༄༅།། ངའི་ཆུ་ཚོད་འཁོར་ལོ་འདི།
༄༅།། ངའི་ཆུ་ཚོད་འཁོར་ལོ་འདི།
ལོ་ངོ་བཅོ་ལྔའི་སྔོན་གྱི་ལོ་དེའི་ནང་།།
བོད་མི་མང་མང་ཞིག་ནི་བཙོན་ལ་སྦྱར།།
དཔའ་བོ་མང་མང་ཞིག་གི་ཚེ་སྲོག་ཤོར།།
ལོ་དེ་ཉིས་སྟོང་བརྒྱད་ལགས་ཐུགས་ལ་ཉོར།།
ཁ་བའི་ལྗོངས་སུ་མེ་རི་མེད་མོད་ཀྱང་།།
མེ་ལ་བསྲེགས་པའི་དཔའ་བོའི་ཚོགས་ཀྱི་སྐུ།།
མཉམ་དུ་སྤུངས་ཚེ་ཧྥུ་ཅཱི་མེ་རི་ཡི།།
འགྲན་ཟླར་འོས་ཤིང་མེ་ཤུགས་དེ་ལས་ཆེ།།
ལོ་ངོ་བཅོ་ལྔའི་སྔོན་གྱི་ཉིས་སྟོང་བརྒྱད།།
ལོ་ངོ་བཅོ་ལྔའི་རྗེས་ཀྱི་ཉིས་སྟོང་གསུམ།།
དུས་ཀྱི་ཆ་ནས་བར་ཐག་རིང་ནའང་།།
བོད་མིའི་སེམས་ལ་མཚོན་ན་སོར་གང་ཙམ།།
དཔའ་བོ་དཔའ་མོ་མེ་ཡིས་བསྲེགས་པ་དག།
མེ་མདའི་ཁ་ནས་ཚེ་སྲོག་ཤོར་བ་དག།
བཙོན་རའི་ནང་དུ་གདུག་གསོད་བཏང་བ་དག།
ཁྱེད་ཅག་རྣམ་ཤེས་བོད་དུ་བྱོན་ཡོད་དམ།།
སྤྲུལ་བའི་སྐུ་ཞིག་ཡོད་ཚེ་སྲུང་མའི་ཚུལ།།
བོད་ཁམས་འདི་ལ་ཁྱེད་ཚོ་ཕེབས་རོགས་ཞུ།།
འོན་ཀྱང་ཐེངས་འདིར་ཁྱེད་ཚོ་བཞུགས་རོགས་ལགས།།
བསྐལ་བའི་བསྐལ་བར་གདོང་གྲོགས་མཛད་རོགས་གནང་།།
ཁྱེད་ཚོ་ནམ་ཡང་ང་ཚོའི་སེམས་ན་ལགས།།
བསྐལ་བའི་བསྐལ་བར་ཁྱེད་ཚོ་བརྗེད་མི་བྱ།།
རང་ཚུགས་མེད་པའི་སེམས་འདི་བརྟན་ཕྱིར་དུ།།
ཆུ་ཚོད་འཁོར་ལོ་ཉིས་སྟོང་བརྒྱད་ཅན་བཏགས།།
བདེན་པ་གང་གི་དོན་དེ་བསྒྲག་ཕྱིར་རམ།།
འཁྱོག་གཏམ་རྫུན་བཟོའི་ལོ་རྒྱུས་དགག་པའི་ཕྱིར།།
སྐུ་ལུས་མེ་ལ་སྦར་བའི་མྱི་དཔའ་བོ།།
ངེད་ཅག་བོད་པའི་མྱི་ལགས་མཁྱེན་ནམ་ཀྱེ།།
འཚེ་བ་མེད་དང་མི་བྱེད་ཞི་བདེར་འབད།།
དགྲ་ལ་སྡང་ཡང་ཅི་ཐུབ་བཟོད་སྲན་ངང་།།
རང་ཉིད་མེ་ཡིས་བསྲེགས་བཅུག་མེ་དཔུང་དཀྱིལ།།
བོད་ལ་རང་དབང་མཁོ་བའི་བསྒྲགས་གཏམ་སྤེལ།།
གང་ཞིག་འགྲུབ་ན་སྙམ་པ་གྲུབ་པའི་ཕྱིར།།
གང་ཞིག་བསྒྲུབ་ན་འདོད་པ་བསྒྲུབ་ནུས་ཕྱིར།།
བློ་ཡིས་ཡིད་ཆེས་ཡོད་སར་གསོལ་འདེབས་དང་།།
སྨོན་ལམ་རྩེ་གཅིག་བརྒྱབ་པས་ཕན་ཤོག་ཀྱེ།།
ཐོ་ཐོས། 30.05.2023
评论
发表评论