཉིད་སྐྱོབ་རྩིས་བྱས།།
མ་གཞི་གོ་ལ་འདི་དང་ཡུལ་ཁམས་སོ་སོའི་ཟུར་ཙམ་ནས།།
ཁོང་དང་ཉམས་ཆུང་སྲོག་ཆགས་རིགས་ལ་འཚོ་དབང་ཡོད་མོད་ཀྱང་།།
རི་དྭགས་ཟེར་ནས་མཐོང་ཆུང་ངང་གིས་མང་བོ་བསད་པའི་མཐར།།
ཁོང་དང་ཁོང་ལ་ཟས་བཅུད་རོལ་བའི་ཐོབ་ཐང་ཡོད་ཚད་འཕྲོགས།།
གང་ལྟར་ཟས་ཕྱིར་ཇག་དང་རྐུན་ལ་སོང་བའི་དོམ་དེ་ཉིད།།
ཤིན་ཏུ་འཇིགས་སྣང་ཁྲོད་དུ་རི་ཀླུང་མང་བོ་འགྲིམས་པའི་མཐར།།
འཚེ་བར་སྤངས་པའི་བོད་མི་འགའ་ཡིས་ཐབས་དང་རྣམ་དཔྱོད་ཀྱིས།།
མཆུ་དང་མགོ་བོ་བསྡམས་པའི་འགྱིག་ཟོམ་དེ་ལས་ཐར་བར་བྱས།།
ཞེས་འདྲེ་ཐོས། ༢༠༡༨།༡༠།༠༦ ལ།
ཁྱེད་ཀྱི་མགྲིན་གླུ།
སེམས་འདིའི་རྨ་ཁ་གསོ་བའི་ནུས་པ་ཅན།།
ལུས་འདིའི་ངལ་དུབ་སེལ་བའི་སྨན་ལྟ་བུའི།།
མཛེས་མ་ཁྱེད་ཀྱི་མགྲིན་གླུ་སྙན་མོ་འདིས།།
ང་ནི་ཐག་རིང་ཡུལ་ན་བསྐྱབས་ནས་ཡོད།།
འདྲེ་ཐོས། ༢༠༡༨།༡༠།༠༧ ལ།
དྲྭ་ཐོག་གི་འདྲེ་ཐོ།
ང་ནི་བར་མ་མཚམས་ན་ལྐོག་ཉན་བྱེད་པའི་རིགས།།
ལྐུག་པ་མིན་ཡང་ལྐུག་པའི་རིགས་ལས་མ་འདུས་ཏེ།།
བཤད་ན་འདོད་ཀྱང་ལྕེ་ལ་མདུད་པ་ཕོག་པ་འདྲ།།
འཆད་རྩོད་རྩོམ་གསུམ་ང་དང་བཟའ་འཐོར་བྱས་པ་འདྲ།།
འདྲེ་ཐོས། ༢༠༡༨།༡༠།༠༨ ལ།
དྲྭ་གྲོགས་ཤིག་གིས་འདི་འདྲ་ཞིག་བཤད་བྱུང་།
འདྲེ་ཞེས་བཤད་ཀྱང་གཟུགས་མེད་ཡི་དྭགས་རིགས་ཤིག་འདོད།།
མྱི་འདྲེའི་ཁྱད་པར་གཟུགས་ཡོད་གཟུགས་མེད་ཙམ་ལ་འདོད།།
བེམ་པོའི་ཚོགས་ཀྱིས་ཁོར་ཡུག་འབགས་བཙོག་བཟོས་ཞེས་སྨྲ།།
རྒྱུགས་སྤྲོད་བྱས་ཚེ་ལན་ནི་འདི་ལྟར་སྨྲ་ཞེས་བརྗོད།།
ཅེས་འདྲེ་ཐོ་ངས་དྭ་གྲོགས་ག་གེ་མོ་ཞིག་གི་བསམ་ཚུལ་དེ་ཡི་གེར་བཀོད་ཡིན།
རྒྱ་ནག་ལྕགས་རིར་གླིང་གི་དཔའ་རྟུལ་བཞེངས།
རྒྱ་ནག་པ་ཡི་གླུ་སྐད་སྙན་མོ་ཞེས།།
རྒྱ་ཁུངས་ཡིན་པ་གཞིར་བཞག་བྱས་པའི་ཐོག།
རྒྱ་དྲི་བྲོ་བའི་གླུ་དང་གླུ་བ་ལ།།
རྒྱ་ནང་བཅུག་པའི་བོད་མིས་བསྟོད་བསྔགས་འཐེན།།
གཡག་གི་ཧུར་སྒྲ་བོད་པའི་མི་ལ་སྙན།།
ལུག་གི་འབའ་སྒྲ་ལུག་རྫི་རྒད་པོར་སྙན།།
འབྲི་མོའི་ངུར་སྒྲ་ཨ་ཅེ་འབྲོག་མོར་སྙན།།
བྱ་དེའི་སྐད་དེ་རྒྱ་རིགས་མི་ལ་སྙན།།
ཀྲུང་ཀོ་བ་ཡི་སྐད་གདངས་བཟང་བོ་ཞེས།།
གར་སྟེགས་རྫིག་པོའི་ཐོག་ཏུ་འཛེགས་ཀྱང་རུང་།།
ཤ་དང་རུས་པ་གྲུབ་ས་བོད་ཁམས་ཏེ།།
ཁྲག་གི་བཞུར་རྒྱུན་བཙན་པོའི་བརྒྱུད་ལས་བླངས།།
གཞན་གྱིས་ཁྱེད་ལ་བསྐྲུན་པའི་གར་སྟེགས་དེ།།
གཞན་གྱི་འདོད་མོས་ལྟར་དུ་འཁྲབ་ཕྱིར་བསྐྲུན།།
ཨ་མའི་བུ་ཞིག་ཡིན་ཚེ་རང་ཚུགས་མཁོ།།
རྒྱ་ནག་ལྕགས་རིར་གླིང་གི་དཔའ་རྟུལ་བཞེངས།།
སྤྱིར་ན་སྒྱུ་རྩལ་ཟེར་བར་རྒྱལ་མཚམས་མེད།།
དོན་དངོས་སྒྱུ་རྩལ་ཁོ་ན་སྟོན་ཕྱིར་མིན།།
ཆབ་སྲིད་ཁེ་དབང་ཞིག་དང་ལྟ་བ་ཞིག།
འཛམ་གླིང་མི་ལ་ར་སྤྲོད་བགྱི་བའི་ཕྱིར།།
གང་ལྟར་བརྗིད་ཉམས་ལྡན་པའི་གར་སྟེགས་དེ།།
དོན་གྱིས་འཇིགས་སུ་རུང་བའི་རྒྱ་རྙི་ཞིག།།
བོད་པ་རྒྱ་སྒྱུར་བྱེད་པའི་གཡོ་ཐབས་ཤིག།
མི་སེར་ཐབས་ཀྱིས་སྤེལ་སའི་གཡུལ་ས་ཤིག
འདྲེ་ཐོས། ༢༠༡༨།༠༩།༡༠
སྨན་རྩྭ།
དབྱར་དུས་རྩྭ་དང་དགུན་དུས་འབུ་ཡིན་པའི།།
སྨན་རྩྭའི་རྒྱལ་པོ་དབྱར་རྩྭ་དགུན་འབུ་དེ།།
སྐྱེ་ས་སྐྱེ་ཡུལ་སྦགས་བཙོག་བཟོས་པའི་རྐྱེན།།
དེང་གི་དུས་སུ་སྐྱེ་རྒྱུ་ཇེ་ཉུང་རེད།།
སྔོན་མར་བརྒྱ་ཕྱོགས་ཤིག་གིས་བཏུ་ས་དེར།།
རིམ་གྱིས་སུམ་བཅུ་བཞི་བཅུས་བཏུ་སའི་གྱུར།།
ལོ་རེར་བསྡད་ཀྱིན་ཇེ་ཉུང་ཇེ་ཞན་རེད།།
སྒོར་མོའི་ཡོང་འབབ་ཇེ་ཉུང་ཇེ་སྲབ་རེད།།
རྒྱ་རྣམས་བྱ་རྒོད་བཞིན་དང་ཇག་ཚོགས་བཞིན།།
འབྲོག་སའི་རི་ཀླུང་གང་གི་གང་མཐོར་བཏབ།།
ཁོར་ཡུག་སྦགས་བཙོག་བཟོ་ཞོར་སྨན་རྩྭ་འཐུ།།
སྨན་རྩྭ་རྒྱ་ལག་ཤོར་བ་བོད་པའི་གྱོང་།།
ཕྱི་མི་གཏན་འགོག་སྲིད་ཇུས་སྤེལ་ནའང་།།
ནང་མིའི་ལག་ཏུ་བཏུ་རྒྱུ་ཉུང་དུ་འགྲོ།།
སྔོན་མའི་སྨན་རྩྭ་ཆེ་ཞིང་སྤུས་ཀ་བཟང་།།
ད་ལྟའི་སྨན་རྩྭ་ཆུང་ཞིང་སྤུས་ཀ་ཞན།།
ཞེས་དྲྭ་གྲོགས་ཤིག་གི་གསུང་བཤད་དེ་འདྲེ་ཐོ་ངས་ཟིན་བྲིས་སུ་ཕབ་ཡིན།
དྲྭ་གྲོགས་རང་དབང་།
རང་དབང་ཕེབས་ཐེངས་རེ་ལ་དངོས་བྱུང་རེ།།
རང་དབང་བཞུགས་ཐེངས་རེ་ལ་ལོ་རྒྱུས་རེ།།
རང་དབང་མཆོག་ཏུ་འཛིན་པའི་རང་དབང་ལགས།།
རང་དབང་རྒྱལ་ཁབ་ཞིག་ན་མེད་འདི་སྐྱོ།།
འདྲེ་ཐོས་དྲྭ་གྲོགས་རང་དབང་། ལགས་ལ་བྲིས།
ལྷའམ་འདྲེ།
འགའ་རེས་ལྷ་ལ་འདོད་ན་ལྷ་བཞིན་བཀུར་རྒྱུ་རེད།།
འགའ་རེས་འདྲེ་ལ་འདོད་ཚེ་འདྲེ་བཞིན་གཡོལ་རྒྱུ་རེད།།
ཡག་ཤོས་རང་གིས་རང་ཉིད་འདྲེ་རུ་འགྱུར་མ་འཇུག།
ལྷ་དང་འདྲེ་ཡི་ཁྱད་པར་ལྷ་འདྲེ་རང་ལ་གསལ།།
ཐོ་ཐོས། ༢༠༡༨།༡༠།༠༩
དེ་རིང་གི་རྨ་དུག་ལྕེ།
སེམས་དང་བསམ་བློའི་རྨ་ཁ་ཡོངས་སུའི་རིགས།།
དུག་སེལ་མཛད་མཁས་ལྕེ་ཡི་རལ་གྲི་ཅན།།
ཁ་བའི་ལྗོངས་སུ་བསམ་བློའི་ལྷ་རྗེར་གྲགས།།
བླུན་རྨོངས་ནད་ཡམས་འཆད་པའི་རྩལ་གྱིས་འགོག།
ཕྲག་དོག་ཅན་གྱི་དུག་གི་ཁ་རླངས་དཀྱིལ།།
ལུས་སེམས་གཉིས་ནི་བསམ་གཞིག་ཁྲོད་ནས་རྨས།།
རྨ་ཁས་གཡོགས་པའི་སྐུ་དང་ཐུགས་གཉིས་ལ།།
གཡུ་བྱུར་གསེར་དངུལ་ལྷན་ཐུམ་རྒྱག་པར་འོས།།
འདྲེ་ཐོས། ༢༠༡༨།༡༠།༠༩
དེ་རིང་གི་འོད།
མུན་པའི་གླིང་དུ་འོད་ཀྱི་ཟུར་ཙམ་རེ།།
མུན་པ་འཇོམས་ཕྱིར་སྦྱིན་པ་གནང་རོགས་ཞེས།།
རང་ཉིད་སྒྲོན་མེའི་འོད་དུ་གྲུབ་འདོད་མཁན།།
འོད་ཀྱི་མཚན་ཅན་འོད་ལགས་ཉི་མའི་འོད།།
འདྲེ་ཐོས། ༢༠༡༨།༡༠།༡༠
མ་ཧཱ་བྷ་ར་ཏཱའི་ཚོགས་པ།
ཁོམ་དུས་དང་ནི་དྲྭ་ལམ་བཟང་བའི་དུས།།
ཚོགས་པའི་ནང་དུ་མཉམ་ཞུགས་བྱེད་ཅེས་སྨྲས།།
ཁོམ་པ་ཡོད་དུས་དྲྭ་ལམ་བཟང་མི་བཟང་།།
ཤིན་ཏུ་ལྐོག་གྱུར་དེ་ལས་ལྐོག་གྱུར་དཀོན།།
དྲྭ་ཡི་བཟང་ངན་ཁྱེད་དང་བསྟུན་མི་སྲིད།།
ཁོམ་པ་ཡོད་ཀྱང་དྲྭ་ལམ་མ་བཟང་ཚེ།།
དམ་པ་ཁྱེད་ནི་འདི་ལ་ཕེབས་མིན་པ།།
ངག་ན་མེད་ཀྱང་ཟུར་གྱིས་བསྟན་པ་ཚོར།།
ཁ་བདེ་ཡིན་ཚེ་ལྕེ་ཡང་བདེ་བར་གོ།།
བདེ་བའི་གོ་བ་ངག་རྩལ་ཡོད་པར་གོ།
ཤེས་བྱས་སྟོང་བའི་འདྲེ་ཐོ་ཁ་དང་ལྕེ།།
བདེ་རྒྱུ་མེད་ལ་ལེན་རྒྱུ་ཅི་ཡང་མེད།
འདྲེ་ཐོ་སྐྲག་ས་བསྐྱར་རྒྱུགས་སྤྲོད་རྒྱུ་དེ།།
དེ་ལས་འདྲེ་ཐོ་ཁྱེད་ནི་རང་འགུལ་གྱིས།།
ཚོགས་པའི་ཕྱི་ལ་ཕེབས་ན་འགྲིག་གམ་ཞེས།།
དྲི་བའི་ཚུལ་དུ་རྒྱང་ཕུད་བཏང་ན་སྐྱིད།།
མ་ཧཱ་ཚོགས་པའི་ནང་དུ་ཞུགས་ཐེངས་རེ།།
ཡང་ན་དྲྭ་གྲོགས་སེམས་པ་སྙི་མོ་རེས།།
རང་གི་གྲོགས་རེ་ཚོགས་པར་འཇུག་ཐེངས་རེ།།
རྒྱུགས་སྤྲོད་བྱེད་རྒྱུ་མ་ཧཱ་ཚོགས་པའི་ལུགས།།
འདྲེ་ཐོ་ང་རང་ཚོགས་པར་འཇུག་པའི་དུས།།
རྒྱུགས་སྤྲོད་ཟེར་བ་ཧ་ལམ་དར་མེད་འདྲ།།
འཇིགས་སྐྲག་གང་ཡང་མེད་པར་ཞུགས་ཐུབ་སོང་།།
འདང་རེ་བརྒྱབ་ན་ང་ནི་ལས་ཅན་ཞིག།
མ་ཧཱ་ཚོགས་པའི་ནང་གི་སེར་མོ་བ།།
མ་ཧཱ་ཚོགས་པ་འདི་ཡི་རྒྱན་ཞིག་རེད།།
སྤང་ལྗོངས་སྔོན་མོའི་སྟེང་དུ་རྩི་ཤིང་ལས།།
མེ་ཏོག་སེར་ཆེན་མེད་ན་སེམས་པ་སྐྱོ།།
སེར་ཆེན་མགོ་ལྕོགས་ལྡེམ་ལྡེམ་གཡོ་བ་མཛེས།།
སེར་མོས་ཆོས་སྐད་ལྷིང་ལྷིང་སྒྲོག་པ་སྙན།།
ཞོར་དུ་མ་དཔྱད་ཅུང་དཔྱད་ཤིན་ཏུ་དཔྱད།།
སྟོང་བ་ཉིད་སོགས་གླེང་བར་ངོ་མཚར་ཆེ།།
སྐབས་རེར་སྐྱ་བོ་དང་ནི་སེར་མོའི་བར།།
རྩོད་པའི་རྦ་རླབས་མཐོ་རུ་འཕྱུར་བྱས་ཀྱང་།།
སེམས་ཀྱི་གཅེས་ཕྲུག་ཁ་བའི་ལྗོངས་ཡིན་པས།།
རྦ་རླབས་དམའ་རུ་བཏང་སྟེ་མཐུན་ལམ་འཚོལ།།
འདྲེ་ཐོས། ༢༠༡༨།༡༠།༡༡
ཆང་དང་སྙན་ངག
ཆུ་ཡི་ངོ་བོ་མེ་ཡི་གཤིས་ཀ་ཅན།།
ཆང་གི་ཐིགས་པ་རེ་རེར་ཚོར་བ་རེ།།
ཚོར་བ་དེ་དག་ཚིགས་སུ་བཅད་པ་ན།།
སྙན་ངག་ཅེས་པ་རྦབ་ཆུ་ཇི་བཞིན་འཕྱོ།།
འདྲེ་ཐོས། ༢༠༡༨།༡༠།༡༡ ལ།
མདང་དགོང་ང་ཧ་ལམ་བཟི་ཡོད་པ་འདྲ།
མདང་དགོང་།
སྙན་ངག་གི་ཡིག་རྒྱུགས་ལོན་ཚར་པའི་ཡི་གེ་དང་།
ཚིགས་བཅད་ལས་གྲུབ་པའི་དམག་དཔུང་གི་སྡེ་ཁག་ཅིག
ངའི་མགྲིན་པ་འདིའི་འཐབ་ར་དེ་ནས་ཕྱི་ལ་མཆོངས།
སྙན་ངག་ལ་རྒྱུས་ཡོད་མཁན།
སྙན་ངག་དེ་ངོ་ཡག་པོ་ཤེས་མཁན་གྱི་ཕོ་གསར་གཉིས་ལ།
གཡུལ་བཤམས།
འཐབ་རྩིས་བྱས།
ངས་ཆང་ལ་མེ་ཡི་གཤིས་ཀ་འདུག་ཅེས་སྨྲས།
སྨྲ་ཞོར་དང་བསམ་ཞོར།
ངའི་སྙན་ངག་གི་གོམ་ཁ་དེ།
གནའ་བོའི་སྙན་ངག་གི་རྗེས་ཤུལ་ཞིག་ཏུ་སྤོས།
ངས་འདི་ལྟར།
ཆུ་ཡི་ངོ་བོ་མེ་ཡི་གཤིས་ཀ་ཅན།།
ཆང་གི་ཐིགས་པ་རེ་རེར་ཚོར་བ་རེ།།
ཚོར་བ་དེ་དག་ཚིགས་སུ་བཅད་པ་ན།།
སྙན་ངག་ཅེས་པ་རྦབ་ཆུ་ཇི་བཞིན་འཕྱོ།།
ཞེས་བྲིས་ཡིན།
མ་གཞི། མདང་དགོང་གི་སྙན་ངག་དེའི་གོམ་ཁ།
སྦི་རག་དང་མིང་བརྗོད་དཀའ་བའི།
ཐ་མག་རིགས་མི་འདྲ་བ་ཞིག་གི་དབང་བསྒྱུར་འོག་ཏུ་ཚུད་སོང་བ་འདྲ།
ཕོ་གསར་གཅིག་གིས་ཆུ་ནི་སྲོག་ལྡན་མིན་པས།
དེ་ལ་གཤིས་ཀ་མེད་ཟེར།
ངས་འཛུམ་ཞིག་གིས་ལན་དེ་ཆོག་ནི་བྱེད་འདོད་ཀྱང་།
ཕོ་གསར་དེས་མུ་མཐུད་དུ་ངའི་འབྲི་སྟངས་དེ་ནོར་ཡོད་པར་གཞིར་བཞག་ཐོག
ངག་མང་བོ་ཞིག་ཁ་ཆུ་དང་མཉམ་དུ་གཏོར་བྱུང་།
ངས་ཁ་ཆུ་དེ་དག་གི་བྲོ་བ་ལས།
ཆང་གི་གཤིས་ཀ་དང་གཅིག་མཚུངས་ཤིག་ཚོར་བྱུང་།
དེ་ཡང་མེ་ཡི་གཤིས་ཀ་རེད་འདུག
གཤེར་ཁུ་ཡིན་པ་ལ་ཆུའི་ངོ་བོའམ་རང་བཞིན་ལྡན་པའི་ཁ་ཆུ་དེ་ལའང་།
མེའི་གཤིག་ཀ་ལྡན་ཡོད་པ་མདང་དགོང་ནས་ཚོར་བཅུག་སོང་།
ཕོ་གསར་གཞན་པ་དེས།
ཁྱེད་ཀྱི་སྙན་ངག་ནང་དུ་མཚོན་རྟགས་མི་འདུག་ཅེས་སྨྲས་བྱུང་།
ཁོང་གི་བཤད་ཚུལ་ལ་བརྟགས་ན།
ཁོང་གི་འདུ་ཤེས་དེ་ནི་ཧ་ལམ་གཞན་གྱིས་བཟོས་པའི་གའུ་རྙིང་པ་ཞིག་ལས་ཐར་གི་མེད་པ་འདྲ།
ངས་ཆང་ལ་མེ་ཡི་གཤིས་ཀ་ལྡན་ཞེས་བྲིས་པའི་མཚོན་རྟགས་དེ།
ཆང་རེད་དམ་ཆང་གིས་བཟི་བའི་བཟི་བོ་དེའི་ཀུན་སྤྱོད་རེད་ཅེས།
དྲི་ཚིག་འགའི་རྣ་ལོང་ཞིག་ཁོང་ལ་འདོགས་འདོད་ཀྱང་།
ཁོང་གི་རྣ་བ་དེ་རྣོ་ལས་མཁྲེགས་པ་འདྲ།
ངས་མགར་འདོད་པའི་རྣ་ལོང་དེ་མཚམས་འཇོག་བྱས།
དགོང་བསླེབས་ནས་ཡུན་རིང་ཞིག་ཏུ་སོང་ཚར་འདུག
ཕོ་གསར་གཉིས་ཀྱང་མོ་གསར་འགའ་ཞིག་དང་མཉམ་དུ།
མདང་དགོང་མཚན་མོ་དེའི་གློག་འོད་ནས་རིམ་གྱིས་ནག་ཁུང་དུ་འཐིམ།
བཤད་སྲོལ་ལ།
ཕོ་གསར་རྫིག་པོ་དེ་གཉིས་ལས།
གཅིག་དེས་ཉིན་འགའི་རྗེས་སུ།
བརྒྱ་ཆ་བདུན་བཅུའི་སྐར་མ་ཐོབ་ཡོད་མཁན་ཞིག་དང་མཉམ་དུ།
གཉེན་སྟོན་བྱེད་རྒྱུ་རེད་ཟེར།
མགྲོན་ཤོག་དེ་ང་ལའང་ཧ་ལམ་འབྱོར་ཡོད་པ་འདྲ།
ང་ལ་མུ་མཐུད་དུ་སྦི་རག་ལས་རྡོས་པའི་དབུ་བས།
ལྭ་བ་དཀར་པོ་ཅན་གྱི་སྨན་ཞབས་པས་བཞིན།
སྐད་ཆ་ཅི་ཡང་མི་སྨྲ་བར་འཕུར་མཉེད་བྱེད།
མིང་བརྗོད་དཀའ་བའི་ཐ་མག་དམིགས་བསལ་བ་དེ།
སྦར་ནས་ཚར་ལ་ཁད།
མདང་དགོང་།
ང་ཧ་ལམ་བཟི་ཡོད་པ་འདྲ།
འདྲེ་ཐོས། ༢༠༡༨།༡༠།༡༡ ལ།
དྲྭ་བའི་འཇིག་རྟེན།
དྲྭ་ནང་ཆ་མེད་མི་ཡིས་ཆ་མེད་པར།།
ཁ་བརྡ་རྩེ་མཚར་ཞོར་དུ་དམའ་སར་འགྲོ།།
དམའ་སའི་ཁ་དེའི་དབྱིབས་དང་མདོག་བཅས་པ།།
ཤེས་འདོད་ཡོད་ཅེས་སྦ་གསང་མེད་པར་བཤད།།
རིམ་གྱིས་རིམ་གྱིས་ཆ་རྒྱུས་ཡོད་པར་མཐོང་།།
བསམས་ཤིང་བསམས་ན་ཚོར་བ་ཡོད་པ་འདྲ།།
རྩེ་ཞོར་དགོད་ཞོར་ཆགས་ཉམས་ཆགས་གཏམ་ཐོན།།
གོམས་ཀྱིན་གོམས་ཀྱིན་ཕན་ཚུན་འདང་ཇེ་ཆེ།།
སྤྱིར་ན་དྲྭ་བའི་འཇིག་རྟེན་ལྐོག་གྱུར་རེད།།
ཁ་པར་འཆར་ཤེལ་རེ་རེའི་རྒྱབ་ལོགས་སུ།།
གང་ལ་མོས་ན་དེ་ཉིད་ཐོབ་འདོད་པའི།།
འཇིགས་སུ་རུང་བའི་རྔོན་པ་རེ་རེ་ཡོད།།
མ་གཞི་ང་ལ་དེ་འདྲའི་ཐེ་ཇུས་དང་།།
བསླབ་བྱའི་ཚུལ་དུ་ཁྱེད་ལ་ལམ་སྟོན་པར།།
རྣམ་དཔྱོད་མེད་ཅིང་ཐོབ་ཐང་མེད་ནའང་།།
ཁྱེད་ལ་དུངས་པའི་རྐྱེན་གྱིས་འབྲི་དགོས་ཆགས།།
ཁྱེད་ཡང་ང་ཡི་སེམས་ཀྱི་ཏིག་ཏིག་བོ།།
ལྷན་དུ་འགྲོགས་ཤིང་མཉམ་དུ་ཉལ་ན་འདོད།།
དགའ་བའི་བུ་ག་དེའི་ནང་སྐྱེས་ནའམ།།
ཡང་ན་དེ་ཡི་ནང་དུ་འཇུག་ན་འདོད།།
མདང་དགོང་རྨི་ལམ་ངོགས་སུ་ཡང་ཡང་དུ།།
ཁྱེད་ཀྱི་སྐུ་ལ་མཇལ་བར་གྲངས་ཀ་མེད།།
ཁྱེད་དང་ལུས་འབྲེལ་བྱས་པའི་རྨི་ལམ་རྨིས།།
བསྐྱར་དུ་ལུས་འབྲེལ་བྱེད་པར་སྟབས་ཀ་འཚོལ།།
ཁྱེད་ལ་མགོ་དཀྲིས་དམར་པོ་ཡོད་པ་འདྲ།།
དེ་ཉིད་རླུང་གིས་ཁུར་བར་ཁོང་གིས་བརྙབས།།
བསམ་ན་ཁྱེད་ཀྱིས་བསམ་བཞིན་བསྐུར་བ་འདྲ།།
ང་དང་ཁ་བརྡ་བྱེད་འདོད་རྣམ་པ་བསྟན།།
འདྲེ་ཐོས། ༢༠༡༨།༡༠།༡༣ ལ།
སྐྱབས་འགྲོ་དང་བླ་མ།
སྔོན་མར་བོད་ལ་སངས་རྒྱས་དམ་པའི་ཆོས།།
དར་མ་ཐག་དང་ཅུང་ཙམ་དར་བའི་རྗེས།།
སངས་རྒྱས་ཁོ་ནར་སྐྱབས་སུ་གསོལ་བ་ལས།།
ཡོན་ཏན་གཞི་གྱུར་བླ་མ་ཆུང་ངུར་མཐོང་།།
དེའི་ཕྱིར་བླ་མའི་བཀའ་དྲིན་ཡོན་ཏན་བཅས།།
འབངས་ཀྱིས་རྟོགས་ཕྱིར་སྐྱབས་འགྲོའི་ཚིག་བཞིའི་འགོར།།
སྐྱབས་སུ་མཆི་ཡུལ་དང་པོར་བླ་མ་དྲངས།།
གཉིས་པ་དེ་ལ་ད་གཟོད་སངས་རྒྱས་འདྲེན།།
སྤྱིར་ན་སངས་རྒྱས་དེ་ནི་བླ་མའི་གཙོ།།
བླ་མའི་མ་གྱུར་སངས་རྒྱས་ཡོད་རེ་སྐན།།
སངས་རྒྱས་ཡིན་ཞིང་བླ་མ་མིན་པ་དཀོན།།
སངས་རྒྱས་སྐྱབས་སུ་བཟུང་ན་བླ་མའང་བཟུང་།།
ཤོ་ལོ་ཀ་གསུམ་ལས་དང་པོ་དང་གཉིས་པ་གཉིས་ནི་དྲྭ་གྲོགས་ཤིག་གི་གསུང་བཤད་དེ་ཕབ་ཡིན་དང་། ཤོ་ལོ་ཀ་གསུམ་པ་དེ་ནི་འདྲེ་ཐོ་ང་རང་གི་བསམ་ཚུལ་དེ་ཡི་གེར་བཀོད་ཡིན། ༢༠༡༨།༡༠།༡༣།
ཉལ་སའི་ནང་གི་འགན་གཙོ་བོ།
ཉལ་རྒྱུ་ཁོ་ནའི་འགན་ལས་མེད་ཟེར་ན།།
ཉལ་སའི་ནང་གི་འགན་དེ་འགན་མིན་ནམ།།
ཚེ་གྲོགས་མཉམ་དུ་ཚེ་འདིའི་སྐྱིད་པོ་དེ།།
མཉམ་དུ་བསྒྲུབ་རྒྱུའི་འགན་དེ་འཁུར་མིན་ནམ།།
ནུ་མོར་དུངས་བཞིན་ཁྱེད་ལ་དུངས་བའི་ཐོག།
ཕོ་ཡིས་མོ་ལ་དུངས་བའི་དུང་བ་ཡོད།།
དུང་བ་གཉིས་ལྡན་ཞིག་གི་གཅེས་སྐྱོང་ཁྲོད།།
འདོད་པའི་ཚ་བས་བསྲེགས་པར་གྲངས་ཀ་མེད།།
ནུ་མོའི་ཚད་ལ་བཞག་ཡོད་འཇོག་ནའང་འདོད།།
འོན་ཀྱང་ཁྱེད་ཀྱི་སྐྱེ་གཟུགས་འཛུམ་དམུལ་དང་།།
ཁྲ་ཆུག་མིག་གི་མདངས་སོགས་དྲན་པའི་ཚེ།།
ད་ལྟ་ཉིད་དུ་ཁྱེད་དང་འབྲེལ་ན་འདོད།།
ནམ་ཞིག་ཁྱེད་དང་ང་གཉིས་ཕྲད་གྱུར་ཚེ།།
ཁྱེད་སྐུའི་གསང་བའི་གནས་དེར་གནས་མཇལ་དུ།།
དཀའ་བ་དཔག་ཏུ་མེད་པར་བརྒྱུད་དགོས་ཀྱང་།།
ཐེངས་ཤིག་མཇལ་རྒྱུའི་རེ་བ་བཅངས་ནས་ཡོད།།
འདྲེ་ཐོས། ༢༠༡༨།༡༠།༡༣།
མཁས་པ་དང་སློབ་མ།
སྤྲུལ་སྐུ་མཁས་པ་བླ་མ་ཡིན་མདོག་གིས།།
ལུས་ངག་ཡིད་གསུམ་ཁྲེལ་མེད་གྱུར་བྱས་ཏེ།།
རང་གི་སློབ་ཕྲུག་དགེ་ཕྲུག་སློབ་མ་བཞིན།།
མ་བརྩིས་མ་བསྐྱངས་ཚེ་ན་ཉེས་པ་ཆེ།།
སྐྱོན་འཛུགས་ཁྲོད་དུ་ཉེས་པ་ངོས་ལེན་དང་།།
འབངས་ཀྱི་ཁྲོད་དུ་ཉེས་པ་བརྗོད་བྱེད་ཅིང་།།
ཉེས་པར་རན་པའི་ཁྲིམས་ཆད་གཏོང་དགོས་པ།།
རྒྱལ་ཁམས་ཡར་རྒྱས་གཏོང་བའི་ཐབས་ལམ་ཞིག།
ཆོས་ཀྱི་ཉེས་པ་ཕོག་དང་མི་ཕོག་དང་།།
ཆོས་པས་ཉེས་པ་གཏོང་དང་མི་གཏོང་སྟེ།།
ཆོས་པ་དག་གི་ཐུགས་ན་གསལ་ལྷིང་ངེར།།
མི་སྐྱ་འདྲེ་ཐོར་མཚོན་ན་རྒྱུས་མེད་ཅིག།
འདྲེ་ཐོས། ༢༠༡༨།༡༠།༡༤
ང་།
ང་ནི་སྟོང་བ་ཐོས་ཀྱང་སྒྲའང་སྟོང་།།
སྒྲ་ནི་སྟོང་བས་ངག་དང་འབྲེལ་ཡང་སྟོང་།།
ཆོས་ནི་སྟོང་བ་ཤིན་ཏུ་དཔྱད་པས་སྟོང་།།
བདེན་པར་འདོད་པ་སྣང་ངོའི་སྟོང་བས་གྲུབ།།
ང་ནི་མི་རྟག་ནམ་འཆི་ངེས་མེད་རེད།།
ང་ནི་རྫུན་མ་རྒྱལ་ཁུངས་མི་རིགས་གཞན།།
ང་ནི་བཅོས་མ་ཁ་ཁོག་གཉིས་འགལ་རེད།།
ང་ནི་བཟོས་མ་སྣ་ཚོགས་བསམ་བློས་བསྐྲུན།།
ང་ནི་ཡོད་ཀྱང་དོན་གྱིས་ཡོད་མ་ཡིན།།
ཡོད་ཀི་འདོད་པ་སེམས་ལ་སྣང་ཚུལ་ཞིག།
སེམས་དང་བྲལ་ཚེ་ལྷག་མ་བེམ་པོ་ཙམ།།
ང་ཡི་འདུ་ཤེས་ང་ལས་རྒྱང་དུ་ཕྱིན།།
སྨྱོས་འདུག་པའི་འདྲེ་ཐོས་བྲིས། ༢༠༡༨།༡༠།༡༤
ངན་པའི་རང་རྩིས།
ངེད་ཅག་བོད་པའི་རིགས་ནི་རིགས་མཐོ་ཞེས།།
ངན་པའི་རང་བསྟོད་ཡིན་མིན་མི་ཤེས་པའི།།
བསྟོད་པ་དེའི་རིགས་ཅུང་ཙམ་ཐལ་དྲགས་པའི།།
བསམ་ཚུལ་ཕྲན་བུས་འདྲེ་ཐོ་ཡ་མཚན་བཅུག།
མཐོ་སའི་རིགས་སུ་ཚུད་པའི་མི་རིགས་ཤིག།
ཡིན་ཞེས་རེད་ཅེས་རང་གི་རིགས་འདི་ལ།།
མཐོང་ཆེན་དང་ནི་ཞེ་འདང་ཡོད་པ་དེར།།
འདྲེ་ཐོ་དགའ་བར་འོས་པ་འགྲོ་སྟངས་ཤིག།
ངན་པར་རང་རྩིས་ཆེ་བའི་དཔེ་བཞིན་དུ།།
རང་ཉིད་གཞན་ལས་མཆོག་ཏུ་འཛིན་པའི་ནད།།
ནད་ཡམས་ཇི་བཞིན་མང་བོར་ཡོད་གྱུར་ཚེ།།
རྒྱལ་ཁམས་ཡར་རྒྱས་གཏོང་བའི་འགག་རྡོའི་གྱུར།།
དངོས་གནས་གཞན་གྱི་རིགས་ལས་ཕུལ་བྱུང་གི།
རིགས་ཤིག་ཡིན་དང་རིགས་དེ་མཐོ་ཟེར་ན།།
ད་ལྟ་རྒྱལ་ཁབ་དང་ནི་རང་དབང་བཅས།།
གཞན་འོག་ཚུད་ཅིང་གཞན་དབང་འགྲོ་དོན་ཅི།།
དངོས་གནས་གཞན་ལས་ཕུལ་བྱུང་རིགས་ཡིན་ན།།
གཞན་གྱིས་མིག་དཔེར་བལྟ་སའི་རྒྱལ་ཁམས་མཁོ།།
གཞན་གྱིས་ཡིད་སྨོན་བྱེད་སའི་སྡེ་བ་མཁོ།།
གཞན་གྱིས་སེམས་པ་འཆོར་སའི་ཁྱིམ་ཚང་མཁོ།།
འདྲེ་ཐོས། ༢༠༡༨།༡༠།༡༤
ཁྱེད་ནི་ང་ལ་དབྱར་ཁའི་མེ་ཏོག་ཅིག
ཡུན་རིང་ཡུན་རིང་ཞིག་ཏུ་མ་གྲགས་ཀྱང་།།
ཐོ་ཐོའི་སེམས་ན་ཁྱེད་ཉིད་བརྗེད་ཀྱི་མེད།།
སྟོན་ཁའི་ལོ་མ་སེར་པོ་འཐོར་བའི་ཁྲོད།།
ཁྱེད་ནི་སྔར་བཞིན་ང་ཡིས་ལྗང་ཁུར་མཐོང་།།
སྟོན་ཁའི་རླུང་བུ་རྣ་བར་ཤིར་ཤིར་གྲགས།།
སྡོང་འགོའི་ན་ལོ་མིག་ན་ཤུག་ཤུག་ལྷུང་།།
དབྱར་དུས་ལྡེམ་ལྡེམ་གཡོ་བའི་མེ་ཏོག་དག།
ཡིད་ལ་དྲན་ཐེངས་རེ་ལ་ཁྱེད་ཉིད་དྲན།།
ཁྱེད་ནི་ང་ལ་ལོ་མ་ལྗང་ཁུ་སྟེ།།
ཁྱེད་ནི་ང་ལ་དབྱར་ཁའི་མེ་ཏོག་ཅིག།
ཁྱེད་ཉིད་བརྗེད་ཀྱི་མེད་ཅིང་དྲན་གི་ཡོད།།
ཁྱེད་དང་མཇལ་ཚེ་ཁྱེད་ཉིད་སྐྱིད་ལ་འགོད།།
འདྲེ་ཐོས། ༢༠༡༨།༡༠།༡༤
དགེ་བསྙེན་གྱི་སྡོམ་པ།
“གསོད་རྐུ་སྨྲ་དང་ལོག་པར་གཡེམ།།
མྱོས་འགྱུར་འཐུང་བ་ལྔ་སྤོང་བ།།
དགེ་བསྙེན་གྱི་ནི་སྡོམ་པ་འོ།།
སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད།།
ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་།།
སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག།
རྩ་བ་བཞི་ལས་གཅིག་གཉིས་གསུམ།།
འདོད་ལོག་མི་ཚངས་སྤྱོད་སྤོང་དང་།།
སྐྱབས་འགྲོ་ཙམ་གྱི་དགེ་བསྙེན་དུ།།
ཁས་ལེན་རྣམས་དང་གོ་རིམ་བཞིན།།”
རྩ་བ་བཞི་དང་མི་ཚངས་སྤྱོད་པ་བཅས།།
རིང་དུ་སྤངས་པའི་དགེ་བསྙེན་སྡོམ་པ་དེ།།
ཀུན་ལ་བདེ་བ་འབྱུང་བའི་ཉམས་ལེན་ཞིག།
ཀུན་དང་མཐུན་པའི་སྡོམ་པ་ཡ་མཚན་ཞིག།
བཟའ་ཚང་མཐུན་པས་ཁྱིམ་ཚང་བདེ་ལ་འགོད།།
ཁྱིམ་ཚང་བདེ་བས་ཡུལ་དེར་བདེ་སྐྱིད་བསྐྲུན།།
ཡུལ་ཁམས་བདེ་བས་གླིང་འདི་ཞི་བདེའི་ཆགས།།
བསྒྲུབ་འོས་དགེ་བསྙེན་སྡོམ་པ་བདེ་བའི་གཏེར།།
ང་ལ་མཚོན་ན་ད་རུང་ཅུང་ཙམ་དཀའ།།
སྲོག་གཅོད་ལོག་སྨྲ་རྫུན་སྨྲ་རྐུ་ཇག་བཅས།།
ཁྲེལ་མེད་ལུགས་མེད་སྙིང་རྗེ་མེད་མཁན་གྱི།།
ཐ་ཤལ་སྤྱོད་པ་དེའི་རིགས་དོར་ན་ཆོག།
ཡིན་ཡང་བདུད་རྩི་ཆང་གི་བཟི་ཁ་དང་།།
ཐ་མ་ཁ་ཡི་བྲོ་བ་དམིགས་བསལ་བ།།
ལྷག་ཏུ་ན་ཆུང་བུ་མོའི་འདོད་གཏམ་དང་།།
བརླ་ཤ་འཇམ་པོར་འབྲལ་རྒྱུ་ཁག་པོ་ཞིག།
དེ་བས་རེ་ཞིག་དགེ་བསྙེན་སྡོམ་པ་དེ།།
མ་འོངས་བསྒྲུབ་བྱའི་རེའུ་མིག་ནང་དུ་བཀོད།།
ད་ལྟ་ད་རུང་རྣོ་གྲུབ་མདུང་རྩེ་ཞིག།
རི་དྭགས་མིག་ཅན་བརྔོན་ཞིང་བསྣུན་ན་འདོད།།
བསྒྲུབ་པར་འདོད་པའི་དགེ་བསྙེན་སྡོམ་པ་དེས།།
མཐའ་གཅིག་ཡོངས་སུ་འགོག་པར་མི་བྱ་ཞིང་།།
རེ་རེའི་སེམས་དང་གཤིས་ཀར་བསྟུན་བྱས་ཏེ།།
གཅིག་ཏུ་མ་ངེས་གདམ་ང་གནང་བ་རྨད།།
ཕོ་མོ་གང་རུང་གཉེན་སྒྲིག་བྱས་གྱུར་ཚེ།།
གཞན་གྱི་ཆུང་མ་དང་ཁྱོ་ག་ཞེས།།
མི་ཡིས་མི་ལ་བདག་དབང་འཛིན་བཅུག་སྟེ།།
གང་རུང་ཞིག་ལ་འབྲེལ་ཚེ་ལོག་གཡེམ་བརྗོད།།
མི་ནི་སྐྱེ་དུས་གཅིག་བུར་སྐྱེས་ནས་ཐོན།།
རྗེས་སུ་འགྲོ་སྐབས་འགྲོགས་མཁན་མེད་ཅིང་ཕྱིན།།
དེ་ཡི་ཆུང་མ་དང་ནི་ཁྱོ་ག་ཞེས།།
བདག་ཏུ་འཛིན་པ་དོན་གྱིས་ནོར་འཁྲུལ་ཞིག།
དེ་བས་ཕོ་མོ་གང་རུང་གྲུབ་པ་ཡི།།
ཆུང་མ་དང་ནི་ཁྱོ་ག་གང་རུང་གིས།།
ཆུང་མ་གཞན་དང་ཁྱོ་ག་གཞན་མཉམ་དུ།།
འདོད་པར་སྤྱད་པར་ལོག་གཡེམ་བརྗོད་མི་བྱ།།
ཕ་མ་གཅིག་ལས་སྐྱེས་པའི་མིང་སྲིང་གིས།།
ཕན་ཚུན་འཁྲིག་སྤྱོད་བྱས་ཚེ་ལོག་གཡེམ་དང་།།
ཕ་སྤུན་མ་སྤུན་ཁྲག་རྒྱུད་གཅིག་པ་ཡི།།
གཉེན་ཉེའི་བར་གྱི་འཁྲིག་སྤྱོད་ལོག་གཡེམ་ཡིན།།
དེ་ལྟར་བསམ་ན་མི་ཚངས་སྤྱོད་པའི་སྡོམ།།
སྣ་ཁ་གཅིག་ལ་དྲངས་ཏེ་བླངས་ན་ཆོག།
ཉི་མ་དེ་རིང་ནས་བཟུང་འཆི་བའི་བར།།
ལོག་གཡེམ་བྱེད་རྒྱུ་མིན་པར་དམ་བཅའ་འཇོག།
འདྲེ་ཐོས། ༢༠༡༨།༡༠།༡༥
བརྔོན་ན་འདོད་པའི་རི་དྭགས་མིག་ཅན་མ།
ཤིན་ཏུ་ན་ཆུང་ཡིན་པའི་དུས་ཤིག་ལ།།
ངའང་ཕོ་གསར་ཡིན་པའི་སྐབས་ཤིག་ལ།།
ཁྱེད་སྐུ་མཐོང་བར་གྲགས་ཀ་ལོན་རྒྱུ་དཀའ།།
དེ་དུས་ཁྱེད་ཉིད་སྙིང་རྗེ་སྙིང་རྗེ་ཞིག།
རྗེས་སུ་ཡུན་རིང་ཞིག་ཏུ་འབྲེལ་བ་བརླགས།།
གོ་རྒྱུ་ཚོར་རྒྱུ་མེད་པར་ལོ་མང་འགྱངས།།
དེ་རིང་བསྐྱར་དུ་ཁྱེད་སྐུར་མཇལ་རྒྱུ་བྱུང་།།
ཁྱེད་ནི་བརྔོན་ན་འདོད་པའི་རི་དྭགས་ཤིག།
ཡིན་ཡང་དགེ་བསྙེན་སྡོམ་པར་འགལ་མིན་ཞེས།།
སྣ་གཅིག་དྲངས་པ་ཁྱེད་ཀྱིས་མཐོང་ཡོད་འདྲ།།
སྲོག་རྐུ་སྨྲ་དང་མི་ཚངས་སྤྱོད་པ་ལས།།
གཅིག་དེ་སྤང་བྱའི་ཡུལ་དུ་བཞག་ཡོད་ཀྱེ།།
ཐོ་ཐོས། ༢༠༡༨།༡༠།༡༥
ནག་ཚང་བུ་མོའི་མཚན་དཔྱད།
ནག་པོའི་ཚང་ན་ཉར་བའི་བུ་བུ་མོ།།
དོན་གྱིས་དམར་པོ་ཞིག་གི་ཁུགས་སུ་བསྟིམས།།
འོན་ཀྱང་མང་བོ་ཞིག་གིས་ཚོར་གྱི་མེད།།
ཡིན་ཡང་ནག་ཚང་བུ་མོ་ཁྱེད་ཀྱིས་རྟོགས།།
གསང་བའི་ལམ་དང་སྨྲ་བའི་ལམ་གཉིས་ནས།།
ཐོན་རྒྱུ་མི་འདྲ་ཁ་ཁ་ཡིན་ནའང་།།
གཉིས་ཀར་འདྲ་ས་ཡོད་ཚེ་གཅིག་ཏུ་འཛིན།།
གཅིག་ཏུ་བཟུང་བ་གང་ཡིན་རང་བློས་དཔྱོད།།
ཅེས་འདྲེ་ཐོའི་སྙན་ངག་དང་། འདྲེ་ཐོ་ངའི་སྐོར་གླེང་བའི་མཚམས་དེ་འདི་ནས་འཇོག་པར་བྱའོ། འདྲེ་ཐོས། ༢༠༡༨།༡༠།༡༥
མི་གཞི་ཟེར་བ་དང་རིག་གནས།
མི་གཞི་བཟང་བ་ཟེར་བ་དོན་གྱིས་བཟང་ཙམ་ཞིག།
རིག་གནས་ཅི་ཡང་མེད་ཚེ་བཟང་ཕྱོགས་བསྒྲུབས་བྱས་ཀྱང་།།
བསྒྲུབ་བྱར་བསྒྲུབས་པའི་འབྲས་བུ་དེ་ཙམ་སྨིན་མི་ནུས།།
སྨིན་ཡང་ས་ཆའི་ཚོད་ཀྱི་རི་དྭགས་ཞེས་པའི་དཔེ་བཞིན་ནོ།།
འགྲོ་བ་མི་ཡི་རང་བཞིན་བྱམས་བརྩེ་ཅན།།
བརྒྱུད་ན་སྙིང་རྗེ་ལྡན་པ་དཔྱད་པས་ཚོར།།
མཐའ་གཅིག་ངན་པ་བརྒྱ་ཆའི་ཉུང་ཤས་སྟེ།།
དེ་བས་རིག་གནས་དེ་ནི་གཙོ་བོར་འདོད།།
མི་གཞི་བཟང་བ་ཟེར་བའི་བཟང་དེ་ནི།།
དོན་གྱིས་ནུས་པ་ཞན་པའི་གཤིས་ཀ་ཞིག།
དེ་ལ་བསམ་བློ་དང་ནི་ཤེས་ཡོན་གྱིས།།
རམ་འདེགས་ཅི་ཡང་མེད་ཚེ་མིང་ཙམ་ཞིག།
མདོར་ན་མི་གཞི་བཟང་ངམ་མི་བཟང་ཞེས།།
བརྗོད་པར་དཀའ་ཞིང་དཔྱད་པར་ཤིན་ཏུ་དཀའ།།
སྣ་གཅིག་བཟང་ཞིང་སྣ་འགའ་བཟང་བ་ཡོད།།
ཡོངས་རྫོགས་བཟང་བ་གཅིག་རེ་གཉིས་རེ་བཞུགས།།
འདྲེ་ཐོས། ༢༠༡༨།༡༠།༡༦།
ཤོ་རྡེའུ་ལས་ཐོན་པའི་མི་སེམས།
ངག་སྒོ་གདངས་བ་ཙམ་དང་སྨྲ་ལྕེ་འགུལ་ཙམ་གྱིས།།
སྤྲུལ་སྐུ་མཁའ་འགྲོའི་རིགས་ལ་དམའ་འབེབ་བགྱི་སྤྲོ་བའི།།
ཕོ་མོ་རྒན་གཞོན་སྐྱ་སེར་བསྲེས་མ་ཡིས།།
དེ་རིང་རང་ཉིད་སྤྲུལ་བའི་སྐུ་ལ་བསམས།།
འདོད་པས་སྨྱོས་ཀྱང་འདོད་པ་སྦས་དགོས་ཤིང་།།
ཉམས་ལེན་ཁྲོད་དུ་འདོད་པ་སྤང་དགོས་པའི།།
རབ་བྱུང་བཙུན་མ་དེ་དག་སྙིང་རེ་རྗེ།།
དོན་གྱིས་དམར་པོ་ཞིག་གིས་གཡོགས་པ་ཙམ།།
སྙན་ངག་ཡིན་མིན་ཞེས་པ་ཚོར་བ་ཞིག།
ཀློག་མཁན་རེ་རེར་བསམ་ཚུལ་འདྲ་མིན་རེ།།
ཁྱེད་ཀྱིས་ཟླ་བ་མཐོང་ན་དགའ་མ་དྲན།།
ང་ཡིས་ཟླ་བ་མཐོང་ན་བག་ལེབ་དྲན།།
རང་ཉིད་ཆེ་ན་འདོད་ཅིང་མཐོ་ན་འདོད།།
རང་ཉིད་སྤྲུལ་བའི་སྐུ་ལ་བཟུང་ན་འདོད།།
དོན་གྱིས་རྫིག་པོ་བྱེད་ན་འདོད་པ་ཞིག།
འདི་ནི་དེང་དུས་བོད་མིའི་གཤིས་ཀ་ཞིག།
བལྟས་ན་རྩེད་མོ་ཙམ་དུ་སོང་ནའང་།།
དོན་གྱིས་རང་ཉིད་རྒྱལ་པའི་ཤོ་རྡེའུ་ཞིག།
འབབ་ན་བསམ་པ་ཀུན་གྱི་འདོད་ལོ་ཞིག།
དེ་ཡིས་རེ་རེའི་བསམ་བློ་དམར་རྗེན་ཕུད།།
དེའི་ཕྱིར་གཞུག་མ་ནས་བཟུང་ཚོམས་འདི་རུ།།
སྤྲུལ་སྐུ་མཁའ་འགྲོའི་རིགས་ལ་མི་དམོད་རོགས།།
དེ་དག་བཟང་ངན་ཅི་ཡང་མི་གླེང་རོགས།།
རང་ཁ་རང་གིས་བཀག་སྟེ་བཞུགས་རོགས་གསོལ།།
ཐོ་ཐོས། ༢༠༡༨།༡༠།༡༨
འདྲེ་ཐོའི་བསམ་ཚུལ།
ཐེ་ཇུས་ཤིན་ཏུ་བྱས་ཚེ་ཤིན་ཏུ་ནས།།
ཇུས་གཏོགས་ཆེ་རུ་འདོད་ཅིང་བསྲུང་མི་བྱ།།
མི་ལ་སྤེལ་བའི་ཆོས་ཤིག་ཡིན་གྱུར་ན།།
མི་ཡི་ཁམས་དང་ལུགས་ལ་བསྟུན་པར་བྱ།།
བསྟུན་མཁས་བསྟུན་ཤེས་དེ་ལ་དེ་འཚམས་གྱིས།།
ཆོས་དག་མི་ལ་བསམས་ཤིང་སྤེལ་རྒྱུ་གཙོ།།
དེ་མིན་ཁྲིམས་བཞིན་ཧ་ཅང་ཐལ་དྲགས་ན།།
སྨྲ་ཞུ་འགལ་་ཟླར་འགྲོ་བའི་རྒྱུ་རུ་གྲུབ།།
འདྲེ་ཐོས། ༢༠༡༨།༡༠།༡༨
མོ་ནི་མེད་ཚེ་གོ་ལ་གྲང་བསིལ་བསིལ།
མོ་དྲི་མེད་པས་ལྗགས་སྣེ་བསྲིང་ས་དང་།།
ལྗགས་དང་འབྲེལ་ནས་མོ་རིགས་བརྗོད་རྒྱུ་བཅས།།
ལྗགས་མང་འདུས་སའི་ཚོམས་འདིར་མེད་པ་སྐྱོ།།
མོ་ནི་མེད་ཚེ་གོ་ལ་གྲང་བསིལ་བསིལ།།
ལྗགས་རྩལ་སྟོན་མཁས་བསྟན་ནའང་འདོད་མཁན་གྱི།།
ཕོ་གསར་སྟག་འདྲ་གཟིག་འདྲ་ཡོད་ཀྱང་རུང་།།
མོ་གསར་མེད་པས་རང་གི་ཁྱད་ཆོས་དེ།།
ངོམ་ས་མེད་པས་རེ་ཞིག་ལེ་ལོས་མནན།།
མོ་ནི་འཇིག་རྟེན་ཕྱེད་ཀའི་འབྱུང་ཡུལ་ཏེ།།
འགྲོ་བ་མི་ཡི་རིགས་དེ་མོ་ལས་བྱོན།།
མི་ཡི་བསམ་བློ་མི་ཡིས་བསྒྲུབས་པ་བཅས།།
ཚོར་རྒྱུ་འཛིན་རྒྱུ་ཡོད་ཀྱང་ཁུངས་ནི་མོ།།
མོའི་རིགས་མེད་ཚེ་མིའི་རིགས་ཡོད་མ་ཡིན།།
མིའི་རིགས་མེད་ཚེ་རྟོགས་པའི་ཤེས་པ་བཅས།།
བརྟེན་སའི་ཡུལ་ལམ་གཞིའམ་ལུས་ཀྱང་མེད།།
མེད་པས་ཡོད་མེད་རྟོགས་ཤེས་གནས་མེད་ཅིག།
མི་ཚེ་ཟེར་བ་རྨི་ལམ་ཙམ་དང་དུས་ཡུན་ཐུང་།།
འཚོ་བ་ཟེར་བ་དགའ་སྐྱོ་ཆགས་སྡང་འདྲེས་མ་ཞིག།
གང་ཞིག་བསྒྲུབ་འདོད་ཡང་ན་སུ་དང་འགྲོགས་འདོད་པའི།།
ཚོར་བ་དེ་འདྲ་བྱོན་ཚེ་ཐེ་ཚོམ་མེད་པར་གྱིས།།
འདྲེ་ཐོས། ༢༠༡༨།༡༠།༡༧
རྨི་ལམ་དང་མ་འོངས་པའི་ལམ།
རྨི་ལམ་ཡག་པོ་ཞིག་གི་རྫ་ལམ་དུ།།
རི་དྭགས་མིག་ཅན་ཁྱེད་སྐུའི་སྒེག་ཉམས་ཀྱིས།།
རྨི་ལམ་ནང་གི་རྔོན་པ་གང་ཞིག་གིས།།
མིག་གིས་མདའ་མོ་འཕངས་པར་བསུ་རོགས་ཞུ།།
སྔོན་མར་རང་གི་ལྟེ་ཁྲག་འཕོས་ས་དེར།།
མཚན་རེའི་རྨི་ལམ་ངོགས་ནས་ཡང་ཡང་དུ།།
ཐོན་ན་བསམས་ཤིང་འགྲོ་དང་འགྲོ་བཞིན་ཡོད།།
གཞུག་མར་ཤི་རྗེས་ལམ་དེ་བརྙེད་ཕྱིར་ལགས།།
རྣམ་ཤེས་འདི་ཉིད་གཞུག་མ་འགྲོ་སའི་ཁམས།།
ང་རང་སྐྱེ་སར་དངོས་སུ་མ་ཕེབས་ཀྱང་།།
བོད་ཁམས་ཡིན་པའི་ས་ཕྱོགས་གང་ཞིག་ལ།།
ཕེབས་པར་སྨོན་ཞེས་སྨོན་ལམ་ཐེངས་གསུམ་རྒྱག།
མ་འོངས་མདུན་ལམ་ཟེར་ན་ངས་མི་ཤེས།།
མདུན་ན་ལམ་ཞིག་ཡོད་པ་ཕྱི་མའི་ལམ།།
ལམ་དེར་འཇུག་མཁན་ང་ཡི་རྣམ་ཤེས་ཏེ།།
དེ་ནི་ང་ཡི་མ་འོངའ་མདུན་ལམ་ལགས།།
འོན་ཀྱང་ད་རུང་ང་ནི་བདེ་ཐང་ངང་།།
ལམ་དེར་འགྲོ་རྒྱུའི་དུས་ལ་བསླེབ་མེད་འདྲ།།
མི་འགྲོ་འདོད་ཚེ་རང་དབང་ཡོད་གྱུར་ན།།
ང་ལ་དེ་འདྲའི་རང་དབང་ཐོབ་པར་ཤོག།
འདྲེ་ཐོས། ༢༠༡༨།༡༠།༡༩
རྨི་ལམ་དང་གཟི།
མདང་དགོང་རྨི་ལམ་ངོགས་སུ་ཡུར་སྐོར་སྤྲོ་འཆམ་ཕྱིན།།
ཁང་ཆེན་ཞིག་གི་ནང་དུ་འགྲོ་བའི་སྣང་ཚུལ་ཤར།།
གང་ཕྱོགས་འགྲོ་དགོས་མ་ཤེས་ཡར་རྒྱུག་མར་རྒྱུག་བྱེད།།
ཁང་པ་ཆེན་མོ་དེའི་ནང་ཁང་མིག་མང་བོ་ཞིག།
མང་ཕྱོགས་སྟོང་བ་ཡིན་ཞིང་ཚོགས་ཁང་ཡིན་པར་བསམ།།
ཁང་པའི་རྩིག་པའི་ཁ་དོག་དམར་ནག་ཡིན་པ་འདྲ།།
དེ་ལྟར་ཁང་ཆེན་དེའི་ནང་རྒྱུག་འདུར་བྱེད་ཞོར་དུ།།
ཁང་པའི་ཕྱི་རོལ་འགྲོ་སའི་སྒོ་ཞིག་འཚོལ་སྣང་ཤར།།
གློ་བུར་ཆུ་ཕྲན་ཆུང་ཆུང་རྡོ་ཡིས་གང་བ་ཞིག།
མིག་གིས་མཐོང་སའི་མདུན་དུ་དལ་མོའི་ངང་ནས་བཞུར།།
དེ་ཡི་ཉེ་འགྲམ་བསླེབས་ཚེ་ཆུ་ནང་རྡོ་ཡི་བར།།
ཁ་དོག་དཀར་ནག་ཅན་གྱི་གཟི་ཞིག་ཡོད་པ་མཐོང་།།
སེམས་པ་སྤྲོ་བའི་ངང་དང་ཡ་མཚན་ཐེ་ཚོམ་ངང་།།
གཟི་དེར་བརྙབས་ཤིང་ཧེབ་དང་བཅས་ལྷན་བལྟས་པའི་ཚེ།།
དེ་ནི་དཀར་ནག་འདྲེས་མའི་གཟི་མིག་གསུམ་པ་ཞིག།
གང་ལྟར་མཐའ་མཇུག་རང་གི་རུམ་དུ་བཅུག་སྣང་རྨིས།།
མདང་དགོང་རྨི་ལམ་ནང་གི་ང་ཡི་ལུས་ཐོག་ཏུ།།
ནུབ་ལྭ་རྒྱ་ལྭ་མ་ཡིན་འབྲོག་པའི་པགས་རྩག་འདུག།
བསམས་ན་གཞུག་མ་རྣམ་ཤེས་འདི་ཉིད་འགྲོ་བའི་ཚེ།།
བོད་པའི་པགས་རྩག་གྱོན་ནས་བོད་ལ་འགྲོ་ས་རེད།།
འདྲེ་ཐོས། ༢༠༡༨།༡༠།༢༠
ལུས་སེམས་ནི་ཞིང་ས་གསར་པ་ཞིག
ང་ཚོའི་ཐོག་མའི་ལུས་སེམས་འདུ་ཤེས་བཅས།།
བྱམས་ཤིང་གཙང་བའི་ཞིང་ས་གསར་པ་ཞིག།
ཤེས་རབས་ཉོན་མོངས་བཅས་་ནི་ས་བོན་ཏེ།།
འདེབས་མཁན་རང་ཉིད་ཐོན་ཁུངས་གཞན་ནས་སོ།།
ས་བོན་གང་ཞིག་ལེན་དང་ཇི་ལྟར་འདེབས།།
ས་བོན་གང་ལ་མོས་དང་གང་ནས་ལེན།།
ས་བོན་འདེབས་མཁན་རང་གིས་དཔྱད་རྒྱུ་གཙོ།།
ས་བོན་ལས་བྱོན་འབྲས་བུར་མང་བོས་སྤྱོད།།
སྤྱིར་ན་སྲིད་འདིར་དགྲ་དང་གཉེན་པོའི་ཚོགས།
བཟང་ངན་ཡག་བཙོག་དྲང་དང་མི་དྲང་དང་།།
དཀར་ཕྱོགས་ནག་ཕྱོགས་དག་མ་བཅོས་མ་བཅས།།
ཚང་ཀ་ཤིག་ཤིག་མིའི་སེམས་འཕྲོག་པར་གཉེར།།
འདྲེ་ཐོས། ༢༠༡༨།༡༠།༢༡
མདང་དགོང་ཆུང་མ་དང་མཉམ་དུ།
འདོད་སྤུ་གྱེན་དུ་བསྒྲེངས་ཤིང་སྒེག་ཉམས་དང་བཅས་ཆགས་པའི་གར་ལ་རྩེན་པའི་གསེང་།།
ལྕེ་ཡིས་གར་སྟབས་ངོམ་ཞིང་འཁུན་སྒྲ་སྙན་མོས་རམ་འདེགས་ང་ཡིས་བྱེད་བཅུག་ཅིང་།།
དྲག་ཏུ་སྨྱོས་ཤིང་རྫིང་བུར་འཇུག་འདོད་ཉ་བོ་ཆེ་དེའི་ཁྲག་ཤེད་འཕར་གྱུར་ཚེ།།
དུང་ལྟར་དཀར་བའི་སྨྱོས་བུམ་གྱིས་ནི་མགོ་བོ་གཡུག་གཡུག་ང་ལ་བསུ་མ་བྱེད།།
འདྲེ་ཐོས། ༢༠༡༨།༡༠།༢༤
སྐད་ཅིག་གནས་ཞོར་སྐད་ཅིག་འཇིག་ཞོར་གནས།།
འཛིན་རྒྱུ་མེད་ཅིང་མཐོང་རྒྱུ་མེད་པ་དང་།།
རེག་རྒྱུ་མེད་ཅིང་ཐོས་རྒྱུ་མེད་ནའང་།།
ཡོད་པར་སྙམ་པའི་སྐད་ཅིག་མ་ཡི་ནང་།།
ང་ཡི་ཚོར་ཤེས་ཁྱེད་དང་འབྲེལ་ནས་ཡོད།།
དངོས་སུ་མཇལ་ཚེ་མངོན་སུམ་མཐོང་བར་སྣང་།།
ཕན་ཚུན་འཁྱུད་ཚེ་དངོས་སུ་རེག་པར་སྣང་།།
ཡིད་ཀྱི་ཚད་མ་འབྲེལ་ས་སྣང་བ་ཙམ།།
སྣང་ངོར་གྲུབ་པའི་གཟུགས་ཤེས་ཚད་མར་གྲུབ།།
དེ་ལྟར་བསྒོམས་ཤིང་དེ་བཞིན་ལོངས་སྤྱད་ཚེ།།
གོ་ལ་གཞན་དུ་ཡོད་ཀྱང་ཐོགས་པ་མེད།།
རྣམ་ཤེས་ལྟ་བའི་ཚོར་ཤེས་མངགས་བྱས་ཏེ།།
མཉམ་དུ་སྦྱོར་བའི་འདོད་པར་རོལ་ཡང་ཆོག།
དེ་བས་ང་ནི་འདི་དང་དེ་ན་གནས།།
ཕྱི་དང་ནང་དུ་གང་ཡོད་བསྒོམས་པར་གནས།།
སྟོང་བའི་ཁམས་སུ་རླུང་དང་འགྲོགས་ནས་གནས།།
སྐད་ཅིག་གནས་ཞོར་སྐད་ཅིག་འཇིག་ཞོར་གནས།།
འདྲེ་ཐོས། ༢༠༡༨།༡༠།༢༧
ངའི་སྐྱེ་སྐར།
ཆེས་ཐོག་མར།
གང་ཞིག་གམ་སུ་ཞིག་ལ་སྐྱེས་པ་སུས་ཀྱང་མི་ཤེས་སྙམ།
ཆེས་མཇུག་མཐར།
ཇི་ལྟར་མེད་འགྲོ་བའམ་ཚར་འགྲོ་བ། ཡང་ན་ཤི་འགྲོ་བའང་སུས་ཀྱང་འཆད་དཀའ་སྙམ།
གང་ལྟར་འགའ་རེ་སྐྱེ་བཞིན་པའི་ཞོར།
འགའ་རེ་འཆི་བཞིན་པའི་སྒང་།
འགའ་རེ་རྒུད་བཞིན་པའི་སྐབས།
འགའ་རེ་དར་བཞིན་པའི་སྒང་།
སྐྱེས་ཕྱིན།
བར་མཚམས་ཀྱི་བརྒྱུད་རིམ་ལས།
ཐོག་མའི་སྐྱེ་སྟངས་དང་སྐྱེ་ཡུལ་ལ་འཁང་ར་བྱེད་རྒྱུར་གོམས།
སྐྱེ་དུས་ནས་རང་གི་རྒྱལ་ཁབ་དེ་བརླགས་ཡོད་རྐྱེན།
མིང་དོན་མཚུངས་པའི་ཐོབ་ཐང་ལག་ཁྱེར་ཞིག་རེག་མྱོང་མེད།
སྐྱེས་མ་ཐག་ནས་རང་ཉིད་ལ་རྒྱལ་ཁུངས་མེད་རྐྱེན།
མི་རིགས་གཞན་ཞིག་གི་ཐེལ་ཙེ་ལ་བརྟེན་ཏེ།
རང་ཉིད་ཀྱི་སྐྱེ་སྐར་ལ་བདེན་དཔང་བྱེད་དུ་འཇུག་དགོས་ཆགས།
མདོར་ན། སྐྱེ་ཉིན་དེ་ནས་བཟུང་། ང་རང་།
གཞན་དབང་དུ་ཚུད་པའི་“གྲངས་ཉུང་མི་རིགས་”ཟེར་བ་དེའི་གྱུར།
དོན་གྱིས། ཕ་མེས་ཡང་མེས་ཀྱིས་གནང་བའི།
ས་གཞི་ཆེན་པོའི་དེའི་སྟེང་།
ང་ནི་“ གྲངས་ཉུང་མི་རིགས་”ལ་བསྒྱུར།
དེ་ལྟར་སྐྱེས་ཕྱིན།
ངས་“གྲངས་ཉུང་མི་རིགས་”ཟེར་བའི་མིང་དེ་ཁུར་ནས།
རང་གི་རིགས་དང་རྒྱལ་ཁབ་ཀྱི་ཕྱོགས་ལ།
“འདོད་ཆུང་ཆོག་ཤེས་”བྱེད་དགོས་ཆགས།
རིམ་གྱིས།
ངའི་ལུས་སེམས་གཉིས་ལ།
དམར་མདངས་ཀྱི་ཚོན་རྩི་བསྐུས་ནས་བསྒྱུར་རྩིས་བྱེད།
རིམ་གྱིས།
ངའི་ཕ་མེས་ཡང་མེས་ཀྱིས་བསྐྲུན་པའི་ཕོ་བྲང་དཀར་དམར་དེ།
མེ་སྒྱོགས་ཀྱི་ཁ་ནས་གཏོར་མྱོང་བའང་བརྗེད་རྩིས་བྱེད།
མེ་ནང་གི་གླེགས་བམ་དེ་དག
མེ་ནང་གི་བེམ་པོས་ཚབ།
མེ་མདའི་རྩེ་གྲིའི་འགོ་ཡི་ཐང་གའང་།
མི་ངོ་མའི་ལུས་པོས་ཚབ།
བོའུ་སྐད་དང་རྒྱ་སྐད་གཉིས།
གཅིག་འཕྲོར་གཅིག
ཉིན་ཁར་མཚན་བྱས་ནས།
གཡོ་སྒྱུས་ཁེངས་པའི་འཛུམ་དམུལ་གྱིས་དང་།
འཇིགས་སྣང་གིས་ཁེངས་པའི་ཁོར་ཡུག་དེས།
ཟུང་འབྲེལ་དང་སྔ་རྗེས་བྱས་ཏེ།
ངའི་བསམ་བློ་དང་སེམས་པ་དམ་པོར་བཀྱིགས།
ང་དང་ངའི་སྤུན་ཟླ་མང་བོ་ཞིག
ཇོ་བོའི་ཕ་ཡུལ་དུ་འགྲོ་དགོས་ཆགས།
ཡུལ་གྱར་བའི་མིང་དེ་ཁྱེར།
བཙན་བྱོལ་བའི་མིང་དེ་ཁུར།
ལུང་པ་གཞན་ཞིག་གིས་གཅེས་སྐྱོང་དང་ཐུགས་འཁུར་འོག
རྨི་ལམ་དང་འཆར་སྣང་ལ་བརྒྱུད་དེ།
མེས་པོ་དག་གི་ངག་རྒྱུན་དུ་ཡོད་པའི་བཙན་པོའི་དུས་རབས་དེར།
ཡང་དང་བསྐྱར་དུ་བསླེབས།
ཐོ་ཐོས། ༢༠༡༨།༡༠།༢༨
ཞི་མོ་ངོ་ཤེས་ཤིག་ལ་བྲིས།
སྒོར་སྒོར་ཟླ་བའི་ཞལ་རས།།
མུན་ནག་ནང་གི་སྒྲོན་མེ།།
མཛེས་མ་ཁྱེད་ཀྱི་ངོ་གདོང་།།
རྨི་ལམ་ནང་གི་ཟླ་བ།།
རྨི་ལམ་འཇིག་རྟེན་གཞན་ཞིག་རེད།།
དེ་ན་ཉི་ཟླ་སྐར་གསུམ་མེད།།
མུན་ནག་འགྲིམ་པའི་རྣམ་ཤེས་དེས།།
ཁྱེད་གདོང་རྨིས་པས་ཟླ་བར་བསྒོམས།།
ཐོ་ཐོས།༢༠༡༨།༡༠།༣༠
ཡིག་ལན།
གོ་སོང་བུ་ལོ་ཁྱེད་གསུང་ཡིད་ལ་འཛིན། །
ཤེས་སོང་བུ་ལོ་ངོ་མའི་གནས་ལུགས་ལྡན། །
བསླབ་བྱ་ལམ་སྟོན་གནང་བར་ཐུགས་རྗེ་ཆེ། །
སྐུ་ཉིད་ནམ་ཡང་བདག་གི་སྐྱབས་མགོན་ལགས། །
ཁྱེད་ཀྱི་བསླབ་བྱར་འོ་མའི་དྲི་ངད་ལྡང་། །
ཁྱེད་ཀྱི་ལྷག་བསམ་ཟླ་བའི་མདངས་ལ་འཁུ། །
ཁྱེད་ཉིད་ཡོད་པས་ང་ཡི་འཇིག་རྟེནའང་། །
འོད་ཀྱི་ཀློང་ན་ཟེར་བརྒྱ་འཕྲོས་བསྡད་ཡོད། །
ལས་དང་རྐྱེན་གྱིས་འཕྲད་པའི་ཚེ་རིང་བོ། །
འཚོ་བར་བློ་མིག་ལྡོངས་བའི་འབྲོག་ཀློའུ་མར། །
གྱ་གྱུ་མང་བའི་འཁོར་བའི་རབ་ཁ་ནས། །
བརྩེ་བས་སྐྱོངས་ལ་གདོང་གྲོགས་མཛོད་ཅིགའང་། །
དབྱིངས་འཕུར་ལྷ་མོས།་བྲིས། ༢༠༡༨-༡༠-༣༡ ལ།
བརྩེ་བ།
འཚོ་བའི་ཁྲོད་དུ་འཚོ་བ་ཡིས།།
འཚོ་བཞུགས་མིའམ་ངེད་ཅག་ལ།།
བསླབས་ཤིང་བསྟན་པའི་བརྩེ་བ་དེ།།
ཕན་ཚུན་རྟག་ཏུ་གཟིགས་ཙམ་མིན།།
ཁ་ཕྱོགས་གཅིག་ཏུ་གནས་གྱུར་པའི།།
མ་འོངས་རྒྱང་རིང་བྱ་གཞག་གང་།།
མཉམ་དུ་བསྒྲུབ་འདོད་རེ་སྨོན་དེ།།
གཅིག་ཏུ་སྦྲེལ་བ་བརྩེ་བའི་མཆོག།
ཞེན་ཆགས།
སེམས་པ་ཁྱོད་ལ་འཁྲེང་ནས།།
ཕྱིར་མིག་ལན་གསུམ་ཤོར་སོང་།།
རྡོག་ལམ་མིག་གིས་འཚོས་ཀྱང་།།
ལམ་མགོ་ཆོད་པ་མ་བྱུང་།།
ལན་གསུམ་ཕྱིར་མིག་ཤོར་སའི།།
སྟག་ཤར་གཞོན་ནུ་དེ་ཉིད།།
ང་རང་ཡིན་ན་བསམ་བྱུང་།།
ཁྱེད་ཀྱི་བཞུགས་ཡུལ་གང་ཡིན།།
ཡུལ་འདི་ཆ་མེད་རྒྱུས་མེད།།
མི་ཚོགས་འདུ་འཛི་རྒོད་པ།།
ཡིན་ཡང་ཁྱོད་རང་མཐོང་བས།།
ཡུལ་འདི་ཆ་ཡོད་འདྲ་འདྲ།།
ཆ་མེད་རྒྱུས་མེད་ཡུལ་འདིར།།
བོད་པའི་བུ་མོ་ཉུང་ཉུང་།།
མི་ཚོགས་ཁྲི་འབུམ་འདུས་ཀྱང་།།
སེམས་གཏམ་བཤད་ས་རེག་དཀའ།།
ང་ཡི་མིག་ལ་ཐོགས་པའི།།
ཡིད་འོང་སེམས་ཀྱི་གཞོན་ནུ།།
ཞེ་མཐུན་དགའ་རོགས་ཨེ་ཡོད།།
ཚེ་གཅིག་བཟའ་ཚང་ཨེ་ཡོད།།
ཞེ་མཐུན་དགའ་རོགས་བཤད་ན།།
ཚེ་གཅིག་བཟའ་ཚང་ཡོད་པས།།
དགའ་རོགས་རེག་རྒྱུ་དཀའ་མོ།།
རེག་ཀྱང་འགྲོགས་རྒྱུ་དཀའ་མོ།།
རང་དབང་ལྷ་མོ་ལགས་ལ་ཐོ་ཐོས་བཏབ་པའི་ངག་ལན།
ངའི་མེ་ཏོག
ང་ཡི་སེམས་ཀྱི་མེ་ཏོག།
ཁྱེད་ལ་སྐྱེས་སུ་ཕུལ་ཡོད།།
ཁྱེད་ཀྱིས་ཆུ་མོ་བླུགས་ཏེ།།
ང་རང་གསོས་ན་ཆོག་གམ།།
ང་ཡི་ལུས་ཀྱི་མེ་ཏོག།
ཁྱེད་ལ་སྐྱེས་སུ་ཕུལ་ཡོད།།
ཁྱེད་ཀྱིས་སེམས་པ་དཀར་པོས།།
ང་ལ་གཅེས་སྤྲས་གནང་རོགས།།
ཕྱི་ནང་གསང་བའི་མེ་ཏོག།
ང་ཡིས་ཁྱོད་ལ་ཕུལ་ན།།
ཁྱོད་ཀྱི་དུངས་སེམས་གཙང་མས།།
ང་རང་དམ་དུ་འཁྱུད་རོགས།
རང་དབང་ལྷ་མོས།
འདྲེ་ཐོས་བཏབ་པའི་མེ་ཏོག
མེ་ཏོག་ཁྲ་ཁྲ་མ་ཁྲ།
སེམས་ཀྱི་འཇའ་ཚོན་སྣ་ལྔ།
སེམས་ལ་ཁ་དོག་ལྡན་ན།
མི་ཚེར་ངོ་མཚར་ལྡན་ནོ།
མདང་དགོང་བཏབ་པའི་མེ་ཏོག
འབུལ་སའི་ཞི་མོ་ཁྱེད་ཡིན།
ཉི་འོད་ཡོད་སར་འཇོག་རོགས།
རྫ་ཆུ་བསིལ་མ་བླུགས་རོགས།
སེམས་ཀྱི་ཚོར་བ་དེའང་།
མེ་ཏོག་དཀར་དམར་སེར་གསུམ།
ལྗང་མདོག་གློ་ཁ་ལྟ་བུ།
ཕྱོགས་གཅིག་འབབ་རྒྱུ་ཁག་པོ།
མདོར་ན་མི་སེམས་དེ་ནི།
མེ་ཏོག་སྣ་ལྔས་གྲུབ་པའི།
ཚོར་བ་སྣ་ཚོགས་ཅན་ཞིག
དགའ་སྐྱོ་སྐྱིད་སྡུག་འདྲེས་མ།
མེ་ཏོག་བརྩེ་དུང་ཡིན་ལ།
མེ་ཏོག་སྙན་ངག་ཡིན་ཏེ།
བརྩེ་དུང་མེ་ཏོག་གིས་མཚོན།
སྙན་ངག་མེ་ཏོག་ནས་སྐྱེ།
འདྲེ་ཐོས།
གཡག་རྒྱབ་སླེ་བོའི་ནང་གི་བྱིས་པའི་རྨི་ལམ་དེ།།
རང་གི་ཕ་མ་བཀྲོངས་བྱེད་མེ་མདས་དཀྲོགས་པའི་མཐར།།
བདག་མེད་གཡག་རྒོད་འཇིགས་པས་ནགས་དང་རི་ལ་བྲོས།།
སླེའི་ནང་བྱིས་པའི་མིག་ཟུང་རྒོད་དང་ཁྭ་ཏས་དྲུས།།
ཐོ་ཐོ།
མོ་མཚན།
བུད་མེད་མོ་མཚན་དེ་ནི་གཏེར་མཛོད་ཅིག།
གཏེར་བཏོན་བླ་མ་བླ་མ་མཆོག་གྱུར་པ།།
སྐྱེ་བུ་རབ་འབྲིང་ཆུང་དང་རྒྱལ་མོ་བཅས།།
དེ་ལས་མ་འབྱུང་གཅིག་ཀྱང་ཡོད་མ་ཡིན།།
འཛམ་གླིང་ཕྱེད་ཀ་དེའང་དེ་ལས་འབྱུང་།།
དེ་ཉིད་མེད་ཚེ་ཆུ་བྲག་ནགས་གསུམ་དང་།།
ས་གཞི་རི་རབ་ས་རྡུལ་རྩི་ཤིང་ལས།།
རྫས་སྐྱེས་དྲོད་སྐྱེས་མ་གཏོགས་ཡོད་མ་ཡིན།།
རང་གི་མོ་མཚན་དེ་ནི་རང་ལུས་སུ།།
རང་ལུས་རང་དབང་ཅན་དུ་གྱུར་བྱས་ཚེ།།
རང་གིས་ཅི་འདོད་བེད་སྤྱོད་གཏོང་ཡིན་མིན།།
རང་གིས་ཇི་ལྟར་ཚོར་བའི་དབང་དུ་ཡོད།།
ཚོར་བ་དང་ནི་འདོད་མོས་མེད་པའི་བུའི།།
མདུང་རྩེ་རྣོ་ཡང་ཆུ་ཤིང་སྐམ་པོ་ཞིག།
བརྩེ་བ་དང་ནི་དགའ་མོས་ཡོད་སའི་བུའི།།
མདུང་འགོ་ཟད་ཀྱང་བདེ་བ་དཔག་མེད་འབྱུང་།།
ཐོ་ཐོས། ༢༠༡༨།༡༡།༠༢
འབྲོག་མོ།
རང་དབང་མེད་པའི་འབྲོག་མོ་ལ།།
རང་ལུས་གཞན་གྱིས་ཚོད་འཛིན་འོག།
རང་ལྕེ་གཞན་གྱིས་བཀག་འགོག་འོག།
རང་སེམས་གཞན་གྱིས་གསང་མྱུལ་འོག།
ཐོ་ཐོས ༢༠༡༨།༡༡།༠༢
སྐྱེས་སྐར།
སྤྱིར་ན་འཛམ་གླིང་འདིའི་སྟེང་མི་རིགས་འདྲ་མིན་གྱིས།།
སོ་སོའི་སྐྱེས་སྐར་རོལ་སྟངས་འདྲ་ས་མང་མོད་ཀྱང་།།
འོན་ཀྱང་བོད་ལ་བོད་པའི་སྐྱེས་སྐར་རོལ་སྟངས་ཤིག།
གསར་གཏོད་བྱེད་མཁན་འབྱུང་ན་ཨ་མའི་བུ་ཞིག་ཡིན།།
སྤྱིར་ན་འཛམ་གླིང་འདིའི་སྟེང་མི་རིགས་མང་ཕྱོགས་ཀྱིས།།
སྐྱེས་སྐར་དུས་ཆེན་ཉིན་དེར་ཤོག་ཞྭ་གོན་རྒྱུ་དང་།།
གདོང་ལ་ཚོན་རྩི་བསྐུ་བའི་གོམས་སྲོལ་འདྲ་ནའང་།།
དོན་གྱིས་གཅིག་གིས་གཅིག་ལ་ལད་མོ་བྱས་པ་ཙམ།།
མི་ལུས་རྩ་ཆེར་བརྗོད་ཅིང་རིན་ཆེན་མི་ལུས་ཞེས།།
མི་ཡི་ལུས་རྟེན་ཐོབ་ཕྱིར་མ་ཎི་ཡིག་དྲུག་བགྲེང་།།
སྐྱེ་སྐར་རྩ་ཆེན་འདོད་ཅིང་སྐྱེས་པར་བསྔགས་བརྗོད་ཕྱིར།།
སྐྱེ་ཉིན་དམིགས་སུ་བཀར་ཏེ་དགའ་བས་བསུ་བར་འོས།།
ལོ་ངོ་བཅུ་བཞིའི་སྔོན་གྱི་དེ་རིང་ཉིན་མོ་འདིར།།
དྲིན་ཆེན་མ་ལོའི་མངལ་ནས་ཁྱེད་ནི་སྲིད་འདིར་བྱོན།།
ཁྱེད་ཀྱིས་ངུ་སྐད་གཅིག་གིས་ཨ་མར་མིག་ཆུ་བཏོན།།
ཁྱེད་ཀྱིས་འཕག་འཚག་གཅིག་གིས་ཕ་ལོའི་ལྷིང་འཇགས་གཏོར།།
ཁྱེད་ཉིད་སྲིད་འདིར་བྱོན་པར་ང་ཚོས་འཛུམ་གྱིས་བསུ།།
ཁྱེད་ནི་ད་དུང་བཞུགས་པར་ང་ཚོས་དགའ་བས་བསུ།།
ཁྱེད་ཀྱི་སྐུ་ཚེ་སྔོན་མས་བསོད་ནམས་ཚོགས་བསགས་པས།།
ཁྱེད་ཀྱིས་ཚེ་འདིར་མི་ལུས་རིན་ཆེན་ཐོབ་པར་བསྔགས།།
ཁྱེད་ཀྱིས་ཡ་རབས་བཟང་སྤྱོད་ཕྱོགས་ལ་སེམས་ཁ་གཏོད།།
ཁྱེད་ཀྱིས་དགེ་བ་ཕུན་སུམ་ཚོགས་པ་སྒྲུབས་རོགས་མཁྱེན།།
ཁྱེད་ཀྱིས་དྲིན་ཆེན་ཕ་མ་སེམས་ནས་མི་འདོར་རོགས།།
ཁྱེད་ཀྱིས་རང་གི་མི་རིགས་འདུ་ཤེས་མི་རླག་རོགས།།
འདྲེ་ཐོས། བུ་འབྲིང་བའི་སྐྱེས་སྐར་ལ་འབུལ་འདོད་པའི་སྐད་ཆ་འགའ་ཞིག་ཚིགས་སུ་བཅད་དེ་འདིར་བཀོད་པ་ཡིན་ནོ། ༢༠༡༨།༡༡།༠༤
ཟུར་མིག་མདའ་མོར་བྲིས།
ཆེད་མཁས་ལྷ་བཟོའི་ཕྱག་གིས་ཡོང་མིན་པའི།།
མཛེས་པའི་སྨིན་མ་སྟུག་པོའི་འདབ་རོལ་ན།།
ཟུར་མིག་མདའ་མོ་བརྐྱངས་པའི་ཡིད་འཕྲོག་མ།།
ང་ནི་ཁྱེད་ཀྱི་འབེན་དུ་འོས་སམ་ཀྱེ།།
ཐོ་ཐོས། ༢༠༡༨།༡༡།༠༥
དྲྭ་ནང་གི་དྲག་ཆར།
དེ་རིང་གློ་བུར་སྤྲིན་ནག་འཁྲིགས་པས་འཇིགས།།
ཉི་མའི་འོད་ནས་སྡོད་དུ་མ་བཅུག་པར།།
ཆར་བ་དྲག་པོས་ལུས་སེམས་གཙབས་བྱས་ཀྱང་།།
རྨ་ཁའི་གསེང་ནས་མེ་ཏོག་སྐྱེ་རུ་བཅུག།
ཕར་ཕྱོགས་སྐད་འགོ་མཐོ་རུ་ཕྱིན་དང་མཉམ།།
ཚིག་རྩུབ་སྟ་རེས་ཚུར་ལ་གཡུགས་བྱས་ཚེ།།
ཕན་ཚུན་སེམས་དེར་རྨ་ཁ་མི་འདོན་ཕྱིར།།
རེ་ཞིག་ཕམ་པའི་ཚུལ་གྱིས་ངག་བཅད་བགྱིས།།
གཅིག་ཕྱོགས་བདུད་རྩི་ཆང་གིས་བཟི་ཡོད་ཚེ།།
དེ་ཡི་བསམ་བློ་གཡོ་སྒྱུས་མི་བསླུ་བར།།
རང་ཉིད་བཏང་སྙོམས་ལམ་དུ་གནས་བཅུག་ན།།
ཆགས་སྡང་ཞེ་འཁོན་གང་ཡང་འབྱུང་མི་སྲིད།།
ཐོ་ཐོས། ༢༠༡༨།༡༡།༠༥
ཉི་གཞོན་གངས་སྲས་ཀྱི་མགོ་ནི་ཐོ་བ་ཞིག
ཐོ་བས་ཐོ་བར་ཐེངས་གསུམ་བརྡུངས་བྱས་པ།།
དང་པོ་ཁྱེད་ཀྱི་མགྲིན་གསང་གཙང་བཟོའི་ཕྱིར།།
གཉིས་པ་བསྐྱར་དུ་དགོད་གཏམ་སློང་བའི་ཕྱིར།།
གསུམ་དེ་ཀུ་རེའི་རྟགས་ཅན་ཐོ་བའི་ཕྱིར།།
འདྲེ་ཐོས།
སེམས་ཀྱི་མེ་ཏོག
སེམས་པའི་མེ་ཏོག་བསམས་ཤིང་ཉར་ན་འདོད་རྒྱུ་མ།།
མ་ཎི་ཡིག་དྲུག་ཐུགས་ནས་ཁས་ལེན་ཡོད་མཁན་མ།།
ཁྱེད་ཀྱིས་སྤོབས་པའི་ངང་ནས་རྒྱབ་སྐྱོར་མཛད་བགྱིས་པར།།
ཐོ་ཐོས་རྫ་ཆུ་བསིལ་མས་མཆོད་གསུམ་འབུལ་ན་འདོད།།
སེམས་དང་ཡུལ།
སེམས་ཀྱི་ནུས་པས་སེམས་ལ་བསྐུལ་བྱས་ཏེ།།
སེམས་ཁའི་ཁ་ཕྱོགས་གང་ལ་མོས་བ་དེར།།
སེམས་ཁ་བརྟན་དུ་གཏད་པར་བཅུག་བྱས་ན།།
སེམས་དང་གཏད་ཡུལ་རིམ་གྱིས་དབྱེར་མེད་འགྱུར།།
དེ་དུས་སངས་རྒྱས་བསམ་ན་སངས་རྒྱས་ཏེ།།
དེ་དུས་མེ་ཏོག་བསམ་ན་མེ་ཏོག་ཚོར།།
དེ་དུས་རང་ཉིད་ཇི་ཞིག་ཡིན་འདོད་པ།།
དེ་དུས་མངོན་སུམ་བཞིན་དུ་ཚོར་ནས་ཡོང་།།
ཐོ་ཐོས། ༢༠༡༨།༡༡།༠༧
ཁུངས་མེད་ཀྱིས་གཞན་ལ་དམོད་པ།
ཡར་གི་དཀྱིལ་ན་མེད་ནི་ཞིག།
མར་གི་ནང་ན་གདོན་རྫས་ཤིག།
འབྲི་མར་ནང་ན་མེད་ནི་ཞིག།
ཕྱེ་མར་བྱེད་རྒྱུར་གདོན་ནི་ཞིག།
དགེ་བ་བསྒྲུབ་དང་རྒྱུ་འབྲས་བརྩི།།
ཕན་པ་བསྒྲུབ་དང་ཉམས་ལེན་བགྱི།།
མེད་དོ་བསྟན་པའི་ཆོས་ལའང་།།
འདུན་པ་མེད་ཅིང་བློ་མི་དཀར།།
ཐོ་ཐོའོ་སྨྱོ་གཏམ། ༢༠༡༨།༡༡།༡༢
འཕྱོན་མ་འབུ་མེ་ལྕེབ་ལགས།
ཚན་པ་དང་པོ།
མཆོང་སའི་མེ་བཞིན་འཇིགས་རུང་བྱ་བའི་ཡུལ།།
འཕྱོན་མའི་བྱེད་ལས་ཡིན་པ་རྟོགས་བྱས་ཏེ།།
རང་གི་མཚན་ལ་མེ་ལྕེབ་འབུ་ཞེས་བཏགས།།
བོད་པ་ཆགས་རྒན་དེ་ཚོར་ཐེངས་མང་འབྲེལ།།
འདོད་པས་རབ་ཏུ་སྨྱོས་པའི་ཆགས་རྒན་གང་།།
བུད་མེད་དག་གིས་འདོད་ཀི་མེད་པའི་རྐྱེན།།
ཉིན་ཞིག་འཕྱོན་མ་དེ་དང་འབྲེལ་སྙམ་པས།།
ཁ་པར་ལམ་ནས་མཇལ་རྒྱུ་བྱས་ཡིན་སྐད།།
ཁ་པར་རྒྱག་ཐེངས་ཤིག་གིས་ངག་ལན་འབྱོར།།
རང་གི་གཟིམ་ཤག་ནང་དུ་མཇལ་རྒྱུ་བྱས།།
དངུལ་འབོར་ཆེ་ཙམ་སྤྲད་རྒྱུའི་དམ་བཅའ་ཤོར།།
འདོད་པའི་ལོངས་སུ་སྤྱོད་པར་བསྒུགས་ནས་བསྡད།།
མཚམས་ཤིག་ཤིན་ཏུ་མཛེས་པའི་འཕྱོན་མ་དེ།།
ནམ་མཁའི་ལྷ་མོ་ཕེབས་ཡོང་བསམ་བསམ་ཤིག།
ཚོར་དུ་འཇུག་ཞོར་ཁོང་གི་འགྲམ་དུ་ཕྱིན།།
དྲན་པའི་ཀ་བས་བསུ་མའི་མགོ་བོ་བསྒྲེངས།།
རིམ་གྱིས་ཆགས་ཉམས་སྐྱོ་ཉམས་བསྲེས་མའི་ཁྲོད།།
འཕྱོན་མའི་སེམས་ན་སྡུག་ཤིག་ཡོད་པ་ཚོར།།
གྱེན་དུ་བསྒྲེངས་པའི་མགོ་བོ་མནན་བྱས་ཏེ།།
འཕྱོན་མའི་ཡ་ངའི་ལོ་རྒྱུས་སྨྲས་པར་གསན།།
ཚན་པ་གཉིས་པ།
འཕྱོན་མས་ཡ་ངའི་ལོ་རྒྱུས་སྨྲ་བཞིན་སྐབས།།
ཕེབས་མ་ཐག་ཏུ་མངོན་པའི་སྒེག་ཉམས་དེ།།
སྐྱོ་གདུང་རྣམ་པ་ཞིག་གིས་བསུབས་ནས་སོང་།།
མིག་ན་མིག་ཆུ་མེད་ཀྱང་སེམས་ན་བཞུར།།
མོ་ནི་བྱིས་པ་གཉིས་ཀྱི་ཨ་མ་ཞིག།
མིང་བོ་གཅིག་ལས་མེད་ཅིང་ནད་པ་ཞིག།
སྤུན་ཡ་མ་ཞིག་ཡོད་པ་ཉམ་ཐག་ཅིག།
གནས་ནས་རྒྱང་ཕུད་བཏང་བས་ནང་ལ་ལོག།
དེའང་བྱིས་པ་གཉིས་ཀྱི་ཨ་མར་གྱུར།།
སེམས་ཡོངས་སྡུག་གིས་ཁེངས་ཤིང་ལས་ངན་འདོད།།
ལས་ཀ་གང་ཡང་འཇོན་གི་མེད་པ་འདྲ།།
ཁྱིམ་ཚང་དེ་ཡི་གནས་སྟངས་དེ་འདྲ་ཞིག།
དེ་འདྲའི་ཉམ་ཐག་འཚོ་བའི་དཀའ་སྡུག་ཁྲོད།།
ལོ་ན་ཆེ་ཤོས་འཕྱོན་མ་རང་ཡིན་པས།།
དཀའ་བ་མྱི་ཁ་ལ་སོགས་སྣང་མེད་ངང་།།
ཁྱིམ་ཚང་དེ་ཡི་ཟས་ཕྱིར་འཕྱོན་མ་བགྱིས།།
ཡི་གེར་འགོད་མཁན། ཐོ་ཐོ།༢༠༡༨།༡༡།༠༧
ཐོ་ཐོའི་སྐོར།
མ་གཞི་ཐོ་ཐོ་ང་ནི་སྨྱོན་པ་ཞིག།།
སྐབས་རེར་སྨྱོ་རྟགས་སྟོན་རྒྱུ་ཐལ་དྲག་འགྲོ།།
མཚམས་རེར་གླེན་རྟགས་ཡིན་པ་ཤེས་ཀྱི་མེད།།
གང་ལྟར་སེམས་ལ་སྐོར་ལོག་རྐྱང་རྐྱང་ཤར།།
ཐོ་ཐོ་རང་གིས་རང་བརྗོད་པ།
རྒྱང་ནས་བལྟས་ན་ཁྲོ་ཉམས་ཤིག།།
རྩུབ་ནས་བལྟས་ན་ཞི་ཉམས་ཤིག།།
ཞི་དྲག་ཉམས་ཀྱིས་འགྱིང་བ་པོ།།
རྟ་མགྲིན་རྒྱལ་པོའི་སྐུ་ལ་འདུད།།
ཆོས་རྗེ་ཚང་གིས་ཐོ་ཐོའི་སྐོར་བརྗོད་པ།
མེད་དོ་འཆལ་བའི་གཏམ་དང་ལུགས།།
རྒྱབ་མདུན་མངོན་ལྐོག་མི་མཚུངས་གཤིས།།
མཐོ་དམའ་ཁྱད་པར་འབྱེད་པའི་སེམས།།
རྟ་མགྲིན་རྒྱལ་པོ་འདྲེ་ཐོ་ཐོར།།
ལྡན་ནོ་དཔྲལ་བར་སྤྱང་གྲུང་མིག །
ཡ་ཁོག་བྲང་ན་རྟ་རྒྱུགས་ལམ།།
གདོང་ན་ཡིད་འགུག་མཛེས་པའི་འཛུམ།།
ཁ་ན་དགོད་སྒྲ་ལྷིང་ལྷིང་གཏམ།།
ནག་ཅིང་རིང་ངོ་མགོ་ཡི་སྐྲ།།
འདོམ་གྱི་རྡོ་རྗེ་ཤ་ཁྲག་ཅན།།
ཡ་ཁའི་ཁ་སྤུ་ནག་པོ་ཡང་།།
རྟ་མགྲིན་རྒྱལ་པོ་འདྲེ་ཐོ་ཐོའི།།
ལད་བཟློས་བྱས་པའི་ཤོ་ལ་ཀ་གཅིག
“སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།།
རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི།།
སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།།
སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།།”
སྙིང་སྟོབས་དྲག་ཏུ་འཕྱོ་བའི་མེ་རི་ལ།།
རྒྱལ་བོ་ཤིན་ཏུ་དགྱེས་ཤིང་མཚོན་བཏབ་པས།།
གདོང་དམར་སྲིན་པོ་ལྟ་བུའི་བོད་དམག་གིས།།
སུམ་ཉིས་ས་ཡི་དཀྱིལ་འཁོར་བདག་ཏུ་བཟུང་།།
ཐོ་ཐོས་ལད་བཟློས་བྱས་པ་ཡིན།
དེ་རིང་གི་མྱོང་ཚོར།
དགྲ་རུ་མ་འདོད་ཚེ་ན་དེ་ལས་རྣམ་པར་རྒྱལ་སེམས་བཞག།
གཞན་གྱི་རྨ་ཁར་འཇིགས་པས་དུག་ལྕེ་ཡིན་ཡང་སྨན་ལྕེར་བསྒོམས།།
འོད་ནི་འོད་ཀྱི་ལམ་ན་གཟི་བོར་འཕྲོ་ཞིང་འོད་ལམ་ལམ།།
བླ་མས་བྲང་ལྡན་མར་འབྲེལ་གསང་སྔགས་རྟོཊ་པའི་སྐལ་བཟང་བརླཊ།།
ཐོ་ཐོས། ༢༠༡༨།༡༡།༡༤
རྩེ་སྒྲོ།
མེས་པོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལས།།
རང་གི་རྣམ་དཔྱོད་ཀྱིས་དང་ལག་རྩལ་གྱིས།།
རྩེ་སྒྲོའི་བཟོ་སྟངས་ངོ་མཚར་བསླབས་བགྱིས་པས།།
གནམ་ལོ་གསར་པ་འཇའ་ཚོན་སྣ་ལྔས་སྤྲས།།
ཚོན་མདངས་རྣམ་པར་བཀྲ་བའི་རྩེ་སྒྲོ་འདིས།།
རྒྱུས་མེད་མགོ་སེར་ལུང་པར་འཁྱམས་བྱས་པའི།།
འཁྱམ་པོ་ངའི་སེམས་ཐེངས་ཤིག་བོད་ལ་ཁྲིད།།
སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་དྲན།།
འདྲེ་ཐོས། ༢༠༡༨།༡༡།༡༨།
ལྷ་ཆོས་མི་ཆོས།
བསྐྲུན་ཏོ་འཆར་སྣང་གིས་དང་རྣམ་རྟོག་གིས།།
མེད་དོ་ལྷ་དང་ལྷ་མོ་འདྲེ་འདྲེ་མོ།།
སློབས་ཤིག་འཇིག་རྟེན་མི་ཆོས་ཡ་རབས་ལུགས།།
བཞུགས་ཤིག་དབུ་མའི་ལམ་ཆེན་སྟེང་དུའོ།།
ལྷ་བྱེད་འདོད་ཅིང་ལྷ་དང་ལྷ་མོར་གྲོགས་པོ་སྒྲིག་འདོད་པས།།
ལྷ་ཆོས་ཉམས་སུ་ལེན་ཞིང་ལྷ་ཡི་རྟོགས་བརྗོད་གཙུག་ཏུ་འཛིན།།
མི་བྱེད་འདོད་ཅིང་མི་ཡི་མཚན་ཉིད་ཅི་ཡིན་ཚང་འདོད་པས།།
མི་ཆོས་རྩེ་གཅིག་བསླབས་ཤིང་མི་ཡི་གྲས་སུ་འདྲེ་རུ་མི་མཐོང་སྒྲུབ།།
ཐོ་ཐོས། ༢༠༡༨།༡༡།༡༩
གཞས་ལ་གཞས་ལན་བཏབ་པ།
རྫ་ཁྲ་ཁྲའི་སྒང་ལམ་འགྲིམ་པའི།།
དགྲ་ངོམས་མེད་རི་སྤྱང་སྔོན་མོ།།
རི་ལ་ལུང་རྒྱུག་འདུར་དགོས་རུང་།།
ངེད་གཡང་དཀར་ལུག་ཁྱུ་མ་གཏོར།།
ངེད་གཡང་དཀར་ལུག་ཁྱུའི་ཚོགས་ནི།།
ངེད་བོད་པ་ཚང་གི་སྒོ་ཕྱུགས།།
དེའི་ནང་གི་འབྲོག་པའི་རྒྱན་ཞིག།
ངའི་སྡོད་གནས་རྫ་རི་སྤང་རི།།
ཡུལ་རྒྱུས་མེད་ས་མཐར་བསྐོར་བའི།།
མི་བློ་མེད་ནག་ཆེན་ཁྲམ་པ།།
རུ་སྡེ་བ་དཀྲུགས་ཤིང་དགོས་རུང་།།
ངེད་ཕུ་ནུའི་དཔུང་རྡང་མ་གཏོར།།
ངེད་ས་མཐར་སྐོར་ཞོར་ཡོད་ཀྱང་།།
ངེད་ཅག་གི་དཔུང་བ་མཉམ་གཤིབ།།
ངེད་ཅག་གི་བསམ་བློ་ཆིག་སྒྲིལ།།
རི་སྡེ་བའི་སྟག་ཤར་རྐྱང་རྐྱང་།།
ལུང་རིགས་པའི་རྒྱབ་རྟེན་མེད་པའི།།
ལག་འཛིན་མེད་རྩོམ་མཁན་ཁ་ཤས།།
སེམས་གང་ཤར་ཚོད་འཛིན་མེད་རུང་།།
ངེད་ཕ་མེས་རིག་གཞུང་མ་བརླག།
ངེད་དྲིན་ཅན་ཕ་མེས་ཡང་མེས།།
ལུང་བསྟན་པ་རླུང་ལ་སྐུར་མཁན།།
ངེད་ས་མཐའི་སྟག་ཤར་མ་རེད།།
ཁྱེད་གྲོང་གི་རྒྱ་མ་བོད་རེད།།
ཐོ་ཐོས་ལན་བཏབ་པ།
གཏམ་ཡོད་ཚད་དྲག་ཆར་མ་རེད།
སྡེ་ཆེ་བོའི་དཀྱིལ་གྱི་ཞི་མོ།
འགྲོས་རོགས་པ་མེད་ཅིང་ཁེར་འགྲོ།
སྟག་ཤར་རས་རིག་ན་སྐྱོ་སྣང་།
ནང་སྡེ་བས་ཚོར་ན་སྡུག་སྣང་།
ཁྱེད་ཁེར་འགྲོ་བྱེད་རྒྱུ་ཟེར་རུང་།
ཁྱེད་ཁེར་བཤད་མ་བྱེད་སྒུགས་དང་།
ང་ཐོན་ནས་ཉི་མ་ཞིག་ལ།
ངེད་གཉིས་ཀྱིས་སྙིང་གཏམ་བཤད་ཆོག
མིག་ཡོད་ཚས་སོ་བ་མ་རེད།
གཏམ་ཡོད་ཚད་དྲག་ཆར་མ་རེད།
ལྕེ་ཡོད་ཚད་རལ་གྲི་མ་རེད།
མ་བུ་མོའི་སེམས་ལ་དེ་ཟུངས།
ཐོ་ཐོས། ༢༠༡༨།༡༡།༢༡
གངས་སེང་མིན།
གངས་སེང་མིན་ན་རི་སེང་ཡིན།
རིའི་རྒྱལ་བོ་རི་རབ་དག
ལྕགས་ཀྱི་སྡེར་མོས་འདྲད་མཁན་གྱི་ཚོགས་དེ་དག
ཚར་གཅོད་བྱེད་འདོད་མཁན་གྱི་རི་སེང་ཡིན།
གངས་སེང་མིན་ན་ནགས་སེང་ཡིན།
ཁ་བའི་ཡུལ་ལྗོངས་ཀྱི་ནགས་ཀླུང་དག
ལྕགས་ཀྱི་སོ་བརྩེགས་བར་ནས་འཆའ་མཁན་དེ་དག
རྒྱང་ཕུད་དུ་གཏོང་འདོད་མཁན་གྱི་ནགས་སེང་ཡིན།
ཐོ་ཐོས། ༢༠༡༨-༡༡-༢༣
ངའང་གནའ་སྔ་མོ་ཞིག་ནས་འཆི་སྲིད།
ང་ནི།
ངའི་འཚོ་སྟངས་འདིས་ཡིད་ཚིམས་ནས་བསྡད་ཡོད།
རྒྱུ་མཚན་ནི།
ངའི་འཚོ་བའི་ཟུར་ཁ་རེ་རེ་དང་འགུལ་སྐྱོད་རེ་རེའི་སྣེ་དེ་ན།
ཁྱེད་ཀྱི་སྣང་བརྙན་དང་ཁྱེད་ཀྱི་འཛུམ་དམུལ་དེ་མངོན་འདུག
ངས་ང་རང་འཚོ་བྱེད་ཀྱི་དབུགས་དེ།
འབྱིན་ཐེངས་རེ་དང་རྔུབ་ཐེངས་རེ་ལའང་།
ཁྱེད་ཉིད་དྲན་ཞོར་དུ།
ངའི་ཚེ་སྲོག་གི་རྒྱུན་དེ་མུ་མཐུད་དུ་སྐྱོང་གི་ཡོད།
གལ་སྲིད།
ངའི་ཡིད་དབང་འགུགས་པའི་བུ་མོ་ཁྱེད་ལྟ་བུ་ཞིག
འཇིག་རྟེན་འདི་ལ་མེད་ན།
ངའང་གནའ་སྔ་མོ་ཞིག་ནས་ཡོད་མི་སྲིད།
ངའང་གནའ་སྔ་མོ་ཞིག་ནས་འཆི་སྲིད།
ཐོ་ཐོས། ༢༠༡༨།༡༡།༢༦ ལ།
བྱོལ་མ།
གཞོན་དུས་གསར་རྒོད་ཡིན་དུས་གསར་ཉམས་སྟོན་ཞོར་དུ།།
ཕ་ཡུལ་མེ་ཏོག་ཐང་ནས་འབྲོག་མོར་ལ་གཞས་གྱེར།།
ད་ལྟ་བྱོལ་མ་བགྱིས་ནས་ས་མཐར་འགྲིམ་པའི་དུས།།
སྲང་ལམ་དོག་མོ་ཞིག་ན་ཆང་ཕོར་སྐྱོར་ཞོར་འཁྱམ།།
མི་ཚེའི་ལྷག་མ་བྱོལ་མའི་ཁྲོད་ནས་ཚར་ས་རེད།།
ལུས་ཀྱི་བདེ་ཐང་ཆང་གི་བཟི་ཁས་ཉམས་ས་རེད།།
སེམས་ཀྱི་ཕུག་འདུན་རྩོད་པའི་ཁྲོད་ནས་བོར་ས་རེད།།
མཛེས་མའི་ཚོགས་དེ་ལོ་ན་རྒས་པས་གནའ་ནས་བརླགས།།
ཐོ་ཐོས་ཆང་གྲོགས་ཚོར་ཕུལ་བའི་སེམས་ཚོར། ༢༠༡༨-༡༡-༣༠ ལ།
དཔའ་བོ་དཔལ་ལྡན་རྒྱ་མཚོ་ལགས་ལ།
ཁྱེད་སྐུར་རྒྱ་རྒན་ཚང་གིས་མནར་གཅོད་ཚད་མེད་བཏང་།།
ཁྱེད་ཐུགས་རྒྱ་མི་དེ་ཚོས་དམར་པོར་བསྒྱུར་རྩིས་བྱས།།
འོན་ཀྱང་དཔའ་རྒོད་ཁྱེད་ནི་བཙོན་གྱིས་ཞུམ་མ་བཅུག།
སྙིང་སྟོབས་དགུ་འགྱུར་བླ་སྲོག་དཔལ་ལྡན་ཁྱེད་ལ་ལྡན།།
ཐོ་ཐོས། ༢༠༡༨-༡༡-༣༠ ལ།
ལྷ་ཡུལ་གྱི་ལྷ་མོ་དང་མི་ཡུལ་གྱི་མཛེས་མ།
ལྷ་ཆོས་ལུགས་ཀྱི་མཛེས་མ་མཁའ་འགྲོ་མར།།
སྒོམ་གྱི་ནུས་པས་བདེ་པའི་དཔལ་ལ་རོལ།།
མི་ཆོས་ལུགས་ཀྱི་མཛེས་མ་ཐང་ཉལ་མར།།
མངོན་སུམ་འཁྲུལ་མེད་ཤེས་པས་དགའ་བར་སྤྱོད།།
ཐོ་ཐོ་ངས་རྨ་དུག་ལྕེའི་དགོངས་ཚུལ་དང་ཉམས་ལེན་བྱེད་སྟངས་དེ་རྐུན་མ་བརྒྱབ་པའི་བདེན་དཔང་ངོ་། ༢༠༡༨-༡༡-༣༠ ལ།
གཏམ་བཤད་བྱེད་སྟངས།
ལྷ་དང་ལྷ་མོའི་ལུང་བསྟན་རེད་ཅེས་དང་།།
བླ་མ་གང་གིས་གསུངས་རེད་མི་སྨྲ་བར།།
ཚན་རིག་དང་ནི་གནས་ལུགས་རྒྱུ་མཚན་བཅས།།
སྒྲུབ་བྱེད་བསྒྲུབ་བྱར་སྦྱར་ཏེ་སྨྲ་བར་གཙོ།།
ཐེངས་ཤིག་ཐོ་ཐོ་ངས་དྲྭ་གྲོགས་ཚོས་གཏམ་བཤད་ལ་ཉན་བཞིན་ཡོད་ཟེར་བའི་བདེན་དཔང་ཙམ་དུ་བྲིས་པ་ཞིག་ཡིན་ནོ།
ཟུར་མིག་མདའ་མོ་དང་སེམས་ཀྱི་མེ་ཏོག
འཁྱུད་དོ་སེམས་ནས་འཁྱུད་ཞོར་མཐེ་བོང་བསྒྲེངས་བྱས་པས།།
འདྲེ་ཐོའི་ཤ་གསེང་རུས་གསེང་རེ་ཞིག་བཟི་བཅུག་འདུག།
ཀྱེ་ཧུད་སྙིང་གི་དཀྱིལ་དུ་སྔར་ནས་སྦས་བྱས་པའི།།
ཟུར་མིག་མདའ་མོ་ཁྱེད་ནི་སེམས་ཀྱི་མེ་ཏོག་ལགས།།
འཁྱུད་ཅིང་སེམས་ཚོར་མེ་ཏོག་གཟུགས་ལ་བསྡེབས།།
དཀའ་སོང་སྙམ་པས་ཁ་སྐྱིད་ཞིམ་པོ་གནང་།།
གྲོགས་ལ་གུས་བརྩི་མཚོན་ཕྱིར་ཐལ་མོ་སྦྱར།།
འདི་འདྲའི་དྲྭ་གྲོགས་མ་ཧཱ་ཚང་གི་རྒྱན།།
ཉིན་འདིར་ཁྱེད་གཉིས་སྤྱད་པའི་བདེ་བ་ནི།།
བདག་ལ་མཚོན་ན་བདེ་བ་ངོ་མ་ཡིན།།
ལུས་འབྲེལ་ལུས་ཀྱི་ཚོར་བ་དེ་ཙམ་ལས།།
སེམས་འབྲེལ་སེམས་ཀྱི་ཚོར་བ་བདེ་བའི་མཆོག།
སེམས་ཀྱི་ཁང་བ་ལྟ་བུའི་ལུས་པོ་དང་།།
ཁང་བའི་ཀ་བ་ལྟ་བུའི་སེམས་པ་གཉིས།།
གཅིག་ལ་གཅིག་བརྟེན་བྱས་ནས་གནས་ཡོད་པས།།
སེམས་ནས་མྱངས་པ་ལུས་ཀྱི་མྱངས་པ་ཡིན།།
སྔ་སྔགས་ལུགས་ཀྱི་ཁུ་བ་ཡར་འདྲེན་སོགས།།
བདག་ལ་མཚོན་ན་དགོས་པ་ཆུང་ན་ཡང་།།
ལུས་སེམས་གཉིས་ལས་སེམས་ཀྱི་བདེ་བ་ནི།།
བདག་ལ་མཚོན་ན་ཁུ་བ་ཡར་འདྲེན་ཡིན།།
ཁ་སང་ཐེངས་གསུམ་འཁྱུད་པས་དྲོད་ཁོལ་དེས།།
ད་ལྟ་ད་དུང་ངའི་སེམས་དྲོད་ལྷང་ལྷང་།།
དེ་རིང་ཐེངས་གསུམ་འཁྱུད་ཅིང་སེམས་གཉིས་སྦྱར།།
སེམས་ཐག་ཉེ་རུ་བཏང་བ་ཡིན་ནམ་ཀྱེ།།
འཁྱུད་གསུམ་བདེ་བའི་གནང་སྦྱིན་སེམས་གསོའི་སྨན། །
ནོར་བུ་དམར་པོ་གསུམ་གྱི་གནང་སྦྱིན་མཆོག །
བདུད་རྩི་ཀོང་བུ་གསུམ་གྱི་དགའ་ཚོར་འདི། །
འགྱུར་མེད་ཚེ་ནོམ་ཡིན་པར་ཡིད་ཆེས་ཡོད། །
ཐོ་ཐོས་མ་ཧཱ་བྷ་ར་ཏྭའི་དེའི་ནང་དུ་ཁ་བརྡའི་ཞོར་དུ་ཟུར་མིག་མདའ་མོ་དང་སེམས་ཀྱི་མེ་ཏོག་གཉིས་ལ་བྲིས་པའི་སེམས་ཚོར།
སེམས་འདྲེ་གཉིད་ཀྱིས་བཏུལ།
ང་དང་འབྲེལ་བའི་རྩོམ་དང་སྐད་ཆའི་རིགས།།
ང་ཡི་རྣ་བས་ཉན་ཙམ་ཐོས་ཙམ་ཁྲོད།།
ང་ལ་བསམ་ཚུལ་ཅི་རིགས་ཤར་ནའང་།།
ང་རང་བདེ་ཕྱིར་གཉིད་ཀྱི་འཇིག་རྟེན་འགྲིམས།།
ང་ཡི་སེམས་ཀྱི་ཞིང་ཁམས་ངོ་མཚར་བར།།
རྨི་ལམ་ཕྱི་ནས་བཙན་འཛུལ་བྱེད་དོགས་པས།།
ང་རང་གཉིད་པས་ངའི་སེམས་རང་གིས་བསྐྱབས།།
རྨི་ལམ་ནང་དུ་རྒོལ་མཁན་བྱོན་བཅུག་མེད།།
ཐོ་ཐོས། ༢༠༡༨།༡༢།༠༣ ལ།
དྲན་པ་འཁྱག་ལ་མ་སྦྱར།
དུངས་སེམས་ཀྱི་གཞིས་ན་དྲོད་ཀྱིས་འཚོས་བའི། །
མཛའ་གཅུགས་ཀྱི་གྲོགས་ཁྱོད་བདེ་མོ་ཡིན་ནམ། །
འཛུམ་དམུལ་གྱི་གདོང་རིས་བཏང་བ་དགའ་ཡང་། །
གསལ་བཤད་ཀྱི་ཆ་ཙམ་མེད་པས་མ་མགུ །
མཚན་སྨག་གི་རླུང་བུ་ཤུགས་ཀྱིས་གཡུགས་ཏེ། །
དགུན་འཁྱག་གི་གྲང་ངར་རུས་ལ་ཟུག་རུང་། །
བྲང་གཞུང་གི་དམ་ཚིག་རླུང་ལ་བསྐུར་མེད། །
ཡ་ཁོག་གི་དྲན་པ་འཁྱག་ལ་སྦྱར་མེད། །
མཁའ་དབྱིངས་ན་རྒྱུ་བའི་ཟླ་བ་ཁེར་བགྲོད། །
སྙིང་གཏམ་འདི་ཉི་འོད་ངོགས་ལ་བསྐྱལ་ཏེ། །
འཕྲིན་ལན་ཞིག་ཚུར་ལ་འཁྱེར་རྒྱུ་མ་བརྗེད། །
ལྷིང་འཇགས་ཀྱི་གྲུ་ག་འདི་ནས་བསྒུག་འདུག །
འབྲོག་མོ་ཞིག་གིས་ཐོ་ཐོ་ལ་བྲིས།
ངས་ནི་ཉི་མ་ཁྱེར་ཏེ་སྨག་ནག་གཏོར་དུ་འོང་།
(ལན་བཏབ་པ།)
ང་ནི་བྱ་རྒྱལ་རྒོད་པོ་ཞིག་ལ་སྤྲུལ་བྱས་ཏེ།།
གཤོག་བརྐྱངས་གཅིག་གིས་ཁྱེད་སར་མྱུར་བར་འཕུར་ནས་ཡོང་།།
ཁྱེད་ཉིད་གནས་སའི་ཡུལ་དེ་ལྡིང་སྐོར་མང་མང་རྒྱག།
རླུང་བུ་ཤུགས་ཀྱིས་གཡུགས་པའི་མཚན་མོའི་སྨག་རུམ་ཁྲོད།།
དགུན་འཁྱག་གྲང་མོས་མནར་བའི་ཡིད་ཀྱི་གཉེན་ཉེ་མ།།
ངས་ནི་ཉི་མ་ཁྱེར་ཏེ་སྨག་ནག་གཏོར་དུ་འོང་།།
གལ་སྲིད་རྨི་ལམ་ངོགས་སུ་ཁྱེད་ནི་བཞུད་ཡོད་ཚེ།།
ང་ནི་རྨི་ལམ་བརྒྱུད་ནས་ཁྱེད་ཉིད་འཚོལ་དུ་འོང་།།
ངེད་གཉིས་མཉམ་དུ་ལྐོག་གྱུར་གནས་ཤིག་འཚོལ་བར་བྱ།།
ཐོ་ཐོས། ༢༠༡༨།༡༢།༠༡
ལྟ་གྲུབ།
རིགས་རུས་ལྟ་གྲུབ་གང་ཡིན་མི་གཙོ་སྟེ།།
གང་གིས་འགྲོ་དོན་བསྐྱང་བར་ཕན་གྱུར་བ།།
དེ་དག་དམིགས་སུ་བཀར་ཞིང་གཙིགས་སུ་སྣང་།།
ཞི་དྲག་ཕྱེད་མའི་ཚུལ་གྱིས་འཇིག་རྟེན་སྐྱོངས།།
ཐོ་ཐོའི་བསམ་ཚུལ།
མུན་པ་གཏོར་བའི་གདམས་ངག
མུན་པ་དེའང་དགྲ་ལ་མ་བསམས་པར།
སེམས་འཆོར་སའི་མཛེས་མ་ལྟ་བུར་བསམས་ཏེ།
རང་གི་མིག་ཟུང་འོད་ཀྱིས་ཁེངས་པར་བསྒོམས་ཤིང་།
འོད་དེའང་མེ་ཏོག་དང་གཡུ་བྱུར་གྱིས་སྤྲས་པའི་མདའི་གཟུགས་སུ་བསྒོམས་ནས།
ཕར་མུན་པ་སྟུག་པོ་དེར་དགའ་ཉམས་དང་ཆགས་ཉམས་གཉིས་ལྡན་གྱི་རྣམ་པ་བསྟན་ཞིང་སེམས་ཚོར་མངོན་ཞོར་མིག་གིས་བལྟས་པ་ནི་མདའ་འཕངས་པ་ལ་བསམས་པ་ན། མུན་པ་དེ་ཉིད་དེ་མ་ཐག་ཏུའམ། ཡང་ན་རིམ་གྱིས་འཐོར་བར་འགྱུར་རོ།
ཞེས་པའི་ལག་ལེན་འདི་ནི་འདྲེ་ཐོ་ཐོའི་གསང་བའི་གདམས་ངག་གོ། ཐོ་ཐོས།
དྲྭ་ཚོམས།
སྐད་གདངས་ཆེ་རུ་འགྲོ་ཞོར་ཞེ་སྡང་ཡང་།།
ཆེ་རུ་མཐོ་རུ་འགྲོ་བའི་བགྲོ་གླེང་ཁྲོད།།
རང་གིས་རང་ཉིད་འོན་པར་བཟོ་ཐུབ་ན།།
གཞན་གྱིས་ལྐུག་པར་འདོད་ཀྱང་རྒྱལ་ཁ་ཞིག།
ཐོ་ཐོའི་བསམ་ཚུལ།
མེ་ཏོག་ལམ།
མེ་ཏོག་ལམ་དུ་འཇུག་པར་སྤྲོ་བ་དང་།།
མེ་ཏོག་ལམ་དུ་འདྲེན་པར་མོས་པ་ཚོ།།
གཤིན་རྗེ་གཤེད་མའི་ལག་ནས་ཐར་འདོད་ན།།
འབའ་སྲས་མོ་ཡི་གཏམ་ལ་ཐེངས་ཤིག་གསོན།།
ཐོ་ཐོས། ༢༠༡༨།༡༢།༡༡ ལ།
འཆི་བ་དང་རང་སེམས་སྐྱབས་བཅོལ་སའི་ཡུལ་སྟོང་བ།
འཆི་བར་མི་འཇིགས་སྣང་བ་འཕྲུལ་སྣང་ཙམ།།
འཇིགས་ཀྱང་བཟློག་མེད་ཐབས་དང་ལམ་ཟད་པས།།
རང་སེམས་བདེ་ཕྱིར་འཇིག་རྟེན་གཞན་ཞིག་བསྐྲུན།།
ཤི་རྗེས་ལྷ་མིའི་ལུས་རྟེན་ཐོབ་རབས་སྨྲས།།
དོན་དངོས་དག་ཞིང་དང་ནི་བདེ་ཞིང་སོགས།།
ཡོད་པར་སྣང་བ་འཇིགས་པ་བསླུ་ཕྱིར་ཏེ།།
བཟློག་ཐབས་མེད་པའི་འཆི་བའི་འཇིགས་པ་ལས།།
རང་སེམས་བདེ་ལ་འགོད་ཕྱིར་བཟོས་པ་ཞིག།
ཐོ་ཐོས། ༢༠༡༨།༡༢།༡༣ ལ།
གངས་རི་དང་མཛེས་མ།
གངས་རི་དཀར་པོའི་རྩེ་ན།།
ཉི་མ་འཆར་སྟངས་ཡག་གི།
སྤྲིན་པ་འཕྱུར་སྟངས་མཛེས་ཀི།
རེ་ཞིག་ཕ་ཡུལ་དྲན་བྱུང་།།
མཛེས་མ་ཁྱེད་ཀྱི་གདོང་ན།།
འཛུམ་གྱི་མེ་ཏོག་ཡག་གི།
མཆུ་སྒྲོས་སེའུ་དམར་མཛེས་ཀི།
ཐེངས་ཤིག་མཇལ་ན་བསམ་བྱུང་།།
མི་ཚེ་ཟེར་བ་མི་རྟག།
བརྩེ་དུང་ཟེར་བ་སྨྱོན་པ།།
ཚོར་ཤེས་འདི་ནི་ལྐོག་གྱུར།།
ཅི་བྱུང་ངེད་གཉིས་མི་ཚོར།།
ཐོ་ཐོས། ༢༠༡༨།༡༢།༡༣
མ་ཉེས་ཁ་གཡོགས།
ཉི་མ་གནམ་ནས་ལྷུང་ཡང་དེ་རིང་ནི།།
རྒྱ་སེ་མེ་ཏོག་གཅིག་ལ་རེ་བཅོལ་ཏེ།།
ཤིན་ཏུ་ལྐོག་གྱུར་ཡིན་པའི་སེམས་ཚོར་འདི།།
མེ་ཏོག་གསེང་དུ་སྦས་ཤིང་ཁྱེད་ལ་འབུལ།།
སེམས་ཁུངས་མཆི་མས་བརླན་པའི་ཚོར་བ་ཞིག།
མཚོ་མོའི་རྦ་རླབས་ཇི་བཞིན་བཟློག་མེད་དུ།།
རྒྱལ་རོང་བུ་མོའི་ཐུགས་ལ་འཕྱུར་བྱས་པས།།
ངའང་སྐྱོ་བའི་མིག་ཆུས་བརླན་བྱས་སོང་།།་
དཔྱོད་ལྡན་ཡིན་པ་གང་གི་བསམ་བློ་དེ།།
སྐབས་རེར་བྱིས་པའི་བློ་ལས་མ་འདུས་པར།།
གློ་བུར་སྐྱོ་བའི་མིག་ཆུ་ཟགས་འདི་ནི།།
ངན་དུ་བསྙོན་པར་གང་ལ་དཀར་འདོན་ཞིག།
ཐོ་ཐོས། ༢༠༡༨།༡༢།༡༦
ཟུར་མིག་མདའ་མོ།
མིག་གིས་ཟུར་བལྟས་ཙམ་གྱིས་ང་ནི་སྦར་བྱེད་པའི།།
ཟུར་མིག་མདའ་མོའི་མིང་ཅན་མཛེས་མའི་ཆོ་ལོ་ཅན།།
ཁྱེད་སྐུ་ལྷ་བཟོ་ཞིག་གི་ཕྱག་གིས་བྲིས་བྱས་ན།།
ངས་ནི་ལྷ་མོར་བསམས་ཤིང་མཆོད་པར་བཤམ་ན་འདོད།།
ཐོ་ཐོས་ (ཟུར་མིག་མདའ་མོ།) ལགས་ལ་ཡིན།
འདོད་པའི་ཟས།
དམར་པོའི་རྒུན་ཆང་ཁ་ཡིས་རོལ་བ་ལས།།
གང་གིས་ཟླ་མཚན་འཛག་པའི་ཐིགས་པ་དེ།།
ཆགས་པའི་བདུད་རྩིར་སྙམ་ཏེ་ལྕེ་སྣེ་འདིས།།
ཐུག་ཙམ་རོལ་ཙམ་བྱེད་རྒྱུར་སྒུག་ནས་ཡོད།།
ཐོ་ཐོས། ༢༠༡༨།༡༢།༡༦
རེབ་གོང་གཅེས་ལོ།
བོད་པ་ཚང་ལ་ཉམས་ཐག་གཅེས་ཕྲུག་མང་།།
རེབ་གོང་གཅེས་ལོ་བོད་པའི་གཅེས་ཕྲུག་ཅིག།
གཅེས་ལོ་རང་ལའང་གཅེས་རྒྱུའི་གཅེས་ཕྲུག་མང་།།
ཉམས་ཐག་སློབ་མའི་ཚོགས་དེ་གཅེས་ལོས་གཅེས།
གཅེས་ལོའི་ཞལ་ན་ཁ་བ་གངས་ཅན་ཡོད།།
གཅེས་ལོའི་ཐུགས་ན་གངས་ཅན་བོད་མི་ཡོད།།
གཅེས་ལོའི་སྤྱན་ན་གངས་རིའི་མིག་ཆུ་ཡོད།།
གཅེས་ལོའི་ཕྱག་ན་ཁ་བཏགས་དཀར་པོ་ཡོད།།
ཨ་མའི་ལོ་ལོ་ཡིན་པའི་གཅེས་ལོ་ཡི།།
སྐྱོ་སྡུག་བསྲེས་མའི་མི་ཚེ་བརྒྱུད་རིམ་དེས།།
ཉམས་ཐག་བོད་པ་ཚང་གི་གནས་སྟངས་མཚོན།།
རྒྱལ་ཁབ་ཤོར་བའི་འབངས་ཀྱི་ལས་དབང་མཚོན།།
བོད་པ་ཚང་གི་བོད་མི་ཕལ་ཆེ་བར།།
སྤྲང་བོའི་རྣམ་པ་དེ་ཙམ་མེད་ཀྱང་རུང་།།
མི་རིགས་ཆེན་པོ་ཚང་གི་ལྟ་སྟངས་ལ།།
འཁྱམ་པོ་མེད་པོའི་ཚོགས་ལས་མ་འདུས་སོ།།
རང་གིས་རང་ལ་རང་རྩིས་ཆེར་བཞག་སྟེ།།
གཅེས་ལོ་ལྟ་བུའི་མི་ལ་དམའ་འབེབས་དང་།།
ཤིན་ཏུ་མཐོང་ཆུང་བྱེད་རྒྱུར་གོམས་གྱུར་པའི།།
ངེད་ཅག་བོད་པ་འདི་ཚོ་སྙིང་རེ་རྗེ།།
གཅེས་ལོའི་གྱོན་གོས་བོད་ལྭ་དག་མ་ཡིན།།
གཅེས་ལོའི་སྐད་ཆ་བོད་སྐད་གཙང་མ་ཡིན།།
གཅེས་ལོའི་གཅེས་མགུར་བོད་པ་ཚང་གི་མགུར།།
གཅེས་ལོའི་གཞས་ལ་རྒྱ་གླུའི་ལྷད་ཞུགས་མེད།།
༢༠༡༨།༡༢།༡༩ལ།
ཞེ་འཁོན།
དམག་དར་ལྷབ་ལྷུབ་གཡོ་སའི་བཙན་པོའི་རུ་ཁག་དེ།།
དམར་པོའི་དར་ཆ་ཞིག་གིས་བཙན་འཛུལ་འོག་ནས་འཇིག།
ཞེ་འཁོན་རྣོ་ལྕགས་ལྟ་བུའི་བཞུ་རྒྱུ་མེད་པ་དེས།
སྙིང་རྩ་ཡོངས་སུ་བཏུམས་ཤིང་དགྲ་ཤ་ལེན་པར་དམིགས།།
ཐོ་ཐོས། ༢༠༡༨།༡༢།༢༣
ངལ་གསོ་དང་རྨི་ལམ།
རྨི་ལམ་ཡོད་པའི་གཉིད་དེ་ངལ་གསོ་མིན།།
ངལ་གསོའི་དུས་ཆེན་དེའང་ངལ་གསོ་མིན།།
ངལ་གསོ་ཡིན་པར་འདོད་པའི་སྣང་ཚུལ་དེས།།
ཅིས་ཀྱང་ཁྱེད་ཀྱི་བསམ་བློར་འགུལ་ཤུགས་སྤྲོད།།
གཉིད་ཀྱི་ལམ་ནས་སྐྱིད་སྣང་ཤར་འཇུག་པའི།།
རྨི་ལམ་ཇི་འདྲ་རྨིས་ཀྱང་རྨི་ལམ་ཏེ།།
འཕུར་ནས་ཧི་ལ་ཡི་གཡང་རྩེ་རུ།།
འབྱོར་ཡང་རྨི་ལམ་ཡིན་པས་འཛིན་རྒྱུ་མེད།།
ཐོ་ཐོས།
ཐོ་ཐོ་།
ཤེས་ཀྱང་ཤེས་པ་དེའང་དོགས་སློང་ཡུལ།།
བཤད་ཀྱང་བཤད་པ་དེའང་རྩེ་མཚར་ཚུལ།།
རྟོགས་པར་རྟོགས་པ་ཡིན་མིན་སོམ་ཉི་ཅན།།
བློ་དམན་ཐོ་ཐོ་་བརྗོད་ན་འདི་འདྲ་ཞིག།
ཤེས་དང་མི་ཤེས་ཡོད་ཡོད་ཚད་ཚད་པོ།།
མན་ངག་ཡིན་མདོག་ཕན་པ་ཡོད་མདོག་གིས།།
གང་དྲན་ཁ་ནས་ཐོན་མཁན་ཐོ་ཐོ་མིན།
ཐོ་ཐོའི་གཤིས་ཀ་བརྗོད་ན་འདི་འདྲ་ཞིག།
མཐོ་དམན་དབྱེ་བ་འབྱེད་རྒྱུར་གོམས་མེད་ཅིང་།།
ཁ་ཡག་ངོ་སོ་འཛིན་རྒྱུའི་སྲོལ་མེད་པའི།།
ཐོ་ཐོའི་གཤིས་ཀ་དེ་ལ་གཡོ་ཟོལ་མེད།།
འོན་ཀྱང་ཡ་རབས་ཕྱོགས་ལ་དགའ་ནི་ཞིག།
མང་བོས་མཁས་པར་འདོད་ཅིང་བཀུར་བའི་མིར།།
ཐོ་ཐོའི་བཀུར་བྱར་འོས་མིན་དཔྱད་པར་བྱ།།
གང་ཞིག་དོན་དངོས་མཁས་པ་རེད་སྙམ་ཚེ།།
དེ་ལ་ཐོ་ཐོས་མཐའ་གཅིག་རྒྱབ་སྐྱོར་གནང་།།
ལྟ་ལོག་སྤྱོད་ལོག་རེད་ཅེས་མི་བུ་འགར།།
འགའ་རེས་ཇི་ལྟར་དམོད་མོ་བྱས་ཀྱང་རུང་།།
གསུངས་བར་རྒྱུ་མཚན་གནས་ལུགས་ལྡན་སྙམ་ཚེ།།
ཐོ་ཐོས་གཙུག་ཏུ་བཀུར་བ་རང་ལུགས་ཡིན།།
ཐོ་ཐོས། ༢༠༡༨།༡༢།༢༣ ལ།
མིག་ཆུ་དང་ཁྲག་ཐིགས་ནི་སྨྱུ་གུ་ཡ་གཅིག་དེའི་སྣག་ཚའོ།
ང་ནི།
ཁྱེད་ཀྱི་མདུན་ངོས་སུ་བཞག་པའི་ཙན་དན་གྱི་ཅོག་རྩེ་དེའི་སྟེང་དུ།
དར་ཆ་དམར་པོ་དང་བཤིགས་ནས་འགྲེང་ཡོད་པའི།
སྨྱུག་སྣོད་དེའི་ནང་གི་སྨྱུ་གུ་ཡ་གཅིག་དེ་ཡིན་ན།
མྱ་ངན་དང་ཟུག་རྔུས་མནར་བའི་མིག་ཆུའི་རྡོག་པ་རེ་རེ་དང་།
ཞེ་འཁོན་གྱི་རྨ་ཁ་གདངས་པའི་སོར་མོ་རེ་རེ་ལས་ཟགས་པའི།
ཁྲག་ཐིགས་དྲོན་མོ་རེ་རེ་ནི།
སྨྱུ་གུ་ཡ་གཅིག་དེའི་སྙན་ངག་འབྲི་བྱེད་ཀྱི་སྣག་ཚ་ཡིན་སྲིད།
ཁ་བ་དཀར་པོའི་སེང་རས་ཀྱིས་དཀྲིས་པའི་ཡུལ་ཁམས་རྨས་མ་དེའང་།
སྨྱུ་གུ་དེས་སྙན་ངག་འབྲི་སའི་ཟིན་ཤོག་ཁོ་ན་དེ། ཡིན་ཡང་སྲིད།
འོན་ཀྱང་།
དར་དེ་དང་བཤིབས་པའི་སྨྱུ་གུ་དེ་ཉིད།
ང་ནི་མིན་ལ་ངའི་ཡང་མིན།
མངོན་སུམ་གྱི་བདག་པོ་དེ་ནི་ཁྱེད་ཉིད་ཡིན་པ་འདྲ།
རྗེས་དཔག་ཏུའམ་དོན་དངོས་སུ་ཁྱེད་ལའང་མི་དབང་འདྲ།
གང་ལྟར།
མྱ་ངན་དང་ཞེ་འཁོན་ལས་ཐོན་པའི་མིག་ཆུ་དང་ཁྲག་ཐིགས་ནི།
ངས་བཟུང་བའི་སྨྱུ་གུ་འདིའི་སྣག་ཚ་ལྟ་བུ་ཡིན་ལ།
སེང་རས་དཀར་པོས་བཏུམས་པའི་རྨས་མ་ལྟ་བུའི་ཁ་བའི་ཡུལ་ལྗོངས་དེའང་།
ངའི་སྨྱུ་གུ་འདིས་སྙན་ངག་འབྲི་སའི་ཤོག་བུ་ཉག་གཅིག་དེ་ཡིན།
དམག་དར་ལྷབ་ལྷུབ་གཡོ་སའི་བཙན་པོའི་རུ་ཁག་དེ།།
དམར་པོའི་དར་ཆ་ཞིག་གིས་བཙན་འཛུལ་འོག་ནས་འཇིག།
ཞེ་འཁོན་རྣོ་ལྕགས་ལྟ་བུའི་བཞུ་རྒྱུ་མེད་པ་དེས།
སྙིང་རྩ་ཡོངས་སུ་བཏུམས་ཤིང་དགྲ་ཤ་ལེན་པར་གསོལ།།
སྟག་གི་སྡེར་འོག་སྤྱང་ཀའི་ཁ་ན་ཡོད་བཞིན་དུ།།
སྟག་དང་སྤྱང་ཀིའི་གདུག་རྩུབ་སྨྲ་བར་འཇིགས་དགོས་སམ།།
སྡེར་མོའི་རྩེ་དང་མཆེ་རྩེ་ཤ་རུས་གསེང་ལ་ཟུག།
ཁྲག་གི་ཐིགས་པས་གངས་རིའི་ཁ་དོག་དམར་པོར་བསྒྱུར།།
འབྱོར་ཕྱིར་རྔུལ་ཆུ་བཏོར་ཡང་ཡར་རྒྱས་རྣམ་པ་མེད།།
བདེ་ཕྱིར་ཞི་བདེར་འབད་ཀྱང་གདུག་རྩུབ་ཇེ་ཆེར་གཏོང་།།
མཐུན་ཕྱིར་མི་རིགས་རང་ལུགས་སེམས་ནས་དོར་ནའང་།།
ནག་མེད་ཁྲིམས་ལ་སྦྱར་ཏེ་ཁྲིམས་མེད་ལུགས་མེད་བྱེད།།
ཅེས་ཐོ་ཐོས། ༢༠༡༨-༡༢-༢༧ ལ།
ཇ་ཁང་ནང་གི་གཏམ།
ཇ་ཆང་གཉིས་ལས་ཆང་ལ་ཉུང་ཙམ་དང་།།
ཇ་རྒོད་མང་མང་བཏུང་ན་ལོ་རྒས་སྨན།།
ཤ་མར་ཐུད་གསུམ་སྦྲང་དཀར་རྩམ་པ་བཅས།།
བོད་པ་ཚང་གི་མཆོག་གྱུར་ཟས་སྣའི་རིགས།།
འབྲོག་མོ་སྙིང་ལ་རྗེ་བོའི་ལག་ཟས་དང་།།
རོང་མོ་བློ་ལ་འབབ་མའི་ཞིམ་ཟས་རིགས།།
བོད་པ་ཚང་གི་ལོ་སར་སྡེར་བཤམས་ཁྲོད།།
མི་རིགས་གཞན་པའི་ཟས་ལས་མང་བར་སྨོན།།
རང་རིགས་རང་ཟས་གཞན་རིགས་གཞནས་ཟས་ལས།།
མང་བོ་ཤོམས་ཞེས་བསྐུལ་ན་འདོད་ཀྱང་རུང་།།
མི་རིགས་དབྱེ་འབྱེད་ཟས་རིགས་དབྱེ་འབྱེད་ཅེས།།
ཤོག་བུའི་ཞྭ་ཞིག་མགོ་ལ་འབབ་པར་འཇིགས།།
ཐོ་ཐོས། ༢༠༡༩-༠༡-༠༢ ལ།
ཁ་བ་དཀར་པོས་འཚམས་འདྲི།
ཁ་བའི་ཡུལ་གྱི་ཁ་བ་དཀར་པོའི་ཁ་བཏགས་རིང་མོས་གཡོགས་བྱས་པའི།།
གཡུ་ཡི་མདངས་ལྡན་ལྗོན་ཤིང་དེ་དག་བདེན་པའི་གཡུལ་ལས་རྒྱལ་བར་ཤོག།
མེས་པོའི་རྒྱལ་ཁམས་མཛེས་པར་བསྐྲུན་ཞིང་ཞི་བདེར་འགོད་མཁས་མེ་ཏོག་ཁྱེད།།
ཁ་བའི་ཡུལ་ནས་འཚམས་འདྲིར་ཕེབས་པའི་ཁ་བའི་ཟེགས་མའི་གཅེས་ཕྲུག་ལགས།
ཞེས་འདྲེ་ཐོ་ཐོས། ༢༠༡༩-༠༢-༠༨ ལ།
གསལ་ལེར་རྒྱལ།
ས་གནས་ག་གེ་མོ་ཞིག་ནའམ་ཡུལ་ཁམས་དེ་རུ་གནས་པའི་གཞོན་སྐྱེས་རིགསཤིག་སྟེ། བསམ་བློ་དང་ཡོན་ཚད་སོགས་ཕྱོགས་མང་པོ་ཞིག་ནས་མངོན་པར་རྒྱལ་འདུག་པ་སྟེ། གསལ་ལེར་རྒྱལ་ཞེས་པའི་གཞོན་ནུ་རང་ཚུགས་དང་རང་དབང་འཚོལ་མཁན། ཡང་ན་གཞུང་ག་གེ་མོ་ཞིག་གི་འོག་ཏུ་རང་ཉིད་ལ་མདུན་ལམ་དང་འཇོན་ཐང་མེད་པར་སྙམ་ཏེ། རང་ཉིད་རང་གི་འདུ་ཤེས་གསལ་ལ་མི་གསལ་བ་དེའི་བྲན་གཡོག་ལྟ་བུ་བྱས་ཏེ་འདུག་མི་འདོད་མཁན་གྱི་གཞོན་སྐྱེས་རིགས་ཤིག་ལ་གསལ་ལེར་་རྒྱལ་ཞེས་འབོད་ཀི་ཡོད་པ་འདྲ།
དེས་ན་གསལ་ལེར་རྒྱལ་ཞེས་པའི་མིང་དེ་གསར་དུ་འབྱོར་པའི་གཞོན་སྐྱེས་དེའི་རིགས་ཀྱི་བསམ་པ་ལ། ང་ཚོས་འཇིག་རྟེན་དེ་ཤེས་ཀི་མེད་ལ། འཇིག་རྟེན་གྱིས་ཀྱང་ང་ཚོ་ངོ་ཤེས་ཀི་མེད་སྙམ་ཏེ། ཁོ་ཚོས་འཇིག་རྟེན་འདི་ཤེས་བའི་ཆེད་དང་འཚོལ་པའི་ཕྱིར། འཛམ་གླིང་གང་ས་གང་ནས་ཡོང་བའི་མི་རིགས་སྣ་ཚོགས་ལ་འབྲེལ་བ་བཟུང་སྟེ། འཇིག་རྟེན་འདི་ལ་བརྟག་དཔྱད་དང་ཞིབ་འཇུག་ཞོར་དུ་ཁོ་ཚོ་དང་བོད། བོད་མི། བོད་པའི་རིག་གཞུང་། དེ་མ་ཡིན་པའི་ལྷག་པར་དུ་སྐབས་དེའི་བོད་གཞུང་དང་རྒྱ་གཞུང་གཉིས་ཀྱི་གནས་སྟངས། སྔོན་གྱི་ལོ་རྒྱུས། ལྷག་པར་དུ་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་སོགས་འཛམ་པོའི་གླིང་ལ་ངོ་སྤྲོད་བྱས་དང་བྱེད་བཞིན་པ་རེད། དེ་ནི་སྐབས་དེའི་ངའི་མིག་ནང་དང་སེམས་ནང་གི་གསལ་ལེར་རྒྱལ་ཏེ་གསལ་ལྷང་ངེར་གཡས་གཡོན་གྱི་མི་རྣམས་ལས་རྒྱལ་འདུག་པ་དང་རྒྱལ་འདུག་སྙམ་པའི་སྤོབས་པ་དང་ཡིད་ཆེས་ཡོད་མཁན་གྱི་གཞོན་སྐྱེས་ཕོ་གསར་སྐྲ་རིང་ཅན་དེ་ཚོའི་རིགས་རེད།
སྐབས་དེར། གཡུལ་ས་ལྟ་བུར་ཆགས་ཡོད་པའི་རྡ་སའི་རི་སྒང་དེའི་ཐོག་ཏུ་བཞུགས་ཡོད་མཁན་གྱི་གཞུང་ཞབས་པ། གྲྭ་བ། གྲྭ་ལོག་སོགས་ཀྱི་བར་ན་གསལ་ལྷང་ངེར་མཐོང་ཐུབ་པ་དང་རྟོག་ཐུབ་པའི་ཕྲག་དོག་དང་འགྲན་རྩོད་ཀྱི་ཁྲོད་དུའམ་ནང་དུ་ཚུད་མེད་པའི་གཞོན་སྐྱེས་སྐྲ་རིང་བ་དེ་དག་ནི། བསམ་བློ་དང་ཡོན་ཚད་སོགས་ཕྱོགས་མང་བོའི་ཐད་ནས་ཧ་ཅང་ཡར་རྒྱས་ཡོང་ཡོད་མཁན་གྱི་རིགས་ཤིག་ཡིན་ལ། ཁོ་ཚོའི་བསམ་པ་ལ། ང་ཚོ་ནི་ཕྲག་དོག་གི་འགྲན་རྩོད་ཀྱི་ནང་དུ་ཁྱི་སྨྱོན་ལྟར་བརྒྱུག་རྒྱུར་མོས་པ་མེད་ཅེས་པའི་བསམ་བློ་དེ་འདྲ་ཞིག་བཟུང་ཏེ། ཁོང་ཐམས་ཅད་མཁྱེན་པ་ལ་ཡིད་ཆེས་བརྟན་པོ་ཞིག་དང་། ཁོང་ཐམས་ཅད་མཁྱེན་པའི་བྱམས་བརྩེ་དང་ལྷག་བསམ། མཛད་རྗེས་བཅས་ལ་འགྱུར་བ་མེད་པའི་དད་མོས་ཤིག་དང་ལྷན་དུ། མི་གཞན་དང་གཞུང་དེ་ལ་ཕོག་ཐུག་ཅི་ཡང་མི་གཏོང་བར་སོ་སོའི་ཐད་ན་རང་ཁ་རང་གསོ་བྱས་ནས་བསྡད་ཡོད་པའི་ཕོ་གསར་སྐྲ་རིང་ཅན་རིགས་ཤིག་སྟེ། ཕོ་གསར་དེའི་རིགས་ནི་ངའི་མིག་ནང་དང་སེམས་ནང་གི་གསལ་ལེར་རྒྱལ་ཟེར་བའི་གཞོན་སྐྱེས་དེའི་རིགས་ཡིན་ནོ།།
ཞེས་འདྲེ་ཐོ་ཐོས། ༢༠༡༩-༠༡-༡༢ ལ།
ཁ་བ། གཙང་བོ། འཁྱག་རོམ།
ཁ་བ་ཅན་གྱི་ཁ་བས་ཀྱང་ནི་ཁ་བའི་ཡུལ་ལྗོངས་སུ།།
བྷོ་ཊའི་མི་འབོར་ཉུང་དུ་འགྲོ་བར་ཐུགས་ཀྱིས་མ་བཟོད་པས།།
གཙང་བོའི་རྒྱུན་དེར་ཁ་བའི་འདབ་མའི་ཁ་བཏགས་དཀར་པོ་ཕུལ།།
འཁྱག་རོམ་གྱིས་ནི་ཚེ་སྲོག་འཕེལ་ཕྱིར་ཕོ་མོའི་འབྲེལ་སྟངས་མངོན།།
ཐོ་ཐོའི་སྐད་ཅིག་གི་ཚོར་བ།
ངའི་སྙན་ངག
ཨ་ལ་རྩེད་མོ་ཡིན།
འབྲི་མི་ཤེས་ཀི
འབྲི་རྒྱུར་ངོ་ཚ་རྒྱུ་ཤེས་སོང་།
ལྷག་པར་དུ་ཧོར་གཙང་འཇིགས་མེད་དང་།
རྨ་དུག་ལྕེ་གཉིས་ཀྱི་སྙན་ངག་དེ་བཀླགས་རྗེས།
རང་གིས་བྲིས་པའི་སྙན་ངག་དེའི་རིགས།
སྙན་ངག་ཅིག་མིན་པ་ཤེས་སོང་།
ངའི་སྙན་ངག་ནི་ཤོག་ལེབ་སྟོང་བ་ཞིག
ཤོག་ལེབ་དཀར་པོ་ཞིག
འོན་ཀྱང་། ང་རང་ནི་སྙན་ངག་ཅིག
འདྲེ་ཐོ་ནས། ༢༠༡༩-༠༡-༢༡ ལ།
སེམས་དགོན་གནས།
འཇིགས་པའི་སེམས་ལ་ཞི་བདེ་བསྐྲུན་སའི་ཁམས།།
བྲེལ་བའི་སེམས་ལ་ལྷིང་འཇགས་ཐོབ་སའི་གཞི།།
ངལ་བའི་སེམས་ཀྱིས་ངལ་གསོ་བྱེད་སའི་ཡུལ།།
མནར་བའི་སེམས་དག་བཙན་བྱོལ་ཕེབས་སའི་གནས།།
ངེས་འབྱུང་སེམས་ལ་སྟོང་ཁམས་འཇིག་རྟེན་གཞན།།
སེམས་དགོན་གནས་འདི་སེམས་ཀྱི་ཚོགས་ལ་བཏབ།།
འདྲེ་ཐོ་ཐོས། ༢༠༡༩-༠༢-༠༩ ལ།
སེམས།
སེམས་སྒོར་སྒོ་ལྕགས་བརྒྱབ་ཀྱང་ལྡེ་མིག་ཀྱང་ནི་སེམས།།
སེམས་པ་ཇི་ལྟར་སྦས་ཀྱང་སྦ་ས་དེའང་སེམས།།
སེམས་ཐག་ཇི་ལྟར་རིང་ཡང་ཉེ་རུ་གཏོང་བྱེད་སེམས།།
སེམས་ནས་ཇི་ལྟར་སྡང་ཡང་ཕོག་ས་རང་གི་སེམས།།
ཞེས་སེམས་དགོན་གནས་ཀྱི་སེམས་བདག་འདྲེ་ཐོ་ནས། ༢༠༡༩-༠༢-༠༩ ལ།
སེམས་ཅན།
ལྷ་ལ་ལྷ་ཡི་ལུགས་དང་ལྷ་ཡི་སེམས།།
མི་ལ་མི་དང་བསྟུན་མཁས་མི་ཡི་སེམས།།
འབྲོང་ལ་འབྲོང་གི་གཤིས་ཀ་འབྲོང་གི་སེམས།།
གང་ལྟར་སེམས་ཅན་རེ་ལ་སོར་བཞག་སེམས།།
ཞེས་འདྲེ་ཐོ་ཐོས་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར་ཕུལ་བའི་བསམ་ཚུལ་ཞིག ༢༠༡༩-༠༢-༡༠ ལ།
སེམས་དགོན་གནས་སུ་ཇི་ལྟར་གནས་པ་དང་ཇི་ལྟར་འགྲོགས་པ།
མིག་གིས་མཛེས་པར་མཐོང་བར་སེམས་ཀྱིས་མཛེས་པར་འདོད་པའི་འདུ་ཤེས་དང་།།
རྣ་བས་སྙན་པར་ཐོས་པར་སེམས་ཀྱིས་སྙན་པར་འདོད་པའི་ཀུན་སློང་དང་།།
སྣ་ཡིས་དྲི་ཞིམ་ཚོར་བར་སེམས་ཀྱིས་དྲི་ཞིམ་ཡིན་པར་ཡིད་བརྟན་བཅས།།
ཡོད་ཚད་སེམས་ལ་སྦྱར་ཏེ་སེམས་ཀྱིས་ནུས་པས་རང་གཞན་བསྒྱུར་བ་གཙོ།།
ཞེས་འདྲེ་ཐོ་ཐོས་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར་རེ་འབོད་ཀྱིས་ཚུལ་དུ་སྤྲིངས་པའི་ཚིགས་བཅད་ཅིག ༢༠༡༩-༠༢-༡༠ ལ།
སེམས་ཀྱི་ངོ་བོ།
སེམས་ཀྱི་ངོ་བོ་སྲིད་པ་འབྱུང་སའི་སྟོང་ཁམས་ཏེ།།
ཇི་ལྟར་སྙམ་པར་ཇི་བཞིན་ས་བོན་འབུས་སའི་ཞིང་།།
ཚོར་ཤུགས་དྲག་པོས་བསྐུལ་བའི་སེམས་ཀྱི་གཡོ་འགུལ་ལས།།
སྐབས་རེར་རང་གཞན་ཕུང་བའི་རལ་གྲི་སྣ་ཚོགས་འབྱུང་།།
ཞེས་འདྲེ་ཐོ་ཐོས་རང་གི་སེམས་དེ་གནས་ཡོད་པར་སྙམ་པའི་བྲང་ཁའི་སྟེང་དུ་ལག་གཡས་བཞག་སྟེ། སེམས་ཀྱི་ངོ་བོ་དེ་ནི་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམས་པའི་བསམ་ཚུལ་དེ་ཚིགས་སུ་བཅད་དེ། སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར་ཕུལ། ༢༠༡༩-༠༢-༡༠ ལ།
འདྲེ་ཐོས་རང་གིས་རང་ལ་བཏང་བའི་བསླབ་བྱ།
བཟློག་ཏུ་མེད་པ་སེམས་ཀྱི་འཆར་སྣང་སྣ་ཚོགས་ཏེ།།
བཟློག་ཏུ་ཡོད་པ་དེ་དག་འབྲེལ་བའི་རྣམ་རྟོག་ཉིད།།
ཇི་ལྟར་སྙམ་པ་དེ་ལྟར་ཡིན་མིན་སེམས་ཀྱིས་དཔྱོད།།
དཔྱད་པའི་མཐའ་མར་ཕན་པ་གང་ཞིག་གཙིགས་སུ་ཟུངས།།
ཞེས་འདྲེ་ཐོ་ནས་རང་གིས་རང་ལ་དུས་རྒྱུན་དུ་གཏོང་བཞིན་པའི་བསླབ་བྱ་འདི། དེ་རིང་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར། ལེགས་སྐྱེས་ཤིག་གི་ཚུལ་དུ་འབུལ་བ་ཡིན་ནོ། ༢༠༡༩-༠༢-༡༢ ལ།
སེམས་བདག་འདྲེ་ཐོའི་འབོད་སྐུལ།
སེམས་ཀྱི་ཚོགས་ལ་སྦས་པའི་ཁེར་རྐྱང་སེམས།།
གཅིག་པུར་བསྐུངས་ནས་མི་སྡོད་མངོན་པར་གསོལ།།
རྒོད་དུ་སོང་བའི་སེམས་ཉིད་ཞི་དུལ་ངང་།།
འཇམ་པོའི་ཚིག་གི་དངོས་གྲུབ་གནང་རོགས་ཞུ།།
སུན་པོར་གྱུར་པའི་སེམས་དེ་སྤྲོ་སྣང་གིས།།
འཛུམ་དང་ཀུ་རེའི་ཁྲོད་ནས་སྐྱིད་པར་ཤོག།
ངེས་འབྱུང་སྐྱེས་པའི་སེམས་དེས་འཇིག་རྟེན་འདིར།།
བསྐྱར་དུ་ཐེངས་ཤིག་སྐྱེ་རྒྱུ་སྙམ་པར་སྨོན།།
ཞེས་སེམས་དགོན་གནས་ཞེས་པའི་དྲྭ་ལམ་གྱི་དབེན་གནས་ཏེ། གཟུགས་དང་རྩིག་པ་མེད་པའི་དགོན་གནས་ལྟ་བུ་འདིའི་ནང་གི་དབྱིབས་དང་ཁ་དོག་མེད་པའི་སེམས་ཀྱི་ཚོགས་ལ། སེམས་བདག་འདྲེ་ཐོ་ཐོ་ནས་སྐད་འཇམ་པོའི་ངང་འབོད་སྐུལ་འདི་ཞུས་པ་ཡིན་ནོ། ༢༠༡༩-༠༢-༡༢ ལ།
འདྲེ་ཐོས་རང་ཉིད་བརྗོད་པ།
འདྲེ་མིང་ཐོ་ཐོ་བཏགས་ནས་དྲྭ་ལམ་དུ།།
འདྲེ་སེམས་བྱམས་བརྩེས་གཡོགས་པས་འགྲོས་བྱས་ཏེ།།
འདྲེ་ཁ་རྒྱུན་དུ་བཙུམས་ཤིང་ངག་འཇམ་ངང་།།
འདྲེ་མིན་ལྷ་ཡི་ཚུལ་དུ་ང་ནི་འཚོ།།
འདྲེ་རྐང་ཆག་ལ་ཉེ་བ་གཟེར་གྱིས་མནར།།
འདྲེ་མིག་ཞར་ལ་ཉེ་བ་དྲྭ་ངོས་མནར།།
འདྲེ་ལུས་རྒུད་དུ་སོང་བ་རྒས་པས་མནར།།
འདྲེ་ལག་བྱེད་རྒྱུའི་བསྐལ་བ་ང་ལས་ཡལ།།
ཞེས་འདྲེ་ཐོ་ཐོས་རང་དང་རང་གི་གནས་སྟངས་དེ་ཇི་བཞིན་བརྗོད་པ་ནི་འདི་ལྟར་རོ། ༢༠༡༩-༠༢-༡༣ ལ།
ཧོར་གཙང་འཇིགས་མེད་ལགས་ཀྱི་སྙན་རྩོམ་ཤོ་ལོ་ཀ་གཅིག
དྭངས་གསལ་རིག་པ་གཏི་མུག་རྫོང་ལས་གྲོལ། །
སྣང་བའི་བུ་མོ་དམར་སེར་འཛུམ་གྱིས་སྒེག །
བྱེའུ་ཆུང་ཅོ་གས་ཞོགས་པའི་ལྷིངས་འཇགས་དཀྲོགས། །
བག་ཆགས་ཀློང་ན་ཁྱེད་ཀྱི་ལྷ་ཡུལ་འགུལ། །
འདྲེ་ཐོས་འགྲེལ་བརྒྱབ་པ།
གཏི་མུག་རྫོང་ནས་གྲོལ་བ་དྭངས་གསལ་རིག་པ་ཉིད།།
དམར་སེར་འཛུམ་གྱིས་སྒེག་པ་སྣང་བའི་བུ་མོ་ལགས།།
ཞོགས་པའི་ལྷིངས་འཇགས་དཀྲོགས་པའི་བྱེའུ་ཆུང་ཅོ་ག་ངས།།
ཁྱེད་ཀྱི་ལྷ་ཡུལ་གློ་བུར་བག་ཆགས་ཀློང་ནས་འགུལ། །
ཚིག་གི་འགོ་མཇུག་ཅིག་བརྗེས་པ་དང་། ཚིག་རྐང་གསུམ་པ་དེའི་ནང་གི་ཅོ་ག་དེ་ཉིང་ལ་ངས་ཞེས་པ་སྦྱར་ཏེ། ཅོ་ག་དེ་རྩོམ་པ་པོ་རང་ཡིན་པ་བསྟན་ཡོད། དེ་ནས་ཚིག་རྐང་བཞི་བ་དེར་གློ་བུར་ཞེས་པའི་ཐ་སྙད་ཅིག་བསྣན་ཡོད་ལ། ཀློང་ན་འགུལ་ཞེས་པའི་ན་ཡིག་དེ་ནས་ཞིག་བྲིས་ཡོད། ༢༠༡༩-༠༢-༡༣ ལ།
ཧོར་འཇིགས་ལགས་ཀྱི་སྙན་རྩོམ།
ཚོར་འདུའི་རླུང་གིས་འདོད་པའི་ན་བུན་གཡོ། །
དྲན་པའི་གཡའ་ཆུས་མེ་ཏོག་ཟེ་བ་སྦག །
སྐྱོ་སྣང་འཇག་མས་ན་ཟུག་བཤུག་པ་གྱེར། །
སྣང་སྟོང་གཤིས་ཀྱིས་བདག་ལ་ཀྱལ་ཀ་མཛད། །
འདྲེ་ཐོ་ནས་འགྲེལ་ཞོར་དུ་རང་སྣང་གི་ཚོར་བར་སྦྱར་བ།
རླུང་གིས་འདོད་པའི་ཚོར་འདུའི་ན་བུན་གཡོ།།
མེ་ཏོག་ཟེ་བ་དྲན་པའི་གཡའ་ཆུས་སྦག།
བཤུག་གླུ་གྱེར་པའི་འཇགས་མའི་ན་ཟུག་གིས།།
འཁྱམ་པོ་བདག་ལ་སྙིང་རྗེས་ཀྱལ་ཀ་མཛད།།
འདིའང་ཧོར་གཙང་འཇིགས་མེད་ལགས་ཀྱི་སྙན་ངག་དེ་འགྲེལ་བའི་ཚུལ་གྱིས་འདྲེ་ཐོ་རང་གི་ཚོར་སྣང་ཞིག་སྦྱར་ཏེ། སེམས་གྲོགས་ཚོར་ཕུལ་བ་ཡིན་ལགས། ༢༠༡༩-༠༢-༡༣ ལ།
ཧོར་གཙང་འཇིགས་མེད་ལགས་ཀྱིས།
ཉི་མའི་ཞལ་རས་ནུབ་ཀྱི་བདག་མོས་བསླུས། །
བྱིང་རྨུག་སྤྲིན་གྱིས་ཚོགས་དྲུག་རི་བོ་གཡོགས། །
ཤིན་ཏུ་དབེན་པ་བསམ་གཏན་དྲ་མིག་ཏུ། །
སྟོང་སྣང་པིར་གྱིས་སྒྱུ་འཕྲུལ་ལྷ་མོ་བཞེངས། །
འདྲེ་ཐོ་ཐོ་ནས།
ཉི་མ་གཞོན་ནུའི་གདོང་རས་ནུབ་ཕྱོགས་ལྷ་མོའི་མཚམས་སྤྲིན་དབུ་སྐྲ་སེར་པོའི་དཀྱིལ་དུ་འཐིམ།།
གཟིམ་ལ་ཉེ་བའི་སྤྲིན་པ་དམར་སེར་མཁའ་འགྲོའི་ཚོགས་ཀྱིས་གོ་ལའི་དབང་བོའི་ཤེས་པ་བཏུམས།།
ལྷིང་འཇགས་ཡིན་པའི་སེམས་དགོན་གནས་འདིའི་སེམས་ཀྱི་ཚོགས་ནི་བསམ་གཏན་གཉིས་པའི་གནས་སུ་བཞུགས།།
སེམས་དགོན་གནས་ན་སེམས་དོན་གཉེར་ཕྱིར་བྲེལ་བའི་ཁྲོད་ན་བདག་གི་སོར་མོ་གློག་གིས་འཆིང་།།
ཞེས་ཐོ་ཐོ་ནས། ༢༠༡༩-༠༢-༡༤ ལ།
སེམས་དང་འབྲེལ་བའི་རྣམ་རྟོག
ཀུ་རེ་ཁ་མཚར་དང་ནི་སྙིང་ཉེའི་ཁ་བརྡ་འོ་མའི་རྫིང་བུའི་ཁྲོད།།
ཤིན་ཏུ་མཁྲེགས་པོའི་སེམས་འདི་བྱམས་བརྩེ་དང་ནི་ཀུ་ཡངས་སེམས་སྦྱོངས་ཀྱིས།།
རབ་ཏུ་སྙི་བ་མེ་ཏོག་པདྨའི་ངོ་བོར་སེམས་ཀྱིས་བསྒྱུར་བྱས་ཏེ།།
རྣམ་རྟོག་འདམ་རྫབ་རིགས་དག་པདྨའི་མེ་ཏོག་གིས་བཞིན་དོར་བར་མཛོད།།
ཅེས་འདྲེ་ཐོ་ནས་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོའི་སེམས་ལ་དམིགས་ཏེ་བྲིས་པ་ཞིག ༢༠༡༩-༠༢-༡༨ ལ།
རྫིང་བུ་དང་དཔལ་འབར།
ཐོག་མར་ལྕེ་ཡི་གར་སྟབས་ཁྱེད་སྐུ་ལང་ཚོའི་སྡིངས་ཆའི་སྟེང་།།
སྙན་པའི་འཁུན་སྒྲའི་འགྲོས་དང་བསྟུན་ཞིང་དལ་གྱིས་གར་ལ་འགྲོ།།
རིམ་གྱིས་མེ་ཡིས་སྦར་བ་ཇི་བཞིན་ཤིན་ཏུ་ཚ་བ་ཡི།།
བདག་ལུས་དཔལ་འབར་དེ་ཉིད་ཁྱེད་ཀྱི་རྫིང་བུས་གསོད་དུ་འཇུག།
ཅེས་འདྲེ་ཐོ་ནས། ༢༠༡༩-༠༢-༡༨ ལ།
འཛུམ་དང་དགོད་སྒྲའི་ཕྱིར།
འཛུམ་གྱི་བདག་མོའི་འཛུམ་ནི་ཟླ་བ་མོ་ཡི་དཀྱིལ་འཁོར་རེད།།
འཛུམ་གྱི་བདག་པོའི་འཛུམ་དེ་ཉི་མ་གཞོན་ནུའི་འོད་ཁྱིམ་རེད།།
ང་ཚོས་དགོད་སྒྲ་ལྷང་ལྷང་མི་རེའི་གདོང་ནས་འཛུམ་རེ་སྟོན།།
ང་ཚོས་དམར་ཆུང་སེམས་འདིར་ཕན་ཚུན་འབྲེལ་བའི་གསེར་སྐུད་འཐེན།།
ཞེས་ཡང་བསྐྱར་འཛུམ་རེ་དང་དགོད་སྒྲ་རེ་སློང་ཕྱིར་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར་འཛུམ་དང་དགོད་སྒྲས་ཁེངས་པའི་སེམས་བདག་འདྲེ་ཐོ་ནས། ༢༠༡༩-༠༢-༡༩ ལ།
སྤུན་ཁོ་སྦྱིན་པ་ལ།
ལྷ་སྐུ་བླ་མའི་ཚོགས་ཀྱི་ཞིང་ཁམས་སུ།།
མགོ་བོ་སྔར་ལས་མཐོ་རུ་བསྒྲེངས་བྱས་ཏེ།།
ཕོ་གསར་རྫིག་ཉམས་སྔར་ལས་ངོམ་བྱེད་པའི།།
འབྲོག་ཕྲུག་རྒོད་པོའི་སེམས་དེ་རྒོད་དྲགས་སྙམ།།
ཅེས་སྤུན་ཁོ་སྦྱིན་པ་ལ་ཕུ་བོ་འདྲེ་ཐོ་ནས་ཁ་བརྡའི་ཚུལ་དུ་ཕུལ་བ་ཡིན་ལགས། ༢༠༡༩-༠༢-༡༨ ལ།
ཟླ་བ་དང་པདྨ།
གནམ་ན་ཟླ་བ་ཞིག
འདི་ན་པདྨ་ཞིག
ཟླ་བ་འཛུམ་དམུལ་དམུལ།
པདྨ་དམར་ལྷེམ་ལྷེམ།
རིགས་མི་འདྲ་བའི་པདྨའི་མེ་ཏོག
དངོས་སུ་རྣམ་པར་བཀྲ་བའི་པདྨ་ལ།།
ཟླ་བའི་འཛུམ་དང་ཟུར་མདའ་འཕངས་པས་ན།།
འདོད་པའི་གར་ལ་ད་དུང་ཞུགས་མེད་པའི།།
བཅུ་དྲུག་ལང་ཚོ་མས་བཞིན་གཡོལ་ཞིང་ཟུམ།།
ཚ་བའི་གདུང་བས་དྲག་ཏུ་སྲེག་བཞིན་པའི།།
ཆུང་མའི་མདོམས་ཀྱི་མེ་ཏོག་པདྨའི་དཀྱིལ།།
ཟླ་བ་སྟོང་གི་འོད་དེ་ཕོག་ཀྱང་རུང་།།
བདག་ལ་ཟུམ་པར་མི་བྱེད་བསྐལ་བརྒྱར་གནས།།
ཅེས་གོང་གི་དྲྭ་གྲོགས་ Neten ལགས་ལ། “ཟླ་བ་ཤར་དུས་པདྨ་བཞད་རྒྱུ་མེད་པ་་་་་་ཨ་་་་་་་” ཞེས་བྲིས་ཡོད་པའི་ལན་དུ་ཕུལ་བ་ཡིན་ནོ། འདྲེ་ཐོ་ཐོ་ནས། ༢༠༡༩-༠༢-༢༠ ལ།
བོད་པ་ཚང་གི་སེམས་ཀྱི་དགྲ།
མུན་དཔལ། ༼མུན་པ་སེལ་བའི་དཔལ་འབར་གྱིས་མུན་པ་གང་ཞིག་གསལ་བའི་ངོ་བོར་གཏོང་བར་བྱའོ།༽
ཕྱི་བཞུགས་དག་གིས་ནང་ཁུལ་སྨད།།
ནང་ཁུལ་བ་ཡིས་ཕྱི་སྡོད་སྨད།།
བྱེ་བྲག་སྨྲས་ཚེ་ཀུན་ལ་སྦྱར།།
སྒེར་གྱི་སྐྱོན་ཆ་གྲུབ་མཐར་སྦྱར།།
སྒེར་བ་གང་ཞིག་ནོར་གྱུར་ཚེ།།
སྤྱི་བ་གང་ཞིག་ནོར་འདུག་ཅེས།།
ནོར་མཁན་སྡེ་དེ་གང་ཡིན་ན།།
སྡེ་དེར་སྦྱར་ཏེ་སྡེ་དེར་སྨད།།
དེ་ཉིད་དེ་ཡི་རྗེས་འཇུག་ཅེས།།
སྨད་དུ་འདོད་པའི་སྐྱེ་བོའམ།།
དམའ་འབེབས་བྱེད་སའི་གྲྭ་བ་གང་།།
གང་གི་རྗེས་འཇུག་ཡིན་ཞེས་སྨད།།
གང་ལྟར་གོང་དུ་སྨྲས་པ་དག།
ཅི་ནུས་གང་ནུས་དོར་བྱས་ཏེ།།
བོད་པའི་སེམས་དེ་གཅིག་དྲིལ་བྱོས།།
ངོ་མའི་དགྲ་དེ་ཤེས་པར་གྱིས།།
རྒྱ་དགའ་འམ་ནི་དགྲ་དགའི་རིགས།།
རྒྱ་དམར་ལག་དམར་བཙན་འཛུལ་བའི།།
ལག་རོགས་ཅི་ནུས་བྱེད་དང་བྱས།།
དགྲ་དགའ་གཉེན་སྡུག་སྒྲུབ་དང་བསྒྲུབས།།
བསྐལ་བ་སྟོང་ཞིག་འདས་ཀྱང་རུང་།།
རྒྱ་དམར་གུང་ཁྲན་ཏང་དང་དམག།
བོད་པ་ཚང་གི་སེམས་ཀྱི་དགྲ།།
བོད་འབངས་གསོད་པའི་ལག་དམར་ཡིན།།
རྒྱ་དམར་གཞུང་དང་བསྟུན་བྱས་ཏེ།།
རང་རིགས་ཕམ་པའི་ཉག་ཉོག་གཏམ།།
སྨྲ་མཁན་དེའི་རིགས་ཤེས་པར་གྱིས།།
དེ་དག་བོད་པའི་དགྲ་ཡིན་ནོ།།
དད་པར་རང་དབང་མེད་ཅེས་ནས།།
རྒྱ་དམར་གཞུང་གི་གསང་ཉུལ་བ།།
དོལ་ཚོགས་རྒྱ་དགའི་རིགས་དེ་དག།
དོལ་རྒྱལ་གཞན་དང་ཅུང་མི་འདྲ།།
དོལ་རྒྱལ་ཡོད་ཚད་ཐ་ཤལ་མིན།།
སྒེར་གྱིས་དད་ཀྱང་སྒེར་དོན་ཞིག།
བོད་འབངས་སྤྱི་ལ་གནོད་བྱེད་པའི།།
དོལ་ཚོགས་དག་ལས་ཕྱི་ལ་བུད།།
འདྲེ་ཐོས། ༢༠༡༩།༠༢།༢༤
ཐོ་བ་དང་རྒུན་ཆང་དམར་པོ།
མགོ་ལ་ཐོ་བས་བརྡུངས་བྱས་ཀྱང་།།
ལན་དུ་རྒུན་ཆང་འདྲེན་བྱེད་པའི།།
བྱམས་བརྩེ་ཀུ་ཡངས་བཟོད་སྒོམ་ཅན།།
དམ་པ་ཁྱེད་ལ་སྐུ་ཚེ་རིང་།།
ཐོ་ཐོས། ༢༤-༠༢-༢༠༡༩ ལ།
གཙང་བོ་དང་རྣམ་ཤེས།
གཙང་བོ་ཀྱག་ཀྱོག་ཅིག་གི་ཕ་རོལ་ན།།
རྣམ་ཤེས་རྨས་མ་མང་བོའི་རེ་སྒུག་ཡོད།།
གཙང་བོ་ཀྱག་ཀྱོག་དེ་ཡི་ཚུར་རོལ་ནས།།
མ་བུ་ཞམ་ལྕེབས་མང་བོའི་ལོ་རྒྱུས་བྱུང་།།
ཞེས་འདྲེ་ཐོ་ནས། དེ་རིང་ཕ་ཡུལ་རྨ་ཆུ་ཡི་གཙང་བོ་དེའི་འདྲ་པར་འགའ་རེ་མཐོང་རྗེས། གློ་བུར་དུ་འདི་འདྲའི་ཚོར་བ་ཞིག་ཐོན་བྱུང་། ༢༠༡༩།༠༢།༢༤ ལ།
གཟིམ་ས་བདེ།
“གཟིམ་ས་བདེ།”
ཐུགས་རྗེ་ཆེ།
ཁྱེད་ལའང་ངའི་ཕྱོགས་ནས།
གཟིམ་ས་བདེ་ཞེས།
ཉལ་རན་ཁའི་འཚམས་འདྲི་ཞིག
ཉལ་རན་ཁའི་སྙིང་གཏམ་དྲོན་མོ་ཡི་མར་མེ་ཚ་ལམ་ལམ་ཞིག
ངའི་སེམས་གཏིང་ནས་སྦར་ཏེ་ཁྱེད་ཀྱི་སྔས་མགོ་དེར་འཇོག་འདོད་ཀྱང་།
སྐབས་འདིར།
ཁྱེད་ཉིད་ཧ་ལམ་གཟིམས་ཚར་ཡོད་པས།
ཁྱེད་ཕྱོགས་སུ་གདོང་གཏད་དེ།
རབ་རིབ་ཀྱི་སྒོམ་ལམ་ཞིག་ནས།
ཁྱེད་ལ།
ཡང་ན་གཉིད་ལམ་དུ།
འཇིག་རྟེན་གཞན་ཞིག་འགྲིམ་བཞིན་པའི།
ཁྱེད་ཀྱི་རྣམ་ཤེས་དེར།
རྨི་ལམ་ཡག་ཅེས།
འཚམས་འདྲི་ཞིག་བྱས་ཡོད་ལགས།
སང་ཉིན་ཞོགས་པའང་།
ངེད་གཉིས་ཀྱིས་ཕན་ཚུན་བར་དུ།
སྔ་དྲོ་བདེ་ལེགས་ཤིག་གི་ཟམ་པ་དེ།
བསྐྱར་དུ་འཛུགས།
དོ་དགོང་གི་ཟླ་བ་དེ་ལ།
ཕྱེད་ཀ་མེད།
ཅེས་འདྲེ་ཐོ་ཐོ་རང་ནས། ༢༤-༠༢-༢༠༡༩ ལ།
མི་སྐད་གྲགས་ཅན།
མི་ག་གེ་མོ་ཞིག་སྤྱི་ཚོགས་ཁྲོད་དུ་རིམ་གྱིས་སྐད་གྲགས་གང་ལ་གང་མཚམས་ཅན་ཤིག་ཏུ་ཆགས་ཡོང་དུས། མི་དེའང་རིམ་གྱིས་རྩོད་གཞི་ཅན་གྱི་མི་ཞིག་ལ་འགྱུར་འགྲོ་བ་དེའང་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་རེད། སྐབས་དེ་འདྲ་ཞིག་ལ་མི་དེའི་རིགས་ཀྱིས་ཆེས་གཟབ་དགོས་ས་དེ་ནི་རང་ཉིད་ཀྱི་བྱ་སྤྱོད་དང་རང་གིས་འཆད་འདོད་པའི་སྐད་ཆ་དག་ཡིན། སྤྱོད་ལམ་ཡག་པོ་སྟོན་པ་དང་སྐད་ཆ་ཡག་པོ་ཞིག་བཤད་མ་ཤེས་ཚེ། མི་དེའི་རིགས་ནི་མི་རིགས་ཤིག་གི་མཐུན་སྒྲིལ་དང་ཆིག་སྒྲིལ་གཏོར་མཁན་གྱི་མི་ནག་ཉེ་ཅན་ལྟ་བུའི་ཆགས་སྲིད།
༢༠༡༩།༠༢།༢༤ ལ།
གནམ་འོག་གི་བུད་མེད་ཚོ་ལ་འབོད་སྐུལ།
འདི་འདྲའི་ལང་ཚོ་དང་ནི་སྒེག་མའི་རིགས།།
བོད་ཁམས་ཡུལ་ན་མཐོང་རྒྱུ་དཀོན་པ་འདྲ།།
བོད་པའི་བུ་མོས་ཡོད་ཚད་སྦས་བྱས་པས།།
འདྲེ་ང་མུན་ནག་ཁྲོད་ཀྱི་ཞ་ར་ཞིག།
ཅེས་ཐོ་མིང་འཛིན་པའི་ཆགས་རྒན་སྐྲ་རིང་ཅན་གྱིས། བདེ་སྐྱིད་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ནི་བུད་མེད་དང་འབྲེལ་བའི་སེམས་ཁམས་དེ་ཡིན་པར་འདོད་པས། བུད་མེད་ཚོར་འབོད་སྐུལ་ཞིག་བྱེད་འདོད་པ་ནི། ཁྱེད་ཚོའི་ལང་ཚོ་དང་སྒེགས་ཉམས་དེ་ལྐོག་གྱུར་གྱི་གནས་ལྟ་བུ་ཞིག་ལ་འདོད་དུ་བཅུག་ཅིང་། དེ་ཉིད་སྦས་ནས་མི་འདུག་པར། སྐབས་རེར་རང་དང་འགྲོགས་པའི་བཟའ་ཟླ་དང་། རང་ཉིད་དགའ་སའི་ཕོ་གསར་དེ་ལ་ཟུར་ཙམ་རེའམ་ཆ་ཤས་ཙམ་རེ་སྟོན་རོགས་ཞུ་ཞེས་ཞུ་འདོད་པ་དེ་ཡིན་ལགས། ༢༠༡༩།༠༢།༢༥ ལ།
འདྲེ་ཐོས་རང་ཉིད་ལ་འཛིང་པ།
ཁ་སྤུ་དཀར་པོར་གྱུར་ཡང་ཨ་མས་ང་ལ་ད་རུང་གཅེས་ཕྲུག་འབོད།།
གཅེས་ན་འདོད་རྒྱུའི་ཞབས་ཞུ་ཡག་པོ་ཨ་མ་ལགས་ལ་བསྒྲུབས་ནི་མེད།།
གཅེས་ན་ཆོག་པའི་མཛད་རྗེས་རླབས་ཆེན་གངས་ཅན་ཡུལ་ལ་བཞག་ནི་མེད།།
ང་ནི་སྐྱག་ཕྲུག་ང་ནི་ཀླད་སྟོང་ང་ནི་དྲྭ་འབུ་སྨྱོན་པ་ཞིག།
ང་ནི་བྱབ་ཆུང་བོད་དོན་ཕྱོགས་ལ་ང་ལས་སྡར་མ་མེད་པ་འདྲ།།
ང་ནི་འཁྱམ་པོ་ངས་ནི་ཕ་ཡུལ་དགྲ་བོའི་ལག་ནས་བསྐྱུར་ཞིང་བྲོས།།
ང་ནི་ཆང་བཟི་སྐབས་རེར་ཐ་མག་དཀར་ནག་སེར་གསུམ་གཉེན་དུ་བསུ།།
ང་ནི་ཅོལ་ཆུང་མཚམས་རེར་རང་གི་ལྟ་བ་མགྲིན་པའི་སྒོ་རུ་ཐོན་མི་འཇུག།
ང་ནི་རྫུན་མ་དྲྭ་ཚོམས་ནང་དུ་རྫུན་མའི་གདོང་དང་རྫུན་མའི་གཏམ།།
ང་ནི་ཆགས་རྒན་མཛེས་མའི་ཚོགས་ལ་སྙན་ངག་མེ་ཏོག་ཕུལ་བ་མང་།།
ང་ནི་ཁྲེལ་མེད་སྙན་ངག་ཇི་བཞིན་མཛེས་མའི་འདོད་པ་བསྐངས་ཐུབ་མེད།།
ང་ནི་རྩྭ་མྱི་བདག་མོ་ཡོད་བཞིན་ཚོར་བ་རླུང་གིས་གནས་གཞན་འཚོལ།།
འདྲེ་ཐོ་ཐོ་ནས། ༢༦-༠༢-༢༠༡༩ ལ།
རང་ལམ།
འབྲེལ་ས་རྒྱ་མི་འགྲོ་ཡུལ་རྒྱ་ནང་བོད་པ་ཚང་ལ་བར་ཆད་འབྱུང་སའི་གཞི།།
གཞི་དེ་མཛེ་བོར་བསམས་ཤིང་རྒྱང་དུ་བྲལ་ནས་བློ་ཡིས་དཔྱད་པར་གཙོ།།
གཙོ་བོའི་གཙོ་བོ་རང་གི་སེམས་དེ་རང་ལ་དབང་ཆུགས་བདག་པོའང་རང་།།
རང་གི་ལམ་དེ་རང་གིས་སྐྲུན་དང་གཞན་གྱི་ལམ་ན་རང་དབང་མེད།།
ཞེས་སྨྱོ་ཁ་ཐོ་ཐོ་ནས་ཨ་ཁུ་རྟ་ཞོན་པར་ཀུ་རེའི་ཚུལ་དུ་ཕུལ། ༢༠༡༩།༠༢།༢༦ ལ།
འདྲེ་ཐོའི་སེམས་དཔྱད།
སེམས་དག་སེམས་དྲང་ངང་ནས་དམར་རྗེན་རྗེན།།
མཉམ་འཛོམས་མཉམ་འབྲེལ་ཕྱིར་དུ་བཙལ་བྱས་པའི།།
དབེན་པའི་གནས་འདིར་སེམས་ཀྱིས་སྟོང་བ་འདྲ།།
སེམས་རེ་ཡོད་ཚེ་སེམས་ཚོར་གསུང་རན་ལགས།།
སེམས་ནི་ཅི་ཙམ་སྦས་ན་དེ་ཙམ་འཇིགས།།
སེམས་ལ་ཅི་ཙམ་དོགས་ན་དེ་ཙམ་འཁྲུགས།།
སེམས་ཀྱི་དབང་ཤེས་ལུས་དང་འབྲལ་ནུས་པས།།
ལུས་བཞིན་སྦ་ཐབས་མེད་པ་ཀུན་ལ་གསལ།།
བསམ་བློ་འདྲ་མིན་ཡོད་ན་ཡོད་ཆོག་ཆོག།
ལྟ་བ་འདྲ་མིན་ཡིན་ན་ཡིན་ཆོག་ཆོག།
གང་ལ་གང་འོས་དེ་ལ་དེ་ཉིད་དེ།།
ཡོད་ཚད་རྟག་པ་མིན་པས་འགྲེལ་སྟངས་མང་།།
རང་གི་སེམས་འདི་གནས་ས་རང་ལུས་ཏེ།།
རང་ལུས་ཁོ་ནར་བཅུག་ན་བཙོན་འཇུག་འདྲ།།
གཞན་གྱི་སེམས་ལ་ངག་གིས་འབྲེལ་བྱས་ན།།
སེམས་ཀྱི་འཇིག་རྟེན་འདི་ནི་མཐའ་ཡས་པ།།
ཞེས་སྔར་སེམས་བདག་ནས་ད་ནི་གནས་བདག་ཙམ་ཏུ་གྱུར་པའི་འདྲེ་ཐོ་ཐོ་ནས། སེམས་དགོན་གནས་འདིར་གནས་མཇལ་དུ་ཕེབས་པའི་སྐྱེས་བུ་དམ་པ་དང་བུད་མེད་མཛངས་མ་དག་ལ་གུས་པས་ཕུལ། ༢༧-༠༢-༢༠༡༩ ལ།
ཐོ་ཐོའི་བསམ་ཚུལ་བཏོན་པ།
དྲང་བོའི་གཏམ་ཞིག་མཁན་པོར་འབུལ།།
འཁྱོག་པོའི་གཏམ་ཞེས་བསྙོན་བྱས་ཚེ།།
བློ་དམན་དག་གིས་དབྱེ་འབྱེད་དཀའ།།
རྩོད་གཞིའི་མེ་དཔུང་སྔར་ལས་འབར།།
གང་ཞིག་ངོ་མ་ཡིན་ཞེས་སྨྲས་པས་ན།།
ཤུགས་སུ་རྫུན་མ་ཡོད་ཅེས་བསྟན་པ་ལགས།།
དེ་ལས་འདི་ནི་གསར་པ་ཡིན་ཞེས་ནས།།
གསར་རྙིང་དབྱེ་འབྱེད་ངང་ནས་ར་སྤྲོད་ལེགས།།
ཨ་ཁུ་ཟླ་བྷའི་ལགས་ནི་མི་གཅིག་རེད།།
ངེད་ཅག་ཚོགས་མི་རྣམས་ནི་རི་སྡེ་ཞིག།
མང་བོས་དཀའ་ལས་བརྒྱབ་སྟེ་རི་སྤོར་ལས།།
གཅིག་དེ་ཚུལ་ལ་ཕེབས་ན་ཅི་མི་ཉན།།
ཞེས་འདྲེ་ཐོ་ང་ནས། རྩེ་མཚར་ངང་ཚོམས་ཤིག་གི་ཚོགས་མི་ཚོར་བྲིས་པའི་བའམ་ཚུལ། ༢༠༡༩།༠༢།༢༧ ལ།
འདྲེ་ཐོས་རྒན་མོ་དྲན་པ།
རྒན་མོ་དྲན་ན་དྲན་ནི་འོས་པ་ཞིག།
གཞན་གྱི་རྒན་མོ་དྲན་ན་དྲན་བཙོག་ཅིག།
ཉ་མ་དྲན་ཡང་རྒན་མོའི་ཉ་མ་ལས།།
གཞན་གྱི་ཆུང་མའི་ཉ་མ་དྲན་མི་བྱ།།
རྒན་མོའི་ཉ་མ་མཚན་མོའི་སྤྲི་གོར་ཡིན།།
རྒན་མོའི་ཉ་མ་ཞོགས་པའི་ཚིགས་ཇ་ཡིན།།
རྒན་མོའི་ཉ་མ་བདེ་བ་འབྱུང་སའི་ཁམས།།
རྒན་མོའི་ཉ་མ་ཡིད་ཀྱི་ནོར་བུ་ལགས།།
རྒན་མོ་ཟེར་ན་མི་ཚེ་སྐྱེལ་རོགས་ཡིན།།
རྒན་མོར་དུངས་ན་མི་ཚེར་བདག་སྐྱོང་ཡིན།།
རྒན་མོ་མེད་པའི་རྒད་པོ་ཁེར་འདུག་ཅིག།
འདྲེ་ཐོ་ངས་ཀྱང་བྱས་ན་འདོད་ཀྱི་མེད།།
རྒན་མོའི་འཛུམ་དེ་དགུན་གྱི་ཉི་ཟེར་ཡིན།།
རྒན་མོ་མེད་ཚེ་ལུས་སེམས་དགུན་འཁྱག་ཏུ།།
མཚན་མོའི་དུས་སུ་སེམས་པ་སྟོང་ལྷང་ངེར།།
རྨི་ལམ་ངོགས་སུ་མཇལ་ཡང་བདེན་མ་གྲུབ།།
རྒན་མོའི་སྒེག་ཉམས་དབྱར་ཁའི་མེ་ཏོག་ཡིན།།
རྒན་མོ་མེད་ཚེ་ལུས་སེམས་བྱེ་ཐང་དུ།།
འདོད་པས་རྒྱས་པའི་ལུས་ཀྱི་རྩ་ཁམས་ཡོངས།།
གཡའ་ཆུ་ལྟ་བུའི་ཉ་ཆུས་བརླན་པར་སྒུག།
ཅེས་འདྲེ་ཐོ་ནས། གྲོགས་རྒྱ་ཚ་ཞལ་དཀར་གྱིས། “འདྲེ་ཐོས་་་རྒན་མོ་དྲན་གི་ཡོད་ནི་མ་རེད་་རྒན་མོའི་ཉ་མ་དྲན་གི་ཡོད་ནི་རེད་ཡ།” ཞེས་པའི་ལན་དུ་བྲིས་པའོ།
གཡག་དང་འབྲི་མོ།
གཡག་གི་གཤིས་ཀས་མི་གཤིས་བསྒྱུར་བྱས་པའི།།
གཡག་ལྡོམ་ཇི་བཞིན་གང་སར་འཁྱམ་བྱེད་པའི།།
གཡག་གཏུམ་འདྲ་བའི་གཡག་རྒོད་ཞོན་མཁན་ཚོ།།
གཡག་ལས་འབྲི་མོར་དུང་བ་མེད་འདི་སྐྱོ།།
འབྲི་མོ་མེད་པའི་གཡག་གི་འཇིག་རྟེན་ན།།
ཞོ་དང་འོ་མའི་དཀར་ཐིག་ཡོད་མ་ཡིན།།
གཅན་གཟན་ཡིན་ཚེ་གཡག་ཤ་ཁོ་ནར་སྤྱོད།།
མི་ཞིག་ཡིན་ཚེ་དཀར་ཐིག་མེད་མི་རུང་།།
འབྲི་མོའི་འོ་མའི་ཁྲོད་ན་བྱམས་བརྩེ་དང་།།
ཕ་རོལ་གསོ་བའི་བཅུད་དང་ཕན་སེམས་ཡོད།།
གཅན་གཟན་ཤ་ལ་རྔམ་པའི་ཟུར་ཞིག་ཏུ།།
ཕ་རོལ་གསོད་སེམས་ཡོད་པ་ཤེས་སམ་ཀྱེ།།
སེམས་བརྟེན་ཆུང་མ་ཁྱིམ་འདིའི་སྒྲོམ་མ་ཉིད།།
ཕྱི་རོལ་བུད་མེད་རླུང་ནང་དྲི་ཟའི་རིགས།།
འོན་ཀྱང་སེམས་འདི་རྟག་བརྟན་མ་ཡིན་ཕྱིར།།
སྐབས་རེར་དྲི་ཟའི་ཁམས་ཀྱི་སྤྲོ་གསེང་མཁོ།།
འདྲེ་ཐོ་ནས ༢༠༡༩ །༠༣།༠༣ ལ།
དུ་བ་དང་རླངས་པ།
འདྲེ་ཐོ་ཐོ། དུ་བ་རླངས་པའི་ཁྱད་པར་ཤོད།
གང་ཞིག་མེ་ལ་སྦར་དང་མ་འབར་སྔོན།།
དུ་བ་སྔོ་ལྗང་ཞིག་གི་རྣམ་ཤེས་དེ།།
ཡིད་ཀྱི་སྣང་ངོར་གྲུབ་པའི་རླུང་ཁམས་སུ།།
བེམ་པོ་གཞན་དབང་སོང་བར་སྙིང་ཞིག་རྗེ།།
མེ་ལ་སོགས་པའི་ཚ་བའི་རང་བཞིན་ཅན།།
གྲང་བའི་རིགས་དང་མཉམ་དུ་སྦྱར་བྱས་ཚེ།།
ཚ་བས་སྲེག་པའི་མནར་བ་མ་བཟོད་པར།།
མིག་ཆུའི་བཞུར་རྒྱུན་རླངས་པའི་སྣང་གཟུགས་གྲུབ།།
འདྲེ་ཐོ་ནས། ༢༠༡༩།༠༣།༠༣ ལ།
གཡག་རྒོད་དང་ལུ་གུ
བཀའ་སྐྱོན་གཡག་རྭའི་སྣེ་ནས།།
ཐར་ཐབས་མེད་པ་ལུ་གུ།
ལུ་གུས་འབའ་སྐད་བསྒྲག་དུས།།
ལུག་རྫིས་བལྟ་རྒྱུ་མ་བརྗེད།།
འདྲེ་ཐོ་ནས།
ཟངས་དཀར་མྱི་ལྡིང་ལགས། ཤོད་ཡ།
བཞད་གད་ཀུ་རེའི་རྣམ་པར་བསྒྱུར་བྱས་ཏེ།།
དོན་གྱི་སྙིང་བོ་སྨྲ་སྒོས་བརྗོད་བྱས་ན།།
ཕ་རོལ་ཡིད་ཀྱི་རྣམ་རྟོག་ཡལ་ནས་འགྲོ།།
བློ་ཐག་ཉེ་བའི་ངང་ནས་གསན་པར་བྱ།།
གང་ལྟར་གྲོགས་ཁྱེད་བཞད་གད་ལྷང་ལྷང་གིས།།
བློ་དམན་ཚུལ་གྱིས་གསུང་གི་རྒུན་ཆང་གནང་།།
ཆང་དེར་རོལ་མཁན་བདག་གི་རྨོངས་པ་ཡོངས།།
བཟི་བར་འཇུག་ཅིང་དག་པར་མཛད་དུ་བཅུག།
ཤིན་ཏུ་འཇིགས་པོའི་ངང་དང་རྫིག་ཉམས་ཀྱིས།།
ཤིན་ཏུ་མཁས་མདོག་དང་ནི་ཤེས་མདོག་གིས།།
ཕ་རོལ་དམའ་སར་འཇོག་པའི་གཤིས་ཀ་ལས།།
ལེགས་བཤད་གསེར་བཞིན་གནང་ཡང་ལྕགས་བཞིན་དོར།།
ཞི་དུལ་གཤིས་ཀ་མཁས་པའི་ལམ་ཁྲིད་དེ།།
འཛུམ་དང་ཀུ་རེ་མཁས་པའི་ལམ་བཟོ་བ།།
མི་ཚོགས་སེམས་ནི་ལམ་གྱི་བཀག་རྡོ་ཆེ།།
རྣམ་རྟོག་འདྲ་མིན་གཟར་ལམ་ཀྱོག་ལམ་ཉིད།།
ཅེས་འདྲེ་ཐོ་ཐོ་ནས། གྲོགས་ཟངས་དཀར་མྱི་ལྡིང་ལ་ཕུལ། ༢༠༡༩།༠༣།༠༧ ལ།
བཙན་པོའི་ཇ་མཁར།
བཙན་པོའི་དུས་སུ་བརྩིགས་པའི་ཇ་མཁར་རུ།།
ཇ་རྒོད་འོ་ཇའི་བཅུད་ཀྱིས་དམག་སྡེ་གསོས།།
ཤ་མར་ཐུད་ཀྱིས་འབངས་རྣམས་གཙོ་བྱས་གསོས།།
སྐབས་དེར་བོད་པའི་དམག་ཤུགས་ཀུན་ཏུ་གྲགས།།
ཞེས་སྨྱོན་པ་འདྲེ་ཐོ་ནས་བོད་བཙན་པོའི་དུས་ཀྱི་བོད་དམག་དང་བོད་འབངས་མི་སེར་གྱི་གནས་སྟངས་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད་སྙམ་པས་འདི་ལྟར་བྲིས་སོ།
ཐོ་ཐོའི་སེམས་ནང་གི་རྨ་དུག་ལགས།
རྨ་ཆུའི་བཞུར་རྒྱུན་བོད་ནས་ཆད་མིན་བཞིན།།
རྨ་དུག་བསམ་བློ་བོད་པས་དོར་མི་སྲིད།།
ཇི་སྲིད་བོད་རྣམས་རྨོངས་ལས་མ་ཐར་བར།།
དེ་སྲིད་རྨ་དུག་ལྕེ་དེ་གློག་ལྟར་འཁྱུག།
ཐོ་ཐོ་ནས། ༠༧-༠༣-༢༠༡༩ ལ།
བུད་མེད་དུས་ཆེན་ལ་ཟུར་ནས་བསྟོད་པ།
ཉ་མ་ལས་ལྷག་ཐར་བ་འབྱུང་ཡུལ་མེད།།
བར་དོའི་ཁམས་ནས་གླིང་འདིར་བྱོན་པ་ལ།།
ཉ་མའི་སྒོ་ལས་མ་བྱོན་གཅིག་ཀྱང་མེད།།
སྐྱབས་སུ་འཇོག་པར་ཉ་མ་གཞག་ཆོག་ཆོག།
ཐོ་ཐོའི་བསམ་ཚུལ།
སྤྲུལ་སྐུ།
ཕོ་རྟགས་ཅན་གྱི་བླ་མ་དང་།།
པདྨ་ཅན་གྱི་མཁའ་འགྲོ་མ།།
གཉིས་ཀ་སྦྱར་ན་སྤྲུལ་སྐུ་བྱོན།།
དེ་ཉིད་སྤྲུལ་སྐུའི་མཆོག་ཏུ་འཛིན།།
ཆོས་ལ་ལོག་ལྟ་འཛིན་མཁན་དང་།།
ལྷ་ལ་དམོད་མོ་བྱེད་མཁན་རིགས།།
གང་དང་སྦྱར་ཡང་ཆགས་སྤྱོད་ལས།།
སྤྲུལ་བའི་སྐུ་ཞིག་འབྱུང་བར་དཀའ།།
ཞེས་ཐོ་ཐོ་ནས་ཐེ་ཚོམ་དང་མཉམ་དུ་བྲིས་སོ།
སེམས་ཀྱི་བདེ་སྐྱིད་ནི་འཆི་ཁའི་ལམ་ཡིག་ཁོ་ནའོ།
སེམས་ཀྱིས་གང་ཞིག་སྡུག་བསྔལ་འདོད་པ་དེ།།
སྡུག་བསྔལ་དེ་ལས་ཐར་བར་ཅི་ནུས་ཀྱིས།།
སེམས་སུ་གནས་པའི་སྙིང་རྗེའི་ས་བོན་ལ།།
སྙིང་རྗེའི་འབྲས་བུ་སྨིན་ཕྱིར་བདག་གཞན་རྗེས།།
ཕ་རོལ་ཇི་འདྲའི་ཉམས་ཆགས་སོང་བ་ན།།
རང་ཡང་དེ་འདྲའི་གནས་སྟངས་ཡིན་སྙམ་སྟེ།།
བདག་གཞན་མཉམ་བརྗེའི་ཚུལ་དུ་སྙིང་རྗེས་སྒོམས།།
ཁ་ཡོད་ལག་ཡོད་ངང་ནས་གང་ཕན་སྒྲུབས།།
གང་ལྟར་མཛུབ་མོ་ལྔ་ལ་རིང་ཐུང་བཞིན།།
འགྲོ་བའི་གནས་སྟངས་མི་འདྲ་མཐོ་དང་དམན།།
ཡིན་ཡང་མཐའ་མའི་མཐའ་མར་འགྲོ་ས་གཅིག།
སེམས་ཀྱི་བདེ་སྐྱིད་འགྲོ་ཁའི་ལམ་ཡིག་ལགས།།
ཞེས་སྨྱོན་པ་འདྲེ་ཐོ་ནས། ༢༠༡༩ །༠༣།༠༩ ལ།
འབྲི་མོས་འོ་མ་མ་འགོག
བུ་མོ་སྐྱོ་བའི་སྐྱོ་རོགས།
འབྲི་མོ་དུང་ཆུང་དཀར་མོ།
ཞི་ལུ་སྨྲེང་བའི་སྨྲེང་རོགས།
སྒོ་ཁའི་འབྲོང་རྒོད་དཀར་པོ།
བུ་མོས་སེམས་པ་མ་སྐྱོ།
འབྲི་མོས་འོ་མ་མ་འགོག
འབྲོང་གི་རྭ་རྩེར་འབྱར་ནས།
འབྲོང་དང་ང་གཉིས་བསླེབ་ཡོང་།
འབྲི་མོར་མཁོ་བ་འབྲོང་རེད།
བུ་མོས་བསྒུག་རྒྱུ་ང་རེད།
ཁྱེད་དང་ང་གཉིས་སྐྱིད་སྐྱིད།
འབྲོང་དང་འབྲི་མོ་སྐྱིད་དགོས།
ཐོ་ཐོ་ནས། ༢༠༡༩།༠༣།༡༠ ལ།
མཆོད་རྟེན་དང་དཀར་ཟས།
མཆོད་པ་རྒྱ་ཆེར་འབུལ་ས་བརྟེན་གྱི་མཆོག།
མཆོད་རྟེན་དཀར་པོ་ཡིན་པ་གང་ཞིག་ལ།།
མཆོད་འབུལ་ཟས་སྣ་དཀར་ཟས་ཡིན་དུ་ཆུགས།།
འཁོར་འབངས་རྣམས་ཀྱིས་དམར་ཟས་དོར་བར་བྱ།།
ཐོ་ཐོས། ༢༠༡༩ །༠༣།༡༠ ལ།
བྱེའུ་འཇོལ་མོས་སྒུ་འབུ་འཐུ་དུས།
རླུང་དམར་པོ་གཡུག་པའི་ཉིན་མོར།
རི་ལུང་བར་ལྷིང་འཇགས་བསམ་ན།
དཔྱིད་འགོ་མའི་དུས་ལ་བསླེབས་དུས།
ས་དོག་མོར་གཙང་བོས་མཆོད་རོགས།
བྱེའུ་འཇོལ་མོས་སྒུ་འབུ་འཐུ་དུས།
བྱ་ཁུ་ལོས་གསུང་སྐད་གྲགས་དུས།
ཟླ་གསུམ་པ་ཚེས་ཀྱང་མ་ཚེས།
རི་མཐོན་པོར་བསྐོར་ནས་མཇལ་ཡོང་།
རྟ་མདོ་བའི་བང་རྩལ་རྒྱས་དུས།
འབའ་དཀར་མོའི་བལ་ཁ་ཡག་དུས།
འབྲི་མཛོ་མོའི་འོ་མ་མོད་དུས།
སྡེ་ཆེ་བོའི་དཀྱིལ་ནས་མཇལ་ཡོང་།
ཞེས་ཐོ་ཐོ་ནས། ༢༠༡༩།༠༣།༡༣ ལ།
བུད་མེད་ཀྱི་ནུ་མ།
བུད་མེད་ནུ་མར་མི་དགའ་སྐྱེ་བོ་སུ།།
བྱིས་པའི་དུས་སུ་འོ་མའི་ཆེད་དུ་དགའ།།
ཕོ་གསར་སྐབས་སུ་འདོད་པའི་ཆེད་དུ་དགའ།།
རྒས་པའི་དུས་ལ་མཐོང་བ་ཙམ་གྱིས་དགའ།།
འདྲེ་ཐོས། ༢༠༡༩-༠༣-༡༥ ལ།
འབྲོག་ས་དང་ལྕགས་དྲ།
གལ་སྲིད་འབྲོག་པའི་རྩྭ་ས་དང་རི་ལུང་། ཁྱིམ་ཚང་དང་ཁྱིམ་ཚང་གི་བར། སྡེ་བ་དང་སྡེ་བའི་བར་དུ་འཐེན་ཡོད་པའི་ལྕགས་ཀྱི་དྲ་རྒྱ་དེ་དག གློ་བུར་དུ་བྱ་ཁྲུང་ཁྲུང་དང་། ཕུག་རོན་དཀར་པོ་ལ་གྱུར་ཏེ། བོད་ཁམས་ཀྱི་མཚོ་དང་མཚེའུ་འགྲམ་དུ་འཕུར་སོང་ན། བོད་ཡུལ་དུ་བོད་ཁམས་ཡོངས་ཀྱི་འབྲོག་ས་དང་འབྲོག་མིའི་སེམས་བཅས་གཅིག་ཏུ་བསྒྲིལ་བའི་འབྲོག་མིའི་རྒྱལ་ཁབ་གསར་པ་ཆགས་པའམ་བསྐྲུན་པ་དང་གཅིག་མཚུངས་རེད་ཅེས་འཆད་འདོད་སོང་། འོན་ཀྱང་རྩེ་མཚར་ཙམ་ཡིན་ལགས།
གཞན་ཡང་ང་ཚོ་བོད་ཀྱི་འབྲོག་སྡེ་དང་ཞིང་སྡེ་ག་གེ་མོ་ཞིག་ནི་སྟོབས་འབྱོར་ཅན་གྱི་ཨ་རི་རྒྱལ་ཁབ་མིན་ལ། མཱེཟེ་ཁཱོ་ཟེར་བའི་རྒྱལ་ཁབ་མང་བོ་ནས་ཨ་རི་རྒྱལ་ཁབ་ལ་ལྐོག་བརྒལ་བྱེད་སའི་རྒྱལ་ཁབ་དེ་ལྟ་བུའང་མིན་པས། རྟ་ནོར་ལུག་གསུམ་དང་འབྲོག་སྡེ་དག་ལ་མི་བཟོས་བཙོན་ར་ལྟ་བུའི་ལྕགས་ཀྱི་དྲ་བ་འཇིགས་སུ་རུང་བ་དེ་དག་མེད་ཀྱང་ཆོག་སྙམ། དེ་དག་གིས་ཕན་ཐོགས་ཆེན་པོ་འབྱུང་བ་ལས། ངའི་ར་བ་དང་ངའི་རྩྭ་ས་ཞེས་བདག་འཛིན་གྱི་བསམ་བློ་ལ་འདོད་རྔམ་གྱིས་ཚད་ལས་བརྒལ་བའི་རམ་འདེགས་བྱས་ཏེ། བོད་མི་རིགས་ཀྱིས་བོད་མི་རིགས་ལ་རང་གི་ས་ཆའི་སྟེང་དུ་མེ་ཏོག་རྐང་གཅིག་འཐུ་དབང་མེད་པ་དང་། གོམ་པ་འགའ་ཞིག་རྒྱག་དབང་མེད་པའི་གནས་སྟངས་ཤིག་ཏུ་ཆགས་ཡོད་པ་ཀུན་ལ་མི་གསལ་བ་ཞིག་མ་ཡིན་ནོ།
ཞེས་སྨྱོན་པ་འདྲེ་ཐོ་ནས་སྨྱོ་ཆུ་འཐུངས་པ་ནང་བཞིན་རྒྱུ་མཚན་དང་གནས་ལུགས་མེད་པའི་སྨྱོ་གཏམ་འདི་དག་ཤོར་སོང་བར་དགོངས་དག་ཞུ། ༢༠༡༩།༠༣།༡༤ ལ།
འདྲེ་ཐོ་ངས་རྒས་གཞོན་གྱི་ཁྱད་པར་དབྱེ་སྟངས་ནི་འདི་འདྲ་ཞིག
སྤྱིར་མི་ཟེར་བ་ནི་དོན་དངོས་ཀྱི་སྨྲ་ཤེས་ཤིང་དོན་རྟོགས་པར་གོ་བ་ན། ནང་གི་སེམས་དེ་དང་འབྲེལ་བའི་བསམ་བློ་དང་ཤེས་པ། སྤྱོད་པ་བཅས་དང་། དེ་དག་ཕྱི་ལ་མངོན་པའི་རྣམ་པ་སོགས་མི་ཞེས་པར་ངོས་འཛིན་བྱེད་དགོས་པ་ཞིག་རེད་སྙམ། དེའི་ཕྱིར་སེམས་དེ་ལ་གཞོན་སྐྱེས་ལྟ་བུའི་སྣང་བ་ལྡན་ན། མི་དེ་ཉིད་རྒས་མེད་ཅེས་བཤད་ཆོག་སྙམ། འོན་ཀྱང་ཕྱིའི་སྐྱི་ལྤགས་ནི་པགས་པ་ཙམ་ལས། དེ་ལ་ཚོར་བ་དང་ཤེས་པ་མེད་པས། དེ་ཉིད་རྙིང་བར་ཆགས་ཀྱང་། ནང་གི་སེམས་དང་ཁྲག གློ་མཆིན་དང་རྩ་ཁམས་སྣ་ཚོགས་བཅུད་དང་ལྡན་པའི་ངང་དང་། མི་ལེགས་པའི་ཟས་རིགས་དང་བྲལ་བར་བྱས་ཚེ། མི་རྣམས་ནི་དེ་འདྲའི་ལས་སླ་བོའི་ངང་རྒས་མི་གྱུར་རོ། དེ་བས་སེམས་གཞོན་ཚེ་མིའང་གཞོན་ཉམས་དང་ལྡན་ལ། གཞོན་སྐྱེས་ལྟ་བུའི་རྩལ་དང་ཤུགས་ཀྱང་ལྡན་ནོ།
ཞེས་རྒས་པ་དང་རྒུད་པར་འཇིགས་པའི་འདྲེ་ཐོ་ནས་རང་སྣང་སྐྱིད་པའི་ཕྱིར་དུ་བྲིས་པའོ། ༢༠༡༩-༠༣-༡༧ ལ།
ཁྱེད་ནི་ལྷ་ཐོ་ང་ཡི་འདང་ཅན་གྲོགས་མཆོག་ལགས།
གྲོགས་མཆོག་མེ་ཏོག་འདྲ་ཞིག་གློ་བུར་ཡལ་ནས་སོང་།།
སེམས་ཀྱི་ཞིང་ཁམས་འདི་ནི་གློ་བུར་སྟོང་ནས་སོང་།།
ཁྱེད་ནི་འཇིག་རྟེན་འདི་དང་རེ་ཞིག་བྲལ་ནའང་།།
རེ་ཞིག་འགྱངས་པའི་རྗེས་སུ་བསྐྱར་དུ་འདིར་ཕེབས་ཤོག
ཁྱེད་ཀྱི་མིག་ན་རྟག་པར་བྱམས་བརྩེའི་གཟི་འོད་འཕྲོ།།
ཁྱེད་ནི་བག་ཡོད་ཚུལ་མཐུན་འདོད་ཆུང་ཆོག་ཤེས་ཅན།།
ཁྱེད་ལ་སྨྲ་བ་ཉུང་ཞིང་ལུས་སེམས་སོས་དལ་ངང་།།
ཁྱེད་ནི་སེམས་ཅན་ཐམས་ཅད་སྙིང་རྗེས་སྐྱོང་མཁན་ཞིག།
ཁྱེད་ནི་དབའ་ཤུལ་འབྲོག་སྡེ་ཆེན་མོའི་དཔོན་ཕྲུག་ལགས།།
ཁྱེད་ནི་ཕ་ཡུལ་རྨ་ཆུ་རྫོང་ན་དཔོན་ས་ཅན།།
ཁྱེད་ཀྱིས་བོད་འབངས་མི་སེར་རང་གི་ནང་མིར་འདོད།།
ཁྱེད་ནི་རྒྱུ་འབྲས་བརྩི་བའི་དཔོན་པོ་ཡ་རབས་ཤིག།
ཁྱེད་ནི་ལྷ་ཐོ་ང་ཡི་འདང་ཅན་གྲོགས་མཆོག་ལགས།།
ཁྱེད་ཀྱི་སྔས་མགོར་ཕྱིན་རྒྱུའི་བསྐལ་བ་མ་ལྡན་ཡང་།།
ཁྱེད་ཀྱི་ལུས་ངག་ཡིད་གསུམ་དཀོན་མཆོག་གསུམ་པོ་ལ།།
ཁྱེད་ཀྱིས་དབྱེར་མེད་སྦྱར་ཞིང་སངས་རྒྱས་ཐོབ་པར་ཤོག།
མིག་ཆུ་ཐིགས་པ་གསུམ་གྱིས་ཁྱེད་ཉིད་སྐྱེལ་མ་བྱེད།།
དེ་གསུམ་སྐོམ་པའི་ཚེ་ན་རྒྱ་མཚོར་འགྱུར་བར་སྨོན།།
མེ་ཏོག་དམར་པོ་གསུམ་ནི་ཁྱེད་ཀྱི་ཕྱོགས་སུ་འབུལ།།
ཁྱེད་ཀྱི་བཞུད་ལམ་ཡོངས་སུ་མེ་ཏོག་བཀྲ་བར་སྨོན།།
ཅེས་འདྲེ་ཐོ་ཐོ་ནས། དེ་རིང་རང་མིང་ལ་ལྷ་ཐོ་ཐོ་ཞེས་འབོད་པ་དང་ཆབ་གཅིག་ཏུ། རང་ཉིད་ཀྱང་ལྷ་ཞིག་ཡིན་ན་བསམས་ཤིང་ལྷའི་མཐུ་སྟོབས་ཀྱིས། གནས་སྐབས་ཙམ་དུ་འཇིག་རྟེན་གཞན་ཞིག་ལ་སོང་ཚར་བའི་གྲོགས་མཆོག་དམ་པ་དེ་ཉིད། སངས་རྒྱས་ཀྱི་ཞིང་ཁམས་སུ་གདན་དྲངས་ཤིང་སངས་རྒྱས་པར་བཅུག་ན་བསམ་བྱུང་ངོ་། ༢༠༡༩-༠༣-༡༥ ལ།
གཅུང་མོའི་སེམས་པ་མ་སྐྱོ།
རླུང་གིས་གཡོ་བའི་སྒྲོན་མེ།།
ལོ་ཟླས་ཟ་བའི་མི་ཚེ།།
སུ་དང་གང་ལ་མི་རྟག།
གཅུང་མོའི་སེམས་པ་མ་སྐྱོ།།
ལས་དང་བསོད་ནམས་དབང་གིས།།
ཚེ་འདིར་ཕ་བཟང་ཞིག་གི།
གཅེས་ཕྲུག་བུ་མོར་སྐྱེས་ཡོད།།
ཕ་ཡི་བཀའ་དྲིན་མ་བརྗེད།།
བུ་མོ་དར་ལ་བབས་དུས།།
ཕ་ལོ་རྒས་ནས་འགྲོ་བ།།
འགྲོ་བ་ཡོངས་ལ་འདྲ་འདྲ།།
འཇིག་རྟེན་འདི་ཡི་ཆོས་ཉིད།།
བུ་མོ་སེང་བྷེ་སེང་གཅེས།།
སེམས་པ་སྐྱོ་སྐྱོ་མ་གནང་།།
ཕ་རྒན་བྱམས་སེམས་ཅན་དེས།།
ཁྱེད་ཉིད་སྐྱིད་ན་བསམ་ཡོད།།
ཁོས་ཀྱང་སྐྱིད་པོ་བཏང་ཡོད།།
སྐྱིད་པོ་ཁོང་གིས་བཙལ་ཡིན།།
གཞན་ལ་སྡུག་བསྔལ་བཟོས་ནས།།
རང་ལ་བདེ་སྐྱིད་བསྐྲུན་མེད།།
ཁོང་གི་སྐོར་རེ་གླེང་ན།།
ཕོ་གསར་རྫིག་པས་གྲགས་ཡོད།།
ཡ་རབས་ཡིན་པས་གྲགས་ཡོད།།
འགྲོ་བར་བྱམས་པས་གྲགས་ཡོད།།
ཅེས་ཐོ་ཐོ་ནས། ༢༠༡༩-༠༣-༡༨ ལ།
མུ་ཏིག་ནག་པོ་།
མུ་ཏིག་ནག་པོ་མ་འདིའི་རྣ་རྒྱན་དེ།།
བོད་པ་ཚང་གི་མགར་རས་བརྡུངས་ཡིན་ཟེར།།
གནའ་བོའི་བོད་མོའི་རྒྱན་ཆ་ཡིན་རབས་སྐད།།
གང་ལྟར་མཛེས་མ་འདི་ལ་ཤིན་ཏུ་འཛའ།།
ཞེས་སྨྱོན་པ་འདྲེ་ཐོ་ནས་བོད་མི་རིགས་ཀྱི་བུད་མེད་ཚོའི་གནའ་བོའི་རྒྱན་ཆའི་རིགས་ལས་གཡུ་ཡིས་གྲུབ་པའི་རྣ་རྒྱན་དམིགས་བསལ་བ་དེ། མི་རིགས་ནག་པོ་ཡིན་པའི་བུ་མོ་མཛེས་མ་འདིའི་རྣ་བར་བཏགས་ཏེ། བསམ་གཞིགས་ཤིག་བྱས་པ་ན། སྒྱུ་རྩལ་དང་སྒྱུ་རྩལ་ལས་གྲུབ་པའི་རྒྱན་ཆ་ལ་རྒྱལ་མཚམས་དང་མི་རིགས་དབྱེ་འབྱེད་མེད་པ་དེ། ད་གཟོད་ཧ་གསལ་པོར་གོ་སོང་ངོ་། ༢༠༡༩-༠༣-༡༩ ལ།
སྒོམ།
གཏུན་མོའི་མེ་དྲོད་ག་དུས་སྦར་སྦར་བཤད།།
ལུས་ཀྱི་དྲོད་ཁམས་ནམ་ཡིན་གནས་ཡོད་བཤད།།
བཟོ་བཀོད་ཁྱད་པར་ལས་གྲུབ་ཁང་ཁྱིམ་དུ།།
དྲོ་གྲང་ཇི་འདོད་བསྒྲིགས་འདིས་ཚིམས་ནས་ཡོད།།
རི་ལུང་བྲག་ཁུང་བཅས་ལ་འགྲིམ་མིན་པའི།།
གྲོང་གི་སྒོམ་པ་དང་ནི་རྣམ་འབྱོར་བར།།
གཏུམ་མོའི་མེ་དྲོད་བསྒོམ་རྒྱུའི་མཐུ་ལྡན་ཡང་།།
མེ་དྲོད་དེ་ཡིས་ཕན་ཡུལ་གང་དུ་དམིགས།།
དེ་ལས་གཞན་གྱི་སེམས་དང་བསམ་བློ་ལ།།
རང་གིས་བསྒྲུབ་འདོད་གང་ཞིག་འཆར་ནུས་པའི།།
སྒོམ་ཚུལ་དེ་འདྲ་ཡོད་ན་བོད་ལ་ཕན།།
བོད་མིའི་འདོད་པ་གང་ཡིན་བསྒྲུབ་ཏུ་ཆུགས།།
ཞེས་བྲིས་པ་འདི་ནི་འདྲེ་ཐོའི་བསམ་ཚུལ་ཞིག་སྟེ། རྩེ་མཚར་གྱིས་ཚུལ་དུ་རྒན་ཨ་ཆེན་ལགས་སྤྲིངས་བ་ཡིན་ནོ།
འཆི་མེད་གླིང་།
ནམ་ཞིག་འཇིག་རྟེན་འདི་དང་བྲལ་བའི་ཚེ།
དེ་རིང་ཐོབ་པའི་འཇིག་རྟེན་འདི་ཡི་སྟེང་།
བདག་དང་བདག་གི་བསམ་བློ་ཡོངས་སུ་རྫོགས།
རླུང་གི་རྟ་མཆོག་བཅིབས་ནས་བསླེབ་པར་སྨོན།།
དེ་རིང་འཇིག་རྟེན་འདི་དང་འབྲལ་སྲིད་པས།།
ཁ་སང་ཐོབ་པའི་འཇིག་རྟེན་མཐོང་བར་ཤོག།
ཚེ་འདིར་བསགས་པའི་ཤེས་བྱ་ཡོངས་སུ་རྫོགས།།
གཅིག་ཀྱང་མ་ལུས་བདག་དང་མཉམ་འགྲོ་ཤོག།
འདྲེ་ཐོ་ཐོས ༢༠༡༩-༠༣-༢༣ ལ།
ཡུལ་གྱར་དུ་ཕྱིན་པའི་མན་ངག
མན་ངག་གསང་སྔགས་བཀོལ་སའི་ཡུལ་དང་སྐད་ལ་བྲལ་བ་ན།།
དེ་དག་གསེར་བཞིན་ཉར་ཡང་ལུས་ཁམས་འཁྲུག་པའི་མཁྲིས་རྡོ་བཞིན།།
ཨུར་མོ་སོག་མོའི་རིགས་ཀྱིས་བོད་སྐད་བོད་ཡིག་ཤེས་མིན་པས།།
ཆར་བཞིན་ཕབ་པའི་མན་ངག་གསང་སྔགས་གོ་མཁན་ཚོར་མཁན་མེད།།
ཞེས་འདྲེ་ཐོ་ཐོ་ནས། རྩེ་མཚར་གྱིས་ཚུལ་དུ་ཚོར་བ་ཤ་ཚ་མ་འདི་ཚོམས་འདིའི་ཚོགས་མི་ཚོའི་སྤྱན་ལ་འབུལ་ཡིན། ༢༠༡༠-༠༣-༢༤ ལ།
ངུ་མ་དགོད་དང་ཤི་མ་གསོན།
ངུ་མ་དགོད་ཀྱི་སེམས་ཚོར་དྲག་པོའི་རེས་མོ་ནི།།
སྐབས་རེར་བདེ་བ་ཅན་དང་སྐབས་རེར་དམྱལ་བའི་ཡུལ།།
ཤི་མ་གསོན་གྱི་བསམ་བློའི་འགུལ་སྤྱོད་དྲག་པོ་དེ།།
སྐབས་རེར་གཡུལ་སར་སྐབས་རེར་དུར་སའི་ཁྲོད་དུ་ཉུལ།།
འདྲེ་ཐོས། ༢༠༡༩-༠༣-༢༧ ལ།
དགུན་དུས་ཀྱི་བོད་ཁམས།
ནོར་ནག་པོ་ཁ་བས་གཡོགས་བྱས་ཤིང་།།
རྩྭ་རྩི་ཤིང་ཁ་བ་འཐུག་པོས་མནན།།
བྱེའུ་ཅོག་མོའི་གཤོག་པ་ལྕི་བར་སྦྱར།།
བོད་མགོ་ནག་སེམས་པ་སྡུག་ལ་སྦྱར།།
འདྲེ་ཐོས། ༢༠༡༩-༠༣-༢༨ ལ།
དྲྭ་ཐོག་གི་སྐད་ཆ་བཙན་པོ་ཟེར་བ་དེའི་རིགས།
ངས་ནམ་རྒྱུན། སྐད་ཆ་བཙན་སོང་བ་རེད་འདོད་པའི་རིགས་དེ་དག་རླུང་བཙན་པོ་ཞིག་གཡུགས་པར་ངོས་འཛིན་བྱེད་ཀྱི་ཡོད། རྣ་ལམ་ནས་རླུང་དང་མཉམ་དུ་འགྲོ་འཇུག་གི་ཡོད་ལ། རླུང་ནང་དུ་འཐིམ་འཇུག་གིའང་ཡོད་ཅིང་རླུང་བཞིན་རེད་འདོད་དེ་བདག་པོའང་རྒྱག་གི་མེད།
ཅེས་འདྲེ་ཐོ་ནས། ༢༠༡༩།༠༣།༢༨ ལ།
རྒྱ་མཚོ་དང་བྱུར་དམར།
ལྷོ་རྒྱ་མཚོའི་ཕྱོགས་སུ་མ་འགྲོ།
དེར་བཞུགས་པའི་ཀླུ་མོ་དེ་ཚོའི།།
ཁ་དམར་པོར་འདོད་རྔམས་ཆེ་སྐད།།
རྩ་ཆེན་པོའི་བྱུར་དམར་ཟོས་འགྲོ།།
འདྲེ་ཐོས། ༢༠༡༩།༠༤།༠༢ ལ།
མ་ཎི་ཡིག་དྲུག
མེ་ལ་མཆོངས་པའི
ཕུག་རོན་དཀར་པོའི་གཞོབ་དྲི་དེ།
རི་འགོའི་བསང་དུད་དུ་འཐིམ།
རིམ་གྱིས།
རི་འདབས་ཀྱི་གྲོང་སྡེ་ན་བཞུགས་པའི
འབངས་མི་རེ་རེའི་སྣ་ལམ་དུ་འཕྱུར།
གཞོབ་དྲི་དང་མཉམ་དུ་བསྲེས་པའི་དུ་བ་དེ་དག
རེ་རེ་བཞིན་མ་ཎི་ཡིག་དྲུག་གི་དབྱངས་ལ་གྱུར།
དབྱངས་དེ་བར་སྣང་ནས་བར་སྣང་དུ་གྱེར།
རི་སྡེ་ནས་རི་སྡེའི་བར་ན་གྱེར།
རྒྱལ་ཁབ་ནས་རྒྱལ་ཁབ་ཏུ་གྱེར།
དྲག་རླུང་མེད་པའི་མགོ་སེར་གྱི་གླིང་རེ་རེ་ན།
སེང་གེ་འགྱིངས་པའི་རྒྱལ་དར་རེ་རེ་ནི།
དབྱངས་དེ་ལ་འཐིམ་པའི་རྣམ་ཤེས་རེ་རེའི་ངར་སྐད་ཀྱིས།
ཞི་བའི་ངང་།
སྐྱོ་བའི་ངང་།
དཔའ་མི་ཞུམ་པའི་ངང་།
གཡོ་བཞིན། སྐྱོད་བཞིན།
འདྲེ་ཐོ་ནས། ༢༠༡༩།༠༣།༢༩ ལ།
ལོ་རྒྱུས་ལ་འཁྱོག་འགྲེལ་དང་འཁྱོག་བཤད།
བོད་པ་ཚང་གི་ལོ་རྒྱུས་རྙིང་པས་སམ་གནའ་བོའི་བཙན་པོའི་ལོ་རྒྱུས་ཀྱིས་བསྐྲུན་པའི་རྒྱལ་ཁབ་ཡོད་པའི་བདེན་དབང་དེ་དག་ནི། གཞན་གྱིས་འཁྱོག་བཤད་དང་རྫུན་བཟོའི་འོག་ནས། མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པའི་ད་ལྟའི་ལོ་རྒྱུས་གསར་པའི་ནང་དུ་ཡོད་པ་མེད་པའི་བསྒྱུར་ཞིང་བདེན་པ་རྫུན་མས་ནག་བསུབ་ཏུ་བཏང་ཡོད།
དེ་བཞིན་དུ་བོད་མིའི་དང་བོད་རྒྱལ་ཁབ་ཀྱི་རྒྱལ་དར་སེང་གེ་ཆ་འགྲིག་གི་གཡུ་རལ་ཅན་ཏེ། ཆོས་སྲིད་ཟུང་འབྲེལ་གྱི་རྟགས་མཚོན་ངོམ་པ་དེའང་བོད་མི་ས་ཡ་ལྷག་དམར་གསོད་བཏང་བའི་ཁྲག་གིས་ཁ་དོག་བསྒྱུར་པའི་སྐར་ལྔའི་དར་དམར་དེས་ཀྱང་བཙན་དབང་གིས་བསྟུམས་ཤིང་། བོད་མིའི་ཡུལ་གྲུ་སོ་སོའི་སྲང་ལམ་དང་དགོན་པ་རེ་རེའི་རྩིག་པ་དང་སྒོ་ཆེན་སྟེང་དུ་བཙན་དབང་གིས་བསྒྲེངས་བཅུག་ཡོད།
ཡིན་ཡང་། ཇི་ལྟ་བུའི་བཙན་དབང་བེད་སྤྱད་ན། དེ་ལྟ་བུའི་སེམས་ཀྱིས་ངོ་རྒོལ་དང་རྒྱབ་འགལ་དུ་འགྲོ་སྲིད་ལ། བོད་མིའི་སྤྱིའི་རྒྱལ་དར་དེ་བཙན་དབང་གིས་ཕབ་ཏུ་བཅུག་ཅིང་བསྒྲེང་དུ་མི་བཅུག་ཀྱང་། བོད་མི་རེ་རེ་ཡི་སེམས་ན་དང་སྐེ་ན། བོད་རྒྱལ་ཁབ་ཀྱི་རྒྱལ་དར་རེ་རྩ་ཆེན་ངང་ཉར་ཡོད་ལ། སྐེ་ཐག་ཏུ་བརྒྱུས་ཏེ་རིན་པོ་ཆེ་བཞིན་བཏགས་ཀྱང་ཡོད། དེ་དག་གི་ནང་དུ་རང་བཙན་གྱི་ལྟ་བ་འཛིན་མཁན་ཡོད་ལ། མཐའ་གཅིག་ཏུ་དབུ་མའི་ལམ་ལ་རྒྱབ་སྐྱོར་མཛད་མཁན་ཡང་ཡོད།
གང་ལྟར། བོད་མི་རིགས་ཀྱི་གནས་སྟངས་དང་། རྒྱས་བོད་ལ་འཛིན་པའི་ད་ལྟའི་སྲིད་ཇུས་ཐབས་སྐྱོ་བོ་དེའམ་མི་ཆོས་དང་མི་མཐུན་པའི་མནར་གཅོད་དང་དྲག་གནོན་གྱི་བྱ་སྤྱོད་དེ་དག་མཚམས་མ་བཞག་བར་དུ། བོད་མི་རིགས་ཀྱིས་ངོ་རྒོལ་དང་སྐད་འབོད་བྱེད་པ། སེམས་ན་ཡོད་པའི་ཞེ་འཁོན་དང་ཞེ་འཁོན་དེ་ལ་དགྲ་ཤ་ལེན་འདོད་པའི་དཔའ་བོའི་སྙིང་སྟོབས་བཅས་ཀྱང་མཚམས་འཇོག་མི་སྲིད་པ་ཞིག་རེད།
ཐོ་ཐོས། ༢༠༡༩-༠༤-༠༤ ལ།
མེ་ཏོག་དང་གཙང་བོ།
གལ་སྲིད་ཁྱེད་རང་ནི།
མེ་ཏོག་རྐང་གཅིག་ཡིན་ན།
ཁྱེད་ཀྱི་སེམས་པ་དེ།
མེ་ཏོག་དེ་ལ་མཁོ་བའི་ཆུ་ཡི་ཟེགས་མ་ཡིན་ལ།
འོད་ལམ་ལམ་དུ་འཕྲོ་བའི་ཉི་མའི་དྲོད་ཐིགས་ཀྱང་ཡིན་འདུག
ཆུ་ཡི་ཟེགས་མ་དག
རྫས་མི་ལེགས་པས་བསྙོག་ཏུ་བཅུག་ན།
མེ་ཏོག་གི་མདངས་དེ་འཆོར་སྲིད།
སེམས་ཀྱི་ཚོར་བ་དག
གཏམ་མི་སྙན་པས་འཁྲུག་ཏུ་བཅུག་ན།
སྐུ་ཡི་གཟི་བརྗིད་དེ་བརླག་འགྲོ།
གལ་སྲིད་ཁྱེད་རང་གི་ཚོར་སྣང་དུ།
མི་གཞན་དག་ཀྱང་མེ་ཏོག་གི་ཆུན་པོ་རེ་རེ་ལ་འདོད་ན།
ཁྱེད་ཀྱི་སེམས་པ་དེ།
མེ་ཏོག་དེ་དག་ལ་མཁོ་བའི་གཙང་བོ་ཞིག་ཡིན་དགོས་ལ།
མེ་ཏོག་དེ་དག་ལ་མཁོ་བའི་ཉི་འོད་ཀྱང་ཡིན་དགོས་ལགས།
འདྲེ་ཐོ་ཐོས། ༢༠༡༩།༠༤།༡༠ ལ།
དད་པ་དངོས་དང་རྨོངས་དད།
མི་རིགས་ཤིག་ལ་ཡར་རྒྱས་ཡོང་དགོས་ན། མི་རིགས་དེའི་སེམས་ན་ཉར་ཡོད་པའི་འཇིགས་སྐྲག་ལས་སྐྱེས་པའི་རྨོངས་དད་དེ་འཇོམས་དགོས། དེ་འཇོམས་མཁན་ལ་མི་བུ་དཔའ་བོ་དེ་འདྲ་ནི་མེད་དུ་མི་རུང་བ་ཞིག་སྟེ། དད་པ་དངོས་དང་རྨོངས་དད་གཉིས་ལ་བར་ཐག་ཤིན་ཏུ་ཉེ་བས་འཇོམས་མཁན་དེ་ལ་རྣམ་དཔྱོད་དང་དཔའ་བོའི་སྙིང་སྟོབས་དེ་འདྲ་མ་ལྡན་ཚེ། དེ་ནི་ཆེས་བསྒྲུབ་དཀའ་བའི་དང་བསྒྲུབ་མི་ཕོད་པའི་བྱ་བ་ཞིག་ཡིན་པར་མ་ཟད། མི་སྒེར་གྱི་ཁ་ལས་རླུང་རྟ་དང་མཚན་སྙན་གཟི་བརྗིད་བཅས་མེད་པར་གཏོང་བྱེད་ཀྱི་བྱ་བའི་ཡུལ་ཞིག་གོ།
འདྲེ་ཐོའི་བསམ་ཚུལ་ཡིན། ༢༠༡༩།༠༤།༡༡ ལ།
མ་ཧཱ་བྷ་ར་ཏཱ་བཙུགས་ནས་ལོ་འཁོར་དྲུག་ལོན་པའི་མཛད་སྒོར་འཇུག་པའི་སྔོན་འགྲོའི་གཏམ།
རྔམ་རྔམ་རྫིག་རྫིག་བྱས་ནས་ཡོང་གི་མེད།།
ཞི་ཞི་འཇམ་འཇམ་བྱས་ནས་ཡོང་རྒྱུ་མིན།།
བར་མ་བར་གྱི་ཉམས་ཤིག་སྟོན་ཞོར་དུ།།
དེ་རིང་མཛད་སྒོའི་སྟེང་དུ་ཞུགས་ན་བསམས།།
སྙན་ངག་ཅི་འདོད་འབྲི་རྒྱུའི་བསམ་པ་མེད།།
སྐད་ཆ་ཅི་ཡོང་འཆད་རྒྱུའི་བསམ་ཚུལ་མེད།།
ཀུན་ལ་མཐུན་ཞིང་ཀུན་ཡིད་སྤྲོ་བྱེད་པའི།།
ཀུ་རེ་རྩེ་མཚར་ལམ་ནས་འཛོམས་ན་བསམས།།
གླུ་བ་གླུ་མས་མགྲིན་གླུ་གང་སྙན་གྱེར།།
མཁས་པ་མཁས་མས་གསུང་གི་བདུད་རྩི་གཏོར།།
གང་ལྟར་ཚོམས་འདིའི་ཚོགས་མི་ཡོད་དོ་ཅོག།
ཇི་ལྟར་སྐྱིད་ན་དེ་ལྟར་རྩེ་རྒྱུ་བྱོས།།
ཐོ་ཐོས། ༢༠༡༩།༠༤།༡༥ ལ།
དྲག་རླུང་གི་གཤོག་བརྐྱངས་བར་ནས།
མཚམས་ལ་ལར།
དྲག་རླུང་གི་གཤོག་བརྐྱངས་བར་ནས།
གླག་རྒོད་ཀྱི་སྡེར་མོ་བསྲིངས་ནས།
གཡུལ་ས་ལ་འཇུག་ན་འདོད་ཀྱང་།
བསིལ་རླུང་གིས་ལྡེམ་པའི།
ཕུག་རོན་དཀར་པོ་དེའི་མགྲིན་གླུ་ཐོས་ཚེ།
བསྲིང་འདོད་པའི་སྡེར་མོ་དེ་བསྐུམས་པར་བྱས།
སྐབས་ལ་ལར།
ལུས་དང་བྲལ་བའི་རྣམ་ཤེས་དེས།
མུན་ནག་གི་ཞིང་ཁམས་ཤིག་ན།
བཙན་པོ་དག་གི་བང་སོ་དེ་འཚོལ་བཞིན།
ལོ་རྒྱུས་དང་མ་ཎི་ཡིག་དྲུག་གི་འབྲེལ་བ་ལ་དཔྱད།
གང་ལྟར།
གཞོབ་དྲི་ཡིས་ཁེངས་པའི་དུས་རབས་འདི།
ནམ་ཞིག་ཕྱི་རབས་པས་རྗེས་དྲན་གྱི་རྡོ་རིང་དུ་འགྱུར་སྲིད།
ཅེས་འདྲེ་ཐོ་ཐོ་ནས། ༢༠༡༩།༠༤།༡༥ ལ།
གནའ་ཤི་ད་ཤིའི་ཆེད་དུ།
གནའ་ནས་ཡོད་ཅིང་ད་ལྟ་ཡང་ནི་ཡོད་དགོས་པའི།།
གནའ་ཤི་ད་ཤིའི་ཞེ་འཁོན་དྲོན་པོ་སྙིང་ལ་ཆོངས།།
འོན་ཀྱང་སྲོག་ལན་སྲོག་གིས་འཇལ་དགོས་བཤད་ཀྱི་མེད།།
ཞེ་འཁོན་བསམས་ཤིང་དབུ་མའི་ལན་ནས་ཞེ་འཁོན་རྩོད།།
སེམས་ལ་ཞི་བདེ་ཐོབ་པར་རང་དབང་ཁོར་ཡུག་མཁོ།།
འབངས་ལ་བདེ་སྐྱིད་ཐོབ་པར་རང་སྲིད་རང་སྐྱོང་མཁོ།།
དགྲ་བོ་གཉེན་དུ་འགུགས་པར་ལྷད་མེད་བཟོད་སེམས་མཁོ།།
འོན་ཀྱང་ཞེ་འཁོན་མེད་ཚེ་བཟོད་སེམས་ཇི་ལྟར་ཚོར།།
ང་ཚོས་ནང་དམེ་ནང་འཛིང་ནང་འཁྲུག་བྱས་པ་མང་།།
དོན་གྱིས་རང་གི་རྒྱལ་ཁབ་གཞན་གྱིས་འཕྲོགས་ནའང་།།
ད་དུང་མདུང་སྣེ་གཏད་ས་རིགས་རྒྱུད་གཅིག་པའི་ནང་།།
གཅིག་གིས་གཅིག་གི་སེམས་དང་ཡིད་ཆེས་སྲེག་རེས་བྱེད།།
ཐོ་ཐོ་ནས། ༢༠༡༩།༠༤།༡༧ ལ།
སྨན་ཆུ་བཏུང་རྒྱུའི་དུས་དེར་ཐོན་ལ་ཉེ།
ཆུ་དང་འོ་མ་སྐོམ་ཆུ་སྦི་རག་ཆང་།།
འདི་དག་ཡོད་ཚད་འཐུངས་ཡིན་ཀྱེ་ཧུད་གྲོགས།།
ད་ནི་སྨན་ཁང་ནང་གི་ཁབ་རྒན་དེའི།།
སྨན་ཆུ་བཏུང་དགོས་ཟེར་ན་ཅི་ཞིག་བྱ།།
ཞེས་འདྲེ་ཐོ་ཐོ་ནས། ༢༠༡༩།༠༤།༡༨ ལ།
དཔེ་ཀློག་ཉིན་མོ།
དཔེ་ཀློག་ཉིན་མོ་ཡིན་ཞེས་ཉིན་ཞག་སུམ་བརྒྱ་དྲུག་ཅུའི་ནང་།།
ཉིན་མོ་གཅིག་གི་བགོ་སྐལ་ཙམ་ལས་ཐོབ་ཏུ་བཅུག་མེད་པའི།།
འཛམ་གླིང་དཔེ་ཀློག་ཉིན་འདི་བསམ་ན་མཁས་པ་མཁས་མ་ཡིས།།
དཀའ་བ་དཔག་ཏུ་སྤྱད་པའི་བརྩམས་ཆོས་དེ་དག་སྙིང་རེ་རྗེ།།
ཉིན་གྲངས་མང་བོར་ལྷག་དཀར་བསུས་ནས་དུད་འགྲོ་ཇི་བཞིན་དུ།།
རྩྭ་རིགས་ལྡུམ་རིགས་དུད་འགྲོའི་ཚོགས་བཞིན་མང་མང་ཟ་བ་ལས།།
ཤེས་བྱའི་གནས་ལ་འཇུག་པའི་དཔེ་ཀློག་ཉིན་མོ་མང་བཏང་སྟེ།།
རྒྱལ་ཁམས་འཛུགས་པའི་ཐབས་དང་ཤེས་རབ་སྦྱང་ན་ཨེ་མ་ཧོ།།
ཞེས་སྨྱོན་པ་ཐོ་ཐོའི་སྨྱོ་ཁ་སྐྱག་ཁ་འདི་ནས། འདི་འདྲའི་གཏམ་མི་སྙན་པ་དང་གཏམ་གནས་ལུགས་མེད་པ་ཞིག་སྐད་ཅིག་གི་ཚོར་བ་ཁོ་ན་ལས་ཐོན་པ་དེ་ཤོར་སོང་བས། དགོངས་དག་ཞུ། ༢༠༡༩-༠༤-༢༣ ལ།
སྐྱེ་སྐར།
མི་རེར་སྐྱེ་བ་ཞིག་དང་འཆི་བ་ཞིག།
དེང་ཐོག་སྐྱེས་པས་ཀུན་ལ་དགའ་བ་འཕེལ།།
བར་དུ་དར་ནས་རྒུད་པ་ཆོས་ཉིད་ཅིག།
མཐའ་མར་འཆི་བས་མཇུག་སྡོམ་བྱེད་ངེས་ཤིག།
སྐྱེ་བར་སྔ་ཕྱི་ཡོད་མེད་གཙོ་བོ་མིན།།
ཡོད་ཀྱང་སུ་དང་གང་ལ་སྐྱེ་མི་ཤེས།།
ཚེ་འདིར་མི་ལུས་བླངས་ཏེ་མིར་སྐྱེས་པའི།།
སྐྱེ་སྐར་ཉིན་མོ་དེ་ནི་རྩ་ཆེན་ཡིན།།
སྐྱེས་ཤིང་སྐྱེས་པར་དགའ་བས་སྐྱེ་སྐར་རོལ།།
དར་བཞིན་དར་བའི་ལང་ཚོའི་བཅུད་ལ་རོལ།།
རྒུད་ཅིང་རྒུད་པའི་སྡུག་བསྔལ་རི་ལྟར་སྤུངས།།
འཆི་བཞིན་འཆི་བའི་འཇིགས་སྐྲག་ཆོས་ཀྱིས་བསེལ།།
འདྲེ་ཐོས། ༢༠༡༩།༠༥།༠༢ ལ།
དྲྭ་ཐོག་གི་ང་།
ང་ནི་ཇེ་ངན་འཆལ་གཏམ་སྨྲ་བའི་ཁ་འདི་བཙོག།
ང་ནི་ཇེ་གདུག་སྤྱོད་པ་འཚེ་བ་མེད་དང་བྲལ།།
ང་ནི་ཀླད་སྟོང་གཞན་ཕན་བསམ་བློ་སྔོག་རྒྱུ་མེད།།
ང་ནི་དྲྭ་འབུ་ཡོད་ཚད་ཀུན་ལ་དོ་ཕོག་བཟོ།།
ཞེས་པ་འདི་ནི་དྲྭ་གྲོགས་འགའ་རེའི་འདོད་པ་ལྟར། འདྲེ་ཐོ་ངས་རང་གིས་རང་ཉིད་ཀྱི་སྐོར་འདི་ཐེངས་ཤིག་ངོ་སྤྲོད་ཙམ་བྱས་པ་ཡིན་ལགས།
ཚེ་སྲོག
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
འཇམ་བློའི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུཾ།
ཤི་བོ་ཐམས་ཅད་ཀྱི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུཾ།
འཆི་རྒྱུ་ཡིན་པ་དག་གི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུཾ།
སྐྱེས་པར་འཆི་བ་ཡོད་བཞིན་དུ།།
ཤི་བར་སྐྱེ་བ་ཡོད་པས་ན།།
སྐྱེས་ཀྱང་སྐྱེ་ཉིན་འཆི་བར་ཕྱོགས།།
ཤི་ཡང་འཆི་ཉིན་སྐྱེ་བར་ཕྱོགས།།
འདྲེ་ཐོ་ཐོ་ནས། ༢༠༡༩།༠༥།༢༧ ལ།
བཙན་པོ།
སྦྲ་ནག་གྲུ་བཞི་བཙན་པོའི་དམག་སྒར་རེད།
སྒོ་ཁའི་རྟ་བོ་བཙན་པོའི་དཔུང་རོགས་རེད།
བཙན་པོའི་དུས་ཀྱི་རྒྱལ་ཁམས་མཐའ་ཡས་པ།
འཛམ་གླིང་སུམ་གཉིས་ས་ལ་དབང་བསྒྱུར་མཛད།
ང་ཚོའི་བཙན་པོའི་རྒྱལ་རབས་ངོ་སོ་བསྟོད།
རྡོ་རིང་རེ་ནི་རྒྱ་ནག་ལྕགས་རི་སྟེ།
རྒྱལ་མཚམས་སྲུང་བའི་གནམ་ལྕགས་ཐོག་མདའ་དང་།
དགྲ་བོ་ཞུམ་པའི་གཤིན་རྗེའི་ཕ་བོང་ཡིན།
ང་ཚོ་བཙན་པོ་ཞིག་གི་གདུང་རྒྱུད་དེ།
ང་ཚོར་བཙན་པོའི་སྙིང་སྟོབས་རྒྱུད་ན་ཡོད།
ང་ཚོས་ཞི་བདེ་བསམས་ཤིང་དབུ་མར་འཇུག
ང་ཚོའི་བླ་མ་བཟང་བོ་ངོ་སོ་བསྟོད།
ཅེས་གཞས་ཚིག་ཏུ་བསམས་ཤིང་བྲིས་པ་ཞིག་ཡིན་ལ། གཞས་གདངས་དེ་ཅུང་ཙམ་དྲག་པོ་ནས་རིམ་གྱིས་འཇམ་པོར་བསྒྱུར་ཏེ་བཏང་བ་ཡིན་ན། དོན་དང་མཐུན་པ་ཞིག་རེད་འདོད། འདྲེ་ཐོ་ཐོས། ༢༠༡༩།༠༦།༠༡
ང་ནི་ཉི་འོད་ཀྱི་ནང་ན།
སྤང་ཐང་གི་མེ་ཏོག་ཡག་གི
སྦྲང་ཆུང་གི་མགྲིན་གླུ་སྙན་གི
ཁུ་བྱུག་གི་གདངས། བྱ་བྱེའུ་ཡི་འབྱིན་སྐད།
ང་ཡི་རྣ་བར་སྙན་སོང་།
སེམས་པ་འདི། བདེ་བའི་ཞིང་ཁམས་སུ་འདྲེན་སོང་།
མེ་ཏོག་གི་འདབ་མ་དག
ན་ཆུང་མའི་འདོད་ཆུས་བརླན།
རྩི་ཤིང་གི་མགོ་བོ་དག
འདྲིལ་ལོག་གི་ལུས་པོས་མནན།
ཨོ་ཨོ་་་་་་ཨོ། ང་ནི་སྤང་ཐང་གི་དཀྱིལ་ན།
ཨོ་ཨོ་་་་་་ཨོ། ང་ནི་ཉི་འོད་ཀྱི་ནང་ན།
ལུས་པོ་འདི། སྤང་ཐང་དང་སྦྱར་འདུག
སེམས་པ་འདི། ཉི་འོད་དང་འདྲེས་འདུག
ཐོ་ཐོས་གྲོགས་ཨ་ཕ་བརྩེ་བར་བྲིས་པའི་གཞས་ཚིག ༢༠༡༩།༠༦།༠༣ ལ།
སེམས་དང་འབྲེལ་བའི་མཛེས་སྣང་།
དོན་དངོས་ཀྱི་མཛེས་པ་དེ་ནི་ནང་སེམས་ནའང་ཡོད་དགོས་པ་ཞིག་ཡིན་པ་དང་། ནང་སེམས་ཀྱིས་ཚོར་ཅི་ཐུབ་ཚོར་དགོས་པ་ཞིག་ཡིན་པ་ལས། ཕྱིའི་གདོང་ལྤགས་ཁོ་ན་མཛེས་པའམ་སྙིང་རྗེ་བོ་ཡོད་པ་དེ་དང་། ཡང་ན་ཤིན་ཏུ་མཛེས་པའི་ཕྱིའི་སྣོད་བཅུད་དེ་ཁོ་ན་ཉིད་ཀྱིས་ཁྱེད་ཉིད་དང་ཁྱེད་ཀྱི་འཇིག་རྟེན་དེ་མཛེས་པར་བསྐྲུན་མི་ཐུབ་ལ། གལ་སྲིད་ཕྱིའི་སྣོད་བཅུད་དེ་དག་ནང་སེམས་ཀྱི་དགའ་སྣང་གི་ཚོར་བ་ཞིག་དང་འབྲེལ་མ་ཐུབ་ཚེ། གཞན་གྱི་མིག་ནང་དང་སེམས་ཁོང་དུ་ཁྱེད་ཉིད་མཛེས་པར་འདོད་པའི་ཚོར་སྣང་དེ་དང་། ཁྱེད་ཀྱི་སེམས་ཁོང་དུ་ཕྱིའི་འཇིག་རྟེན་དེ་ཉིད་མཛེས་པར་སྙམ་པའི་ཚོར་སྣང་དེའི་རིགས་ཡོང་རྒྱུ་ནི་ཧ་ཅང་གི་ཁག་པོ་ཞིག་ཡིན་འདུག
དེས་ན་འདིར་ཚིགས་སུ་བཅད་པ་ཞིག་གིས་མཇུག་བསྡུ་བྱས་ན་ནི་འདི་ལྟར།
དོན་དངོས་མཛེས་པ་སེམས་ཀྱི་ནང་ནའང་།།
ཅི་ཐུབ་ཚོར་བར་བྱེད་པ་སེམས་ལ་ལྟོས།།
ཕྱི་ཡི་གདོང་ལྤགས་དང་ནི་ཕྱི་ཡི་བཅུད།།
མཛེས་པར་མཐོང་མིན་ནང་གི་སེམས་ལའོ།།
ཅེས་འདྲེ་ཐོ་ཐོ་ནས་རང་གྲོལ་མཚོ་མོས་དབྱིན་ཡིག་ནས་བྲིས་པའི་ “The true beauty comes from the heart and not from the outside” སྐད་ཆ་དེ་ཅུང་ཙམ་ཁ་གསལ་བོའི་ངང་བོད་ཡིག་ནང་དུ་བྲིས་པའོ། ༢༠༡༩།༠༦།༠༧
གྲོགས་དབང་ཕྱུག་གིས་བུད་མེད་ལ་ལྟ་སྟངས།
བརྩེ་བ་ཟབ་མོ་ཆགས་པའི་ན་ཆུང་མ།།
གློ་བུར་ཉིད་དུ་རི་དྭགས་སེམས་ཅན་བཞིན།།
ཕྱི་ནས་རྣམ་འགྱུར་འདྲ་མིན་སྟོན་པ་ལས།།
ངག་གི་སྒོ་མོ་འབྱེད་མཁན་ཤིན་ཏུ་དཀོན།།
ན་ཆུང་མཛེས་མའི་སེམས་ཀྱི་འཆར་ངོ་ལ།།
རང་གི་བྷ་ག་དེ་ནི་ལྷ་ཁང་འདོད།།
གཡས་གཡོན་མདུན་རྒྱབ་བསྐོར་བའི་སྐྱེས་པ་ཚོའི།།
མདོམས་ཀྱི་སྦ་བ་མི་གཙང་ཕྱགས་མར་མཐོང་།།
ཡིན་ཡང་ལུས་འབྲེལ་ཐེངས་ཤིག་བྱས་གྱུར་ཚེ།།
སེམས་ཀྱི་ང་རྒྱལ་དང་ནི་སྤོབས་པ་བཅས།།
ལྗང་ལོའི་ཟིལ་ཐིགས་རླུང་གིས་གཏོར་བ་བཞིན།།
དེ་མ་ཐག་ཏུ་གར་སོང་རྒྱུས་མེད་གྱུར།།
ཞི་མིས་རང་གི་མི་གཙང་སྦས་བྱས་རྗེས།།
གཞན་གྱིས་ཚོར་བར་དོཊ་པའི་འཚེར་སྣང་བཞིན།།
མེ་ཏོག་ཤོར་བའི་ན་ཆུང་བུ་མོའི་སེམས།།
འཆོར་སའི་སྐྱེས་པའི་གམ་དུ་འདར་སིག་རྒྱག།
འདྲེ་ཐོ་ཐོས། ༢༠༡༨།༠༦།༠༧ ལ།
རྭ་ནུ།
བཙན་པོ་ཚང་གི་གདུང་རྒྱུད།
བཙན་པོ་ཞིག་གི་བུ་རྒྱུད།
དུས་ནམ་ཞིག་ནས།
ཁྱེད་ནི་རྒྱལ་ཁབ་མེད་པའི་ལྡོམ་པོ་ཞིག
རང་དབང་ཤོར་བའི་ལས་ངན་ཞིག
ཤུལ་དུ་ལྷག་པའི་དྭ་ཕྲུག་ཅིག
ཁྱེད་ཉིད་འཛམ་གླིང་འདིར་སྐྱེ་ཉིན་ནས།།
ཁྱེད་ཀྱི་ཕ་ཡུལ་དེ་ནི་གཡུལ་ས་ཤིག་ཏུ་གྱུར་འདུག
ཁྱེད་ཀྱི་མ་ཡུམ་ལགས་ནི་བཙོན་དུ་ཁྱེར་ཏེ།
ཁྱེད་ལ་རྭ་ནུ་ཞིག་ལས་ཅི་ཡང་ལྷག་ཏུ་བཅུག་མེད།
ཐོ་ཐོས། ༢༠༡༩།༠༦།༡༣
ཐོ་ཐོ་ནས་ཀྱང་མོས་མཐུན་རྒྱབ་སྐྱོར་ཡོད།
ཁྱེད་སྐུ་བརྟན་དུ་བཞུགས་པར་གསོལ་བ་སྨོན་ལམ་འདེབས།།
ལྷ་དང་ཚེ་ཐག་མཉམ་པར་བསྙེན་བཀུར་རིམ་གྲོ་བྱ།།
བཅུ་གཉིས་མཛད་པའི་མཐའ་མ་བརྟན་དུ་སྤང་བྱ་བར།།
དྲི་མེད་སེམས་དང་སྦྱར་བའི་ལྷད་མེད་ཞབས་བརྟན་འབུལ།།
ཐོ་ཐོ་ནས། ༢༠༡༩།༠༦།༡༦ ལ།
ཆང་འཐུང་བའི་སྔོན་བརྡ།
རང་ཉིད་བཟི་རྒྱུ་ཡིན་པར་སྔོན་བརྡའ་གཏོང་།།
བཟི་ཚེ་དུག་རླངས་འཕྱུར་པའི་འཆལ་གཏམ་རིགས།།
རང་གི་ཁ་བོ་ཆེ་ནས་འཆོར་སྲིད་པས།།
ཀུན་གྱིས་རྣ་བའི་དབང་བོ་ཟུམ་པར་མཛོད།།
བཟི་བོ་བཟི་བོའི་གཏམ་ལ་ཉན་རྒྱུར་སྤྲོ།།
ཚོམས་འདིར་བཟི་བོ་མང་བ་ཀུན་ཀྱིས་མཁྱེན།།
དེ་རིང་བཟི་བོ་གཅིག་གིས་ཁ་སྣོན་རྒྱག།
འདྲེ་ཐོ་ངས་ནི་ང་རང་བཟི་རུ་འཇུག།
ཆང་གི་དམ་བེ་འགྲེས་ལོག་རྒྱག་པའི་སྒྲ།།
བཟི་བོའི་ཁ་ནས་ཐོན་པའི་སྐད་ཀྱི་གདངས།།
འབྱུང་སའི་ཡུལ་ནི་མི་འདྲ་སོ་སོ་སྟེ།།
ཚིག་དང་དོན་གྱིས་སྟོང་བ་འདྲ་འདྲའོ།།
ཆང་གིས་བཟི་བའི་བཟི་བོ་ཆང་ལ་འགྱུར།།
བཟི་ནས་སྨྱོས་པའི་སྨྱོན་པ་འདྲེ་ལ་འགྱུར།།
གདོན་འདྲེ་ཆང་གིས་བཟི་བའི་མཇུག་འབྲས་དེ།།
ཅི་འདྲ་ཡིན་མིན་ཀུན་ལ་གསལ་ལྷང་ལྷང་།།
སྨྲ་ལྕེ་ལྡབ་ལྡིབ་ཆགས་ཚེ་ཆང་གིས་བཟི།།
ཀླད་རྩ་་ཐམ་ཐོམ་ཆགས་ཚེ་ཆང་གིས་བཟི།།
གོམ་ཁ་ཆལ་ཆིལ་ཆགས་ཚེ་ཆང་གིས་བཟི།།
མིག་མདངས་རབ་རིབ་ཆགས་ཚེ་ཆང་གིས་བཟི།།
ཆང་གིས་བཟི་ནས་སྨྱོས་པ་རང་ཡིན་ཡང་།།
བཟི་བོ་རང་གི་མིག་ན་འཇིག་རྟེན་སྨྱོས།།
ཡོད་ཚད་སྨྱོས་འདུག་སྙམ་པའི་ཚོར་ཤུགས་ཀྱིས།།
རང་ཉིད་ཇེ་སྨྱོ་དང་ནི་ཇེ་བཙོག་གཏོང་།།
བཟི་ནས་བཟི་གཏམ་སྣ་ཚོགས་ཤོར་བ་དེ།།
རང་གི་སྣང་ངོར་རྩ་ཆེན་བཀའ་སློབ་མཐོང་།།
གཞན་གྱིས་བསྟོད་བསྔགས་རྐྱང་རྐྱང་མ་བྱས་ཚེ།།
གཞན་དག་རྐུན་མ་དང་ནི་ཇག་པར་མཐོང་།།
ཞེས་འདྲེ་ཐོ་ཐོ་ནས། ༢༠༡༩།༠༦།༡༧ ལ།
མོག་མོག
སྨྱུ་གུའི་འཛིན་སྟངས་དང་ནི།།
སྙན་ངག་རྩོམ་སྟངས་ཡག་ཀྱང་།།
ཁ་ཟས་ལས་རྒྱུར་རྨོངས་ན།།
གྲོད་ཁོག་གཞན་དབང་ཡིན་སོང་།།
ཕྱེ་རིགས་བཞེས་པར་སྤྲོ་བའི།།
བོད་རིགས་སྤུན་ཟླའི་ཚོགས་ལ།།
བྲོ་ཕྱེའི་རྫི་སྟངས་སྟོན་ཞོར།།
མོག་མོག་བཟོ་སྟངས་བསླབས་ཡོད།།
བསམ་བློའི་ཟས་སུ་འཛིན་པའི།།
དེབ་དང་བརྩམས་ཆོས་སྣ་ཚོགས།།
སེམས་པ་འཁྲུག་པའི་རྒྱུ་རེད།།
ཚེ་སྲོག་འཚོ་བའི་བཅུད་མིན།།
བོད་པའི་ཁ་ཟས་ཞིམ་པོ།།
ཤ་ཚིལ་འདྲེས་མའི་མོག་མོག།
འཛམ་གླིང་ཟས་ཀྱི་མཆོག་ཡིན།།
བོད་པ་ཚང་གི་རྒྱན་རེད།།
འདྲེ་ཐོས། ༢༠༡༩། ལ།
མདུང་དང་ཕུབ།
འདྲེ་ཐོའི་མདུང་ནི་ཁྱེད་ཀྱིས་མཐོང་ཡོད་པས།།
རིང་ཐུང་ཕྲ་སྦོམ་ཁྱེད་ལ་འགྲིག་གམ་ཀྱེ།།
ཁྱེད་སྐུའི་པདྨའི་གཟུགས་ཅན་ཤ་ཡི་ཕུབ།།
ང་ཡི་མདུང་རྩེའི་ཕྱོགས་སུ་འཁོར་རམ་ཀྱེ།།
ཞེས་བོད་ནང་གི་མཛེས་མ་ཞིག་ལ་དྲི་བའི་ཚུལ་དུ་གོང་གི་ཚིགས་བཅད་དེ་བཏང་བའི་ལན་དུ།
ཁོས་མོས།
“འདྲེ་ཐོ་ཁྱེད་སྐུའི་མདུང་དེ་ཤེས་བསྡད་ཡོད།།
ཐུང་ནི་ཐུང་ཞིང་གཉོམ་ནི་གཉོམ་དྲགས་པས།།
གོ་ཆོད་མདུང་དེ་ཧ་ལམ་མིན་པ་འདྲ།།
དེ་ལས་འགྱིག་གིས་གྲུབ་པའི་མདུང་དེར་དུངས།།”
ཞེས་དེ་མ་ཐག་ཏུ་ལན་འདི་ལྟ་བུ་ཞིག་གནང་བྱུང་དང་། དེའི་ལན་དུ་འདྲེ་ཐོ་ངས་སླར་ཡང་།
མདུང་གིས་སྣུན་ཙམ་ཞར་ཞོར་ལྕེ་ཡིས་ཀྱང་།།
མེ་ཏོག་པདྨའི་གཡས་གཡོན་ཕྱི་ནང་ཀུན།།
ཅེམ་ཅེ་ལྷ་མོའི་གཤོག་སྣེས་རེག་པ་བཞིན།།
དལ་ལྷོད་བར་ནས་གཤོག་རྩལ་ངོམ་བྱེད་ངེས།།
གནའ་བོའི་དམག་འཁྲུག་རྒྱག་སྲོལ་དོར་མེད་པ།།
ཞི་ལུ་ཞི་མོའི་བར་གྱི་འཐབ་འཛིང་དེ།།
མདུང་རིང་མདུང་ཐུང་ཐོགས་པའི་ཞི་ལུ་ཚོས།།
ཤུགས་ཀྱིས་བསྣུན་ས་བུད་མེད་སྐུ་ཡི་ཕུབ།།
རབ་ཏུ་འདོད་པ་སྦོམ་ཞིང་རིང་ལ་མཁྲེགས།།
འབྲིང་དུ་མཐོང་བ་ཐུང་ཡང་སྦོམ་ཞིང་མཁྲེགས།།
ཐ་ཤལ་བ་ནི་ཕྲ་ཞིང་ཐུང་ལ་གཉོམ།།
དེ་ལྟར་འདོད་མཁན་གནམ་འོག་བུད་མེད་ཀུན།།
ཞེས་བྲིས་པ་འདིའི་ལན་དུའང་མཛེས་མ་དེས་ཀྱང་ལན་ཚ་བོ་འདི་འདྲ་ཞིག་བརྒྱབ་བྱུང་།
“ལོ་རྒ་བས་ཟིན་ཀྱང་ཆགས་པ་ཆེ།།
འདོམས་འབྲས་བུ་རྙིད་ཀྱང་སེམས་མ་ཤི།
ས་ཁ་ཐག་རིང་ཡང་ལན་སྐྱེན་པའི།།
འདྲེ་ཐོ་ཐོར་གཅེས་པའི་འོ་ཞིག་སྟེར།།”
ཞེས་སོ། འདྲེ་ཐོ་ཐོ་ནས། ༢༠༡༩།༠༦།༢༨
མཚོ་འགྲམ་གྱི་མེ་ཏོག་པདྨ།
ཤ་ཡི་མེ་ཏོག་ཉི་མ་གཞོན་ནུའི་འདོད་པའི་ཚ་བ་ཡིས།།
འཛུམ་ཏུ་བཅུག་ཅིང་འདོད་ཆུའི་ཟེགས་མ་ལྷོག་ལྷོག་འབབ་ཏུ་བཅུག།
རྣམ་པ་དེ་ཡིས་རབ་ཏུ་སྨྱོས་པའི་འདྲེ་ཐོའི་གཅེས་ཕྲུག་ཉིད།།
ཤིན་ཏུ་ཁྲོས་པས་མགོ་བོ་བསྒྲེངས་ཏེ་མེ་ཏོག་ཚལ་དེ་གཞོམ་རྒྱུར་འབད།།
ཐོ་ཐོས། ༢༠༡༩ ལ།
རྫ་རི་དང་ལམ།
རྫ་རི་སྨུག་པོར་གྱེན་དང་འཕྲེད་ཀྱིས་ནི།།
རླུང་འཁོར་གཞུང་ལམ་རིང་བོ་བརྐོས་པ་འདི།།
ཡུལ་དེའི་འཚོ་སྡེའི་ཆེད་དུ་མ་ཡིན་ཏེ།།
གཤིན་རྗེའི་དམག་དཔུང་འདྲེན་པར་དམིགས་ནི་ཞིག།།
གང་ལྟར་རི་ལུང་ཡོད་ཚད་རྨས་བཞག་ཐལ།།
འཛམ་གླིང་ཁྲོམ་རའི་ཁྲོད་དུ་རྩ་ཆེ་བའི།།
ནང་གི་གསེར་དངུལ་གློ་མཆིན་ཕྱི་ལ་བཏོན།།
འབྲོག་ས་ངོ་སོ་བསྟོད་རྒྱུ་ནད་པའི་བཏང་།།
ནགས་རི་བྲག་རི་གངས་རིས་བསྐོར་བ་ཡི།།
གདོང་དམར་བོད་པ་ཚང་གི་རྒྱལ་ཁམས་འདི།།
གཞན་གྱིས་བཙན་དབང་དང་ནི་དམག་ཤུགས་ཀྱིས།།
འཕྲོགས་པའི་མཇུག་འབྲས་ཅི་འདྲའི་རྫབ་ཆེན་ཞིག།
ཐོ་ཐོས། ༢༠༡༩།༠༧།༡༢
ཐག་རིང་གི་གྲོགས་པོ་ཞིག་ལ།
ཡུན་རིང་དུས་རིང་གྲགས་འགུལ་མེད་པའི་གྲོགས།།
དེ་རིང་གློ་བུར་འཆར་ཤེལ་ངོ་ལ་བྱོན།།
ཁྱེད་སྐུ་བདེའམ་གནས་སྟངས་ཅི་འདྲ་ཡིན།།
མེ་ཏོག་བཅུད་ལ་ལྗགས་སྣེས་མྱངས་བྱས་སམ།།
འདི་ན་དབྱར་དུས་གཞོན་ནུས་ཤོམ་བྱས་ཏེ།།
སྐུ་ཡི་མེ་ཏོག་འདབ་ཀྱིས་གཞོན་ནུ་མའི།།
གཡའ་ཆུས་ཁེངས་པའི་འདོད་པའི་མཚེའུ་ལ།།
རླུང་བུ་ཤུག་ཤུག་ཁྲོད་ན་དལ་གྱིས་རེག།
ལྗང་ལོའི་དབུ་སྐྲས་སྤང་གི་གཞོན་ནུ་མའི།།
སྐུ་ཡི་མདུན་རྒྱབ་དང་ནི་གཡས་གཡོན་བཅས།།
ཤིན་ཏུ་འཇམ་པོའི་ངང་ནས་འཁྱུད་བྱེད་ཞོར།།
འདོད་པའི་ཚ་བ་འཇོམས་པའི་ཤུགས་གླུ་གྱེར།།
འདྲེ་ཐོ་ཐོས། ༢༠༡༨།༠༧།༡༢
སེམས་ཚོར།
འཁོར་ཡུག་ལྷིང་འཇགས་ཡིན་སའི།།
མེ་ཏོག་ཡག་ས་ཞིག་ནས།
སེམས་པ་ལྷོད་ལྷོད་ངང་དུ།།
གོམ་ཁ་ལྷོད་ནས་འགྲོ་འདོད།།
འབྲོག་སའི་སྤང་ལྗོངས་གོས་རེད།།
གོས་ལ་རང་བྱུང་རི་མོ།།
མེ་ཏོག་སྣ་ཚོགས་བཞད་འདུག།
གཙང་བོས་ཁ་བཏགས་འཐེན་ཡོད།།
འབྲོག་པའི་བུ་མོ་འཛུམ་རེད།།
འཛུམ་ལ་བཅོས་མ་མེད་ཀི།
སེམས་ཁོང་དུང་བས་ཁེངས་པའི།།
ཁྱིམ་གྱི་རྒྱ་བཟའ་ཅི་བྱེད།།
འདྲེ་ཐོས། ༢༠༡༩།༠༧།༡༣
སྙན་རྩོམ་འཕུད་ན་འཕུད་རན་རེད།
འཆི་བ་བཟློག་མེད་ཡིན་པ་བརྒྱ་ཆའི་བརྒྱ།།
འཆི་རྒྱུར་འཇིགས་སྣང་ཡོད་པ་བརྒྱ་ཆའི་བརྒྱ།།
འོན་ཀྱང་ཉིན་མོའི་ཁ་ལ་མཚན་བཞག་སྟེ།།
ངལ་བའི་ལས་ལ་རྒྱུག་འདུར་བྱེད་འདི་ཅི།།
གཤིན་རྗེའི་ཕོ་ཉ་འགྲམ་དུ་བསླེབས་ཡོང་ཚེ།།
ཤིན་ཏུ་འབྱོར་ལྡན་ཡིན་ཡང་ངོ་སོ་མེད།།
སྤྲང་བོ་སྤྲང་རྒན་ཡིན་ཡང་གདུང་སེམས་མེད།།
འཇིག་རྟེན་འདི་དང་འབྲལ་དགོས་ཆོས་ཉིད་ཅིག།
ཤིན་ཏུ་མི་བརྟན་མི་ཚེའི་བརྒྱུད་རིམ་ཁྲོད།།
གཏན་དུ་བདེ་བ་མེད་པའི་ལུས་སེམས་གཉིས།།
གཅིག་རྗེས་གཅིག་སྙེགས་བར་ན་ཉམས་ཤིང་རྒུད།།
སྙན་རྩོམ་དེབ་ཆུང་འཕུད་ན་འཕུད་རན་རེད།།
འདྲེ་ཐོ་ཐོས། ༢༠༡༩།༠༧།༡༣
འདྲེ་ཐོ་དང་ལྗང་ལོའི་འོག་གི་མཛེས་མ།
ཉི་འོད་ཚ་བོས་སྦར་བའི་འདྲེ་ཐོའི་འདོད་ཆགས་འདི།།
ལྗང་ལོའི་འདབ་མས་བཀབ་པའི་མཛེས་མའི་ལུས་ན་སྨྱོ།།
ཤིན་ཏུ་འབར་བའི་ཚོར་བ་དེ་དག་འདོམས་སུ་མྱུལ།།
མ་འབྲེལ་ཚོར་བས་སྤྱད་འདིའི་སྐྱིད་སྣང་ཅི་འདྲའི་རྨད།།
ཐོ་ཐོས། ༢༠༡༩།༠༧།༢༦ ལ།
བུད་མེད་ལ་རྔམ་པ།
རེ་རེར་རེ་རེའི་སྒེག་ཉམས་དང་།།
སོ་སོར་སོ་སོའི་ལྟ་སྟངས་ཤིག།
གང་ལྟར་མཛེས་མའི་ཁྱད་ཆོས་དེར།།
མི་རེའི་སེམས་ན་འདོད་ཚུལ་རེ།།
ཟས་ལ་མི་རྔམ་འབྱོར་བ་ལའང་རྔམ་མིན་པའི།།
འདྲེ་ཐོ་ང་ནི་མཛེས་མར་རྔམ་པའི་ཧེབ་རྒན་ཞིག།
ཡིན་ཡང་ཡིད་དང་མིག་གིས་སྤྱོད་རྒྱུ་ཁོ་ན་ལྷག།
ཤིན་ཏུ་རྒས་རྐྱེན་འདོད་པའི་སྦྲང་ཆུང་དྲག་རྩལ་ཉམས།།
དམར་ཆུང་བྱུ་རུས་ན་ཆུང་མ་འདིའི་དབུ་སྐྲ་ནག་པོར་བསྟར་ནས་བརྒྱན།།
རྨི་ལམ་ངོགས་སུ་སེམས་མཐུན་རོགས་དང་སྐད་ཅིག་ཙམ་ཡང་འབྲལ་གྱི་མེད།།
གཉིད་དུ་ལོག་པའི་གདོང་གི་དཀྱིལ་འཁོར་བཅོ་ལྔའི་ཟླ་བའི་མཛེས་མདངས་ལྡན།།
ཨེ་མ་ཀྱེ་ཧུད་འདི་འདྲའི་འབྲོག་མོ་བདག་གི་ཆུང་མར་འགྱུར་རམ་ཀྱེ།།
ཐོ་ཐོས་ཏེ། ༢༠༡༩།༠༧།༡༩
གསེར་མདོག་གི་ཉི་མ།
སེམས་གྲོགས་ཚོ། དེ་རིང་ངལ་གསོའི་ཉིན་ཡིན་པས། སེམས་ལྷོད་ལྷོད་ངང་སེམས་པ་དེས་ཉི་མ་གང་ཞིག་གི་འོད་ཀྱི་ཐིག་ལེའི་ཚོགས་ལ་ལོངས་སུ་སྤྱོད་རོགས་ཞུ། ཉི་མ་དེ་ལ་གསེར་མདོག་ལྡན་ལ། གསེར་མདངས་རེ་རེ་ནི་བྱམས་བརྩེ་དང་ཤེས་བྱ་ཡི་འོད་ཐིག་རེ་རེ་ཡིན་པས། སེམས་གྲོགས་ཁྱེད་ཚོ་ཉི་འོད་དེ་དང་འདྲེ་བར་ཤོག ཉི་འོད་དེ་ཡིས་འཁྱུད་པར་ཤོག
གོང་གི་གཞས་དེ་ལེགས་སྐྱེས་ཡིན་ལ། འདི་ལྟ་བུའི་ལེགས་སྐྱེས་གང་མང་ཞིག་བསྐུར་རྒྱུ་ཡོད་ལ་བསྐུར་ཡང་ཆོག་ཀྱང་། ཆ་མི་འཚལ་བའི་གནམ་གཤིས་དང་འགྲེལ་དཀའ་བའི་ཁོར་ཡུག སྒེར་བ་རེ་རེའི་བདེ་འཇགས་སོགས་ཕྱོགས་མང་བོ་ཞིག་གི་དབང་གིས་བསྐུར་མེད་ལགས།
གང་ལྟར་སེམས་གྲོགས་ཚོའི་ཕྱོགས་ན། དེ་འདྲའི་ཞལ་གསུང་མང་བོ་ཞིག་མེད་ཀྱང་། འདིར་བཞུགས་བསྡད་པར་སེམས་གཏིང་ནས་བཀའ་དྲིན་ཞུས་ཡིན་ལ། རིམ་གྱིས་སམ་ཉིན་ཞིག་སེམས་ཀྱི་ཟུར་ཙམ་མམ་དབེན་གནས་ལྟ་བུར་གཟུགས་མེད་དུ་བཙུགས་པའི་དགོན་གནས་ལྟ་བུའི་ཡུལ་ཁྱད་པར་བ་འདིའི་ནང་དུ་ཞལ་གསུང་མང་བོ་རེ་ཡོང་བར། དེ་རིང་སྨོན་ལམ་ཐེངས་ཤིག་བརྒྱབ་ཡིན།
སེམས་གྲོགས་ཚོས་ཀྱང་རང་དང་སེམས་ཐག་ཉེ་བའི་སེམས་གྲོགས་དག་གནས་འདིར་གདན་འདྲེན་བྱེད་ཆོག་ལ་བྱས་ཚེ་དགའ་བསུའང་ཡོད་ལགས།
མི་སྒེར་བ་རེ་རེའི་སེམས་ཀྱི་ཟུར་ཙམ་ཞིག་ནའམ་ཤིན་ཏུ་འགྲེལ་དཀའ་བའི་ལྐོག་གྱུར་གྱི་ཁམས་ཤིག་ན། རང་ཉིད་ཀྱི་སེམས་སམ་ཤེས་པ་ཁོ་ནར་བསྐྲུན་པའི་ལྷིང་འཇགས་ཀྱི་གནས་ལྟ་བུ་ཞིག་ཡོད་རྒྱུ་རེད་འདོད། གནས་དེ་ལ་གོམ་པ་བརྒྱབ་ནས་འགྲོ་སའི་ཡུལ་དང་། ལག་པས་རེག་ས། མིག་གིས་མཐོང་རྒྱུ་སོགས་མེད་ཀྱང་། རང་གི་སེམས་དེར་སྦྱོང་བ་བླ་ན་མེད་པ་ཞིག་ཐོབ་ཚེ། རང་གི་སེམས་ཀྱིས་སམ་ཤེས་པས་བསྐྲུན་པས་ཡུལ་སྟོང་བའམ། ཡང་ན་ལྐོག་གྱུར་ཡིན་པའི་ཁམས་དེར་ཤེས་པ་དང་འགྲོགས་པའི་སེམས་ཀྱང་འགྲོ་ཐུབ་པར་སྣང་ཞིང་། སེམས་སམ་ཤེས་པ་དེ་ཉིད་གཟུགས་གང་རུང་དུ་གྲུབ་པར་བྱས་ཚེ། ཤེས་པས་ཤེས་པ་ལའམ། གཟུགས་མེད་པའི་སྟོང་ཁམས་སུ་བསྐྲུན་པའི་གནས་དེ་ལའང་རེག་པ་དང་མཐོང་བར་སྣང་ངོ་།།
དེ་དེ་བཞིན། ང་ཚོའང་ཁམས་དེ་འདྲ་ཞིག་ལ་འཛོམས་ཡོད་པར་སྣང་སྟེ། རེ་རེ་ཡི་སེམས་ཚོར་དང་འདོད་ཚུལ་བཅས་མཉམ་དུ་ལོངས་སྤྱོད་བྱེད་ཐུབ་ན། ཅི་མ་རུང་ཞེས་འཆད་འདོད་པ་དེ་ཡིན་ལ། གནས་འདིར་བཞུགས་པའི་སེམས་གྲོགས་སམ་སྒོམ་པ་བའམ་ཉམས་ལེན་པའི་ཚོགས་ལ་འཛུམ་ཞིག་དང་ལྷན་དུ་སྤྲིངས་པ་ཡིན་ནོ།།
འདྲེ་ཐོ་ཐོ་ནས། ༢༠༡༩།༠༧།༢༡ ལ།
མི་རིགས་ཤིག་གི་དཀོན་མཆོག་གསུམ།
མི་རིགས་སྲོག་རྩ་སྐད་ཡིག།
སྐད་ཡིག་སྲོག་རྩ་བོད་ཞེན།།
བོད་ཞེན་སྲོག་རྩ་མཐུན་སྒྲིལ།།
འདི་དག་མེད་ན་ཚར་འདུག།
ཐོ་ཐོ་ནས། ༢༠༡༩-༠༧-༢༣ ལ།
མ་ཧཱ་ཚང་གི་གཅེས་ཕྲུག་གླིང་བྷེ།
གླིང་བྷེས་གླིང་སྒྲུང་བཤད་དུས་གླིང་གི་དཔའ་བརྟུལ་ཞིག།
གླིང་བྷེས་ཆང་ལ་རོལ་དུས་ཚོར་བ་རྣོན་པ་ཞིག།
གླིང་བྷེས་བསླབ་བྱ་གནང་དུས་བླ་མ་སེམས་ཤེས་ཤིག།
གླིང་བྷེས་ཚོགས་གཏམ་བཏང་དུས་ཚོགས་ཆེན་ཞལ་ངོ་ཞིག།
སྐབས་རེར་འགའ་རེར་ཁྱེད་ཀྱི་ཆང་སྐྱོན་སྨན་དུ་འགྲོ།།
བསམ་བློ་སྨིན་པའི་སྨན་གྱི་མཆོག་ལ་འདོད་ཀྱང་ཆོག།
མཚམས་རེར་འགའ་རེས་ཁྱེད་ཉིད་སྨྱོས་པ་ཡིན་ཤག་འདོད།།
གླིང་བྷེ་ཁྱེད་ནི་མ་ཧཱ་ཚང་གི་གཅེས་ཕྲུག་ཅིག།
ཐོ་ཐོའི་བསམ་ཚུལ་ཡིན། ༢༠༡༩-༠༧-༢༦
བརྗེད་ངད་དང་དྲན་པ། དབྱར་དུས་དང་དགུན་དུས། ཕ་ཡུལ་དང་གཞན་ཡུལ།
ཨ་བདེ་ནས།
“བརྗེད་ཐག་རིང་ལ་དྲན་ཐག་ཐུང་བའི་མི་སེམས།
དགུན་ཐག་རིང་ལ་དབྱར་ཐག་ཐུང་བའི་ལོ་ཟླ།
ས་ཐག་རིང་ལ་སེམས་ཐག་ཉེ་བའི་ཕ་ཡུལ།
འདི་གསུམ་གྱིས་ནམ་ཡང་མི་ལ་བདེ་སྐྱིད་སྦྱིན་མི་ནུས་སོ།།”
འདྲེ་ཐོས་ལན་དུ།
“དྲན་རྒྱུ་ཉུང་ན་བརྗེད་རྒྱུ་མང་བས་བདག་གི་སེམས་འདི་ལྷིང་འཇགས་ཡིན།།
དབྱར་དུས་ཐུང་ཡང་གསོན་ཤུགས་ལྡན་པས་བདག་གི་སེམས་འདི་ལྗང་མྱུག་ཅིག།
ཁ་ཐག་རིང་ཡང་སེམས་ཐག་ཉེ་བས་སེམས་ཀྱི་སྲོག་ཤིང་ཕ་ཡུལ་ཡིན།།
འདི་དག་སྣང་བས་ས་མཐའི་བདག་ནི་བདེ་བ་ཅན་གྱི་གནས་སུ་བཞེངས།།”
ཐོ་ཐོ་དང་ཨ་བདེ་གཉིས་ནས། ༢༠༡༩-༠༧-༢༧ ལ།
བརྗེད་ངེས།
སེམས་དང་འབྲེལ་བའི་བརྗེད་ངད་ལ་དུས་གསུམ་མེད། བརྗེད་ངད་དེ་སྟོང་བ་སྟོང་རྐྱང་ཞིག་སྟེ། འདས་པ་གང་ཞིག་བརྗེད་ཚེ་བྱུང་ཚར་བ་དེ་འབྱུང་མེད་པ་བཞིན་སེམས་ཀྱིས་ཚོར་རྒྱུ་མེད་པས་སོ། མ་འོངས་པར་བཅངས་པའི་འདུན་པ་གང་ཞིག་དང་དེ་དང་འབྲེལ་བའི་འཆར་གཞི་དེ་དག་བརྗེད་ཚེ། དེའང་འབྱུང་མེད་པ་དང་འབྱུང་མ་ཐུབ་པས། ཡང་ན་ལག་ལེན་ཅི་ཡང་བྱས་མེད་རྐྱེན་དེ་ལའང་དུས་གསུམ་མེད། སྟོང་བར་གྱུར། རྗེད་བཞིན་ཡོད་པའི་སྣང་བ་དེར་དུས་ཀྱི་ཆ་ནས་རྗེད་བཞིན་པའི་སྐབས་རེད་དང་ཡིན་ཞེས་སྨྲ་ཆོག་ལ་འདོད་ཀྱང་ཆོག་མོད། འོན་ཀྱང་ད་ལྟ་རྗེད་བཞིན་པའི་དུས་ཁོ་ན་ཡིན་ཞེས་སུས་ཀྱང་ཚོར་དཀའ་ལ། ད་ལྟ་རྗེད་ཀི་ཡོད་ཅེས་སུས་ཀྱང་འགྲེལ་དཀའ་བ་ཞིག་རེད་འདོད།
ཐོ་ཐོའི་བསམ་ཚུལ།
ཚོང་དང་ཚོང་ལྷ།
ཐེངས་འདིའི་ཚོང་ལྷ་ངེད་གཉིས་ཕྱོགས་སུ་སྟེ།།
བྱ་དང་བྱེའུ་ཚོགས་ཀྱང་སྐུ་མགྲོན་དུ།།
ཕེབས་ཤིང་ཟས་ཀྱི་བཅུད་ལ་རོལ་བྱེད་པའི།།
ངོ་མཚར་ལྟས་བཟང་འདི་འདྲ་མཐོང་ངམ་ཀྱེ།།
ཐོ་ཐོས། ༢༠༡༩-༠༧-༢༨ ལ།
སེམས་ཀྱི་ནུས་པ་ཞེས་པའི་སྐོར་ལ་བོད་ཡུལ་ལས་འཕྲོ་དང་མཉམ་དུ་ཡིག་ཐོག་ནས་ཁ་བརྡའི་ཚུལ་དུ་སོ་སོའི་བསམ་ཚུལ་དེ་དག་ཚིགས་སུ་བཅད་དེ་འབྲི་རེས་བྱས་པ།
འདྲེ་ཐོ་ངས།
གྲོགས་ཀྱི་འདུ་ཤེས་འཛིན་མཁན་རང་སེམས་ཉིད་།།
གྲོགས་སུ་འཛིན་བྱ་དེའང་རང་སེམས་ཉིད།།
མདོར་ན་རང་སེམས་རང་གི་གྲོགས་སུ་སྣང་།།
སེམས་གྲོགས་ཞེས་ཀྱང་འདྲིས་ས་རང་སེམས་ཉིད།།
བོད་ཡུལ་ལས་འཕྲོ་ལགས་ཀྱིས།
རང་སེམས་གྲོགས་སུ་འགུགས་པའི་ཁ་ལོ་བ།།
མ་མཁས་དགྲ་རུ་འགྱུར་བའི་དཔེ་ཡང་ཡོད།།
འཇིག་རྟེན་གྲོགས་ནི་ཅི་ལྟར་བསྟེན་པ་བཞིན།།
རང་གི་སེམས་ལ་ཡུན་གྱིས་དོགས་ཟོན་མཛོད།།
འདྲེ་ཐོ་ངས།
ལྷ་ནི་རང་སེམས་འདྲེའང་རང་སེམས་ཉིད།།
གྲོགས་ཀྱང་རང་སེམས་དགྲའང་རང་སེམས་ཏེ།།
འཇིགས་ཡུལ་རང་སེམས་སྡང་ས་རང་སེམས་ལགས།།
སྐྱོབ་མཁན་རང་སེམས་བསྐྱབ་ཡུལ་རང་སེམས་སོ།།
བོད་ཡུལ་ལས་འཕྲོ་ལགས་ནས།
རྣམ་དག་རང་གི་སེམས་ནི་གྲོགས་ཡིན་ལ།།
མ་དག་རང་གི་སེམས་ནི་དགྲ་ལོས་ཡིན།།
གང་ལྟར་རང་སེམས་རང་གིས་བརྟག་པ་ནི།།
བསླུ་བ་མེད་པའི་སྐྱབས་སུ་བཞག་ཀྱང་ཆོག།
ཅེས་བོད་ཡུལ་ལས་འཕྲོ་དང་འདྲེ་ཐོ་ཐོ་གཉིས་ནས། ༢༠༡༩-༠༧-༢༧ ལ།
ང་ཚོས་འཛམ་གླིང་འདི་མ་ཤེས། འཛམ་གླིང་འདིས་ཀྱང་ང་ཚོ་མ་ཤེས།
ང་ཚོ་བོད་པ་ཚང་གི་གླུ་བ་གླུ་མ་དེ་ཚོས་སྐད་རིགས་སྣ་ཚོགས་ཤིག་བེད་སྤྱད་དེ། མིང་དེ་འཛམ་པོའི་གླིང་འདིའི་སྟེང་དུ་ཇི་ལྟར་གྲགས་ཐུབ་ན། བོད་ཀྱང་དེ་ལྟར་གྲགས་ཡོང་། དེ་ལྟར་ཤེས་ཡོང་ངེས། བོད་ཀྱི་རིག་གཞུང་དང་གནས་སྟངས་བཅས་རིམ་གྱིས་གསལ་ཡོང་།
སྤྱིར་འཛམ་གླིང་འདིས་ང་ཚོ་བོད་ཟེར་བ་འདི་མ་ཤེས་དང་མ་མཐོང་བར། བོད་རང་གི་ས་དེ་བོད་རང་གིས་སྐྱོང་བཞིན་གནས་ཡོད་ན། ཡག་ཤོས་དང་བཟང་ཤོས་ཤིག་ཡིན་མོད། འོན་ཀྱང་ལོ་མང་བོ་ཞིག་གི་སྔོན་ནས་གཞན་གྱིས་ཤེས་ཚར་རེད། བཟུང་ཚར་རེད། དེ་བས་ད་ནི་གཞན་མི་རིགས་ལ་ང་ཚོའི་གནས་སྟངས་དང་རིག་གཞུང་བཅས་ཤེས་ན་ཤེས་ཤག་ཤག་ཅིག་བྱེད་ཐུབ་རྒྱུ་དེ་ནི་ང་ཚོ་བོད་མི་རེ་རེའི་འོས་འགན་ཞིག་ཡིན་ལ། ལྷག་པར་དུ་གླུ་བ་གླུ་མ་དང་། ཤེས་ཡོན་པའི་སྡེ་ཡིས་དེའི་ཕྱོགས་ལ་ནུས་པ་གང་ཡོད་འདོན་ཐུབ་ན། དགའ་བསུ་དང་རྒྱབ་སྐྱོར་ཡོད་ལགས།
ཐོ་ཐོའི་བསམ་ཚུལ། ༢༠༡༩།༠༧།༢༨ ལ།
དབང་བོ་དང་གད་སྙིག
མིག་གི་ཡུལ་ནས་གཡོལ་ཐབས་མེད་པ་ཡི།།
མཐོང་བར་མི་སྤྲོའི་སྤྱོད་ངན་གང་མང་ཞིག།
རྣ་བའི་དབང་བོས་འགོག་ཐབས་མེད་པ་ཡི།།
ཐོས་པར་མི་སྤྲོའི་ངག་འཆལ་སྣ་ཚོགས་ཤིག།
ཐོ་ཐོས། ༢༠༡༩ །༠༧།༣༧ ལ།
སྨྱོ་ཐོ།
འབྲོག་རྒན་སྨྱོས་པ་ཐེངས་ཤིག་མ་ཡིན་ཏེ།།
རོལ་དབྱངས་དང་ནི་མཛེས་མ་ཡོད་ས་ན།།
འབྲོག་སྨྱོན་ང་ནི་སྨྱོན་པ་མགོ་མེད་ཅིག།
འོན་ཀྱང་ཆང་གིས་སྨྱོས་པ་ཉུང་ཉུང་ཡིན།།
ཐོ་ཐོས་ ༢༠༡༩།༠༨།༠༡ ལ།
ད་ལོའི་ཟས་ཚོང་།
ད་ལོའི་ཚོང་ཡང་འགྲིག་ཐག་ཆོད།།
ད་ལོའི་ལས་ཀར་དཀའ་ལས་ཉུང་།།
འོན་ཀྱང་ཚ་བ་སྔར་ལོ་བཞིན།།
རྔུལ་ཆུའི་ཐིགས་པ་ཁྲོམ་ཁྲོམ་འབབ།།
ད་ལོའི་གནམ་གཤིས་ཆར་དུས་མང་།།
ད་ལོའི་ཚོང་ལྷ་ཆར་ཆུས་བརླན།།
ད་ལོའི་ཉི་མ་སྤྲིན་གསེབ་ན།།
ད་ལོའི་སྐུ་མགྲོན་རང་ཁྱིམ་ན།།
ཆར་འབབ་དུས་དྭངས་དུས་གཉིས་ཀ་ཡོད།།
ཚོང་ཡག་བཙོག་གཉིས་ཀ་གཤིབས་ནས་འགྲོ།།
སེམས་སྐྱིད་སྡུག་གཉིས་ཀས་འཐབ་རེས་བྱེད།།
རྒྱུ་མི་རྟག་རྫ་མགོའི་ཟིལ་བར་བསྒོམས།།
ཐོ་ཐོས། ༢༠༡༩།༠༨།༡༣ ལ།
评论
发表评论