博文

目前显示的是 三月, 2024的博文

༄༅།། ཡུལ་ལྷ་གཞི་བདག་བདེའམ།

  ༄༅།།     ཡུལ་ལྷ་གཞི་བདག་བདེའམ། རྫ་རི་དང་ནགས་རིར་འགྲིམ་སྐབས།། ཆུང་ཆུང་བྱིས་པ་ཡིན་དུས།། ནགས་མགོའི་ལུག་བལ་འཐུ་ཞོར།། ཟོག་ལུག་འཚོས་པ་དྲན་བྱུང་།། བརྙན་མིག་ནང་གི་ཡུལ་ཁམས།། ཆུང་དུས་རུས་པ་བཏུ་སའི།། རྨ་ཡུལ་ཐང་ཆེན་དེ་མིན།། སུད་སིའི་ཡུལ་ལྗོངས་ཡིན་འདུག། གངས་རིའི་ར་བས་བསྐོར་པའི།། ཁ་བ་བོད་མིའི་ལུང་པའི།། རྫ་རི་ནགས་རི་དེ་ཚོའི།། ཡུལ་ལྷ་གཞི་བདག་བདེའམ།། ཆུང་དུས་ལྟེ་ཁྲག་འདོར་སའི།། སྐྱེ་ས་སྐྱེ་ལྷའི་གནས་སྟངས།། མ་ཐོས་ཡུན་རིང་འགྱངས་སོང་།། ད་ལོ་འགྲོ་ནི་ཐུབ་བམ།། དྲིན་ཅན་ཕ་མ་འགྲོ་ཚར།། མ་ཤི་གསོན་བྲལ་མིན་པས།། སོང་ཡང་མཇལ་རྒྱུ་མི་འདུག། མཇལ་ས་ཕྱི་མའི་ཡུལ་ཡིན།། རྩོམ་མཁན། ཐོ་ཐོ། 09.02.2024

༼ ཐོ་ཐོའི་དེང་སང་གི་སེམས་ཁམས།༽

图片
 ༼ ཐོ་ཐོའི་དེང་སང་གི་སེམས་ཁམས།༽ སྐྱེས་ནས་རྒས་ཤིང་མཐའ་མར་འཆི་བའམ།། ཤི་ནས་གང་རུང་འབྱུང་བར་འཐིམ་པའི་རྡུལ།། སྐྱེ་འཇིག་མི་རྟག་བར་དུ་སྐད་ཅིག་ཙམ།། གནས་པར་ཤིན་ཏུ་སྲེད་པ་སྡུག་བསྔལ་རྒྱུ།། ཡོད་ཀྱང་མེད་པར་སྣང་བའི་སེམས་འཛིན་དང་།། མེད་ཀྱང་འབྱུང་དུ་སྲིད་པའི་སྣང་ཚུལ་གྱིས།། འཇིག་རྟེན་བྱ་གཞག་ཡག་བཙོག་སྐྱིད་སྡུག་བཅས།། ངོས་ལེན་གནང་བ་སེམས་ཁམས་བདེ་བའི་རྒྱུ།། མཁས་ཀྱང་གཞན་གྱིས་མཁས་པར་མི་འདོད་པ།། བླུན་ཡང་གཞན་གྱིས་བླུན་པོར་མི་མཐོང་བ།། སེམས་ལ་འཆར་ཚུལ་ངག་ནས་བརྗོད་སྟངས་ཙམ།། ཐ་སྙད་ཡག་བཙོག་མིང་ལ་སྦྱར་བ་ཙམ།། མི་སེམས་འགལ་ཟླར་བཟོ་བའི་ཐ་སྙད་དག། མཁས་བླུན་དབུལ་ཕྱུག་སྡར་མ་དཔའ་བོ་བཅས།། དེ་བཞིན་རྒྱལ་ཁབ་རིགས་རྒྱུད་ཆོས་རྒྱུད་བཅས།། མིའི་ཡུལ་དམག་འཁྲུག་སློང་བའི་རྒྱུ་གཙོ་བོ།། དམག་འཁྲུག་མེད་ཚེ་རྒྱལ་ཁབ་མེད་ཀྱང་ཆོག། དྲག་གནོན་མེད་ཚེ་རིགས་རུས་མེད་ཀྱང་ཆོག། འགྲོ་བ་སེམས་ཅན་ཡོངས་དག་འདྲ་མཉམ་ངང་།། གོ་ལའི་འབངས་ལ་བསམས་ཤིང་གནས་པར་ཤོག། རྩོམ་མཁན། ཐོ་ཐོ། ༠༨-༠༢-༢༠༢༤